ཀརྨ་མི་བསྐྱོད་རྡོ་རྗེ།
བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བླ་མ་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །
ཁྱད་པར་དུའང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཞབས་སོགས་མཆོག་གི་དཔལ་ལྡན་བླ་མ་དམ་པ་དག་གི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། ། བྱིན་གྱིས་རླབས་ཏུ་གསོལ།
དགེ་ལེགས་ཟད་མེད་ཀྱིས་བསྒྲུབས་པའི། །
ཚོགས་གཉིས་རྫོགས་པའི་དཔལ་ཡོན་ཅན། །
མཚུངས་མེད་རྒྱལ་བ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །
མི་ཟད་རྒྱན་འཁོར་བཀོད་པ་ཡིས། །
གདུལ་འོས་རྗེས་འཛིན་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
འཇིག་རྟེན་མཐའ་ཀླས་འདྲེན་པའི་ཐབས། །
ལེགས་བྱས་ལམ་ཀུན་གསལ་འདོམས་ཏེ། །
འགྲོ་བ་ཀུན་སྒྲོལ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱིས། །
ཀུན་ཏུ་བཟང་པོར་སྤེལ་བ་པོ། །
སྒྲིབ་ཀུན་སེལ་བ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
འགྲོ་བའི་མ་ལུས་ཐམས་ཅད་ཀྱི། །
གླིང་དང་དཔུང་གཉེན་རྩ་ལག་མཆོག །
འཇིག་རྟེན་འདྲེན་པ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཐེག་མཆོག་ལམ་འབྲས་མཐར་ཕྱིན་ཏེ། །
ཆོས་དབྱིངས་མཉམ་པར་ཞུགས་གྱུར་ནས། །
འཁྲུལ་མེད་ལམ་སྟོན་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
བདེ་གཤེགས་སྙིང་པོ་མངོན་གྱུར་ནས། །
གློ་བུར་དྲི་མ་སེལ་མཛད་དེ། །
བྱང་ཆུབ་དྲི་བྲལ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་གུས་འཚལ། །
ཟག་བཅས་ཟག་མེད་ཡོན་ཏན་ཀུན། །
རང་གིས་བརྙེས་ཤིང་འགྲོ་རྣམས་ལ། །
བརྩེ་བས་སྦྱིན་པའི་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཆོས་རྣམས་ཀུན་གྱི་གནས་སྣང་ལ། །
དབང་བསྒྱུར་ཆོས་ཀྱི་རྒྱལ་བོ་ཆེ། །
དམ་ཆོས་སྲིད་སྐྱོང་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཁྱོད་ཀྱི་མཛད་པ་ཐམས་ཅད་ཀྱང་། །
རྒྱལ་བ་ཀུན་དང་མཉམ་ཉིད་པས། །
སངས་རྒྱས་རོ་གཅིག་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
དགེ་དང་མི་དགེའི་ལས་རྣམས་ཀུན། །
རང་རང་གཤིས་ལྟར་མི་བསླུ་བའི། །
རྟེན་འབྱུང་འཆད་པ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
འགྲོ་བ་ཀུན་ལ་ཡོད་པ་ནི། །
གཤེགས་སྙིང་དགེ་བ་མཆོག་ཉིད་དུ། །
སྟོན་པའི་བཤེས་གཉེན་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཆོས་དབྱིངས་བྱས་དང་མི་བྱས་ཀྱི། །
རབ་ཏུ་དབེན་པའི་འདུས་མ་བྱས། །
གང་དེ་གསལ་བྱེད་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
རྫུན་དང་བསླུ་ཆོས་ཐམས་ཅད་ཀྱིས། །
གདོད་ནས་བསླུ་བར་མི་ནུས་པ། །
གདོད་ནས་རྟག་བརྟན་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
སྒྲིབ་ཀུན་བྲལ་བའི་དོན་དམ་པའི། །
ཆོས་དང་གང་ཟག་རོ་གཅིག་པར། །
ཕྱེ་བསལ་སྤངས་པའི་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
སྐད་ཅིག་ལ་སོགས་དུས་ཀྱི་ཆོས། །
འགྱུར་མེད་དང་པོའི་སངས་རྒྱས་མཆོག །
དུས་ཀྱི་འཁོར་ལོ་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
གདོད་ནས་རྡོ་རྗེ་འཇིགས་བྱེད་རྣམས། །
འདུས་མ་བྱས་པར་དྲག་ཁྲོས་ཏེ། །
ལྟ་ངན་འཇོམས་བྱེད་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
སངས་རྒྱས་ཀུན་གྱི་གསང་བ་ཆེ། །
འཛིན་མཛད་མགོན་པོ་འབྲི་ཁུང་པའི། །
དགོངས་གཅིག་རྒྱས་མཛད་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ལི་ཙ་བཱི་དང་ཀླུ་ཞབས་ཀྱི། །
བཞེད་དགོངས་འཁོར་ལོ་བར་མཐའ་དོན། །
འགལ་མེད་རིང་ལུགས་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཁྱོད་ཀྱིས་རྣམ་རྟོག་ཆོས་ཀྱི་སྐུ། །
བཀག་ནས་དཔལ་ལྡན་སྒམ་པོ་པའི། །
དགོངས་པ་སྐོང་གྱུར་ཇོ་ནང་པའི། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
རྫུན་ཙམ་དངོས་ལ་དོན་དམ་ཆོས། །
རྟག་གནས་རྣམ་རྟོག་ཆོས་ཀྱི་སྐུར། །
ཡེ་བཞུགས་འགྱུར་མེད་ཇོ་ནང་པ། །
ཀུན་མཁྱེན་ཆེན་པོར་ཕྱག་འཚལ་ལོ། །
ཁྱོད་ཀྱི་བདེན་གཉིས་ཡེ་ནས་སྤང་བླང་དང་བྲལ་བར། །
མཉམ་པ་ཉིད་དུ་ཐུགས་སུ་ཆུད་ནས་བདེན་པ་གཉིས། །
སྤང་བླང་མ་འདྲེས་འབྱེད་པས་རྣམ་རྟོག་ཆོས་ཀྱི་སྐུར། །
ཐ་མལ་ཡེ་ཤེས་ཕྱག་བརྒྱ་ཆེ་ལ་རོལ་བ་ནི། །
དཔལ་ལྡན་སྒམ་པོ་པ་ཉིད་དུས་དེར་བྱོན་པ་སྙམ། །
འདི་ལྟའི་རྣམ་ཐར་མཐོང་ནས་མགོན་ཁྱོད་ལ། །
འཕྲོག་ཏུ་མེད་པའི་དད་པ་སྐྱེས་པ་ནས། །
སྒོ་གསུམ་འདུད་པར་རབ་ཏུ་ཕྱག་འཚལ་དགེ །
ཅི་བསགས་གང་དེས་ཀུན་མཁྱེན་ཇོ་ནང་པ། །
བཞེད་པའི་ངེས་དོན་དམ་པའི་ཆོས་ཀྱིས་ཚུལ། །
དྭངས་བརྒྱུད་བསྟན་པ་འཕེལ་བའི་རྐྱེན་ཉིད་དུ། །
མེ་ཆེན་རླུང་གིས་སྦར་ལྟར་འཕེལ་ཕྱིར་བསྔོ། །
ཞེས་བྱ་བ་འདི་ནི་དཔལ་ཙཱ་རི་ཏྲའི་རི་སུལ་འདོད་པའི་ལྷ་ཐམས་ཅད་དུས་དང་དུས་སུ་དགེ་བར་རྒྱུའི་དབེན་ནས་སུ། ཀརྨ་པའི་མཚན་གྱི་ཅེས་པར་བསྐྱབ་གསལ། མིང་གཞན་མི་བསྐྱོད་རྡོ་རྗེས་སྦྱར་བའོ། །
ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།