རིགས་རང་བཞིན་བརྗོད་པ། ༡
ཆོས་དང་ཆོས་ཉིད་ཡིན་ལུགས་ལག་མཐིལ་དུ། །
སྐྱུ་རུའི་འབྲས་བུ་བཞག་ལྟར་མཆོག་གཟིགས་པའི། །
མ་འབད་ཀུན་གྱིས་ཀུན་མཁྱེན་ཞེས་བསྒྲགས་པའི། །
ངེས་དོན་རྒྱལ་མཚན་བསྒྲེངས་མཁས་ཁྱེད་མིན་སུ། །
ཡོན་ཏན་རང་བཞིན་བརྗོད་པ། ༢
མཐོང་དང་ཐོས་དྲན་ཙམ་གྱིས་འགྲོ་ཀུན་གྱིས། །
ནད་གདོན་བགེགས་སེལ་མ་ལུས་ཀུན་ཞི་ཞིང་། །
གསུང་གཅིག་རེ་རེའི་འགྲོ་ཀུན་འདྲེན་མཛད་པའི། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བྱ་བ་རང་བཞིན་བརྗོད་པ། ༣
གསུང་དབྱངས་རེ་ལ་རྒྱལ་བའི་དགོངས་པ་གསལ། །
བར་ཐ་གསུམ་གྱི་དྲང་ངེས་ལེགས་པར་ཕྱེས། །
བྱང་ཆུབ་སེམས་དང་སྐད་ཅིག་འབྲལ་མེད་པའི། །
ཆོས་རྗེ་ཀུན་མཁྱེན་ཨེ་མ་ངོ་མཚར་རྨད། །
རྫས་རང་བཞིན་བརྗོད་པ། ༤
གཞོན་ནུ་བྱང་ཆུབ་སེམས་དཔའི་སྐུ་ལུས་ཅན། །
མཚན་དང་དཔེ་བྱད་སྙིང་པོ་ཆེར་གསལ་བ། །
ཡན་ལག་དྲུག་ཅུ་རྩ་བཞིའི་ལེགས་སྤྲས་པའི། །
ཤེས་རབ་རྒྱལ་མཚན་མཆོག་ལ་སྙིང་ནས་འདུད། །
ཆོས་དཔེ། ༡
རྒྱལ་བའི་གསུང་རབ་རྒྱ་མཚོའི་དོན་གཟིགས་ནས། །
གདུལ་བྱ་རྣམས་ལ་བློ་འཚམ་འཆད་མཁས་པའི། །
ངེས་དོན་རྒྱལ་སྲས་ཤེས་རབ་རྒྱལ་མཚན་ནི། །
གདུལ་བྱ་རྣམས་ལ་སངས་རྒྱས་ལྟར་དུ་བཞུགས།།
དངོས་དཔེ། ༢
འདུས་སྡེ་རབ་བྱུང་དབུས་ན་ལྷང་ངེར་བའི། །
བླ་མའི་སྐུ་འོད་ལྷ་ལམ་ཉ་གང་མཚུངས། །
ལས་ཅན་གདུལ་བྱ་དག་ལ་སྙིང་པོའི་དོན། །
བསྟན་ཚུལ་ངེས་པར་ཤཱཀྱའི་རྗེས་སུ་འགྲོ། །
བཟློག་དཔེ། ༣
ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་དག་གིས། །
འགྲོ་བའི་མུན་པ་མཐའ་དག་སེལ་བ་བཞིན། །
རྟ་བདུན་དྲང་བའི་ཉིན་བྱེད་དབང་པོ་ཡིས། །
གསེར་མདོག་འཚེར་བའི་འཇིག་རྟེན་ཡིད་འོང་བྱེད། །
ཕན་ཚུན་དཔེ། ༤
ཚུལ་ལྡན་ཀུན་མཁྱེན་ཆེན་པོའི་བཞིན་རས་ལྟར། །
འདབ་བརྒྱད་བཀྲ་བའི་མེ་ཏོག་སྙིང་དུ་སྡུག །
སྦྲང་རྩི་ལྡན་པའི་པདྨ་འདི་བཞིན་དུ། །
སྐལ་ལྡན་དག་ལ་ཁྱོད་ཞལ་ཡིད་རབ་འཕྲོག །
ངེས་པའི་དཔེ། ༥
འཁོར་ལོ་ཐ་མའི་དགོངས་པ་ལེགས་འགྲེལ་བའི། །
ཁྱེད་ཀྱི་གསུང་རབ་ངེས་དོན་རྒྱ་མཚོ་ནི། །
རྒྱལ་བའི་རྒྱལ་ཚབ་ས་བཅུ་མི་ཕམ་པས། །
མདོ་སྔགས་མཚམས་སྦྱོར་རྒྱུད་བླ་ཁོ་ནས་འགྲན། །
ངེས་མེད་ཀྱི་དཔེ། ༦
མི་འཇིགས་སེང་གེའི་ཁྲི་འཕང་མཐོན་པོ་ནས། །
གདོང་ལྔའི་ང་རོའི་གད་རྒྱངས་སྒྲ་སྒྲོགས་པ། །
རིགས་ལྡན་པད་དཀར་རྣམས་དང་མཚུངས་ན་ཡང་། །
ད་དུང་དེ་འདྲ་ཡོད་ན་དཔེ་ཟླར་རིགས། །
བསྡུས་པའི་དཔེ། ༧
ཆོས་རྗེ་ཁྱེད་དང་རྒྱལ་བའི་དབང་པོ་གཉིས། །
སེམས་ཅན་དོན་སྒྲུབ་ཁོ་ནས་མཚུངས་མིན་ཏེ། །
རྒྱལ་བའི་གསུངས་བའི་འཁོར་ལོ་ཐ་མ་ཡི། །
དགོངས་པ་ལེགས་པར་འཆད་པ་འདི་ཡིས་ཀྱང་། །
ཕུལ་བྱུང་གི་དཔེ། ༨
རྒྱལ་བའི་མཚན་ཅན་ཀ་ཡོའི་གནས་སུ་བལྟམས། །
འཕགས་པ་ཐོགས་མེད་རྒྱ་གར་ཡུལ་དུ་སྟེ། །
དེ་ཙམ་ལས་གཞན་ཁྱད་པར་འདི་འོ་ཞེས། །
སོ་སྐྱེས་མིག་གི་ལྟར་ནང་མངོན་དུ་མེད། །
རབ་བཏགས་ཀྱི་དཔེ། ༩
ཀུན་མཁྱེན་ཆེན་པོའི་བཞིན་དཔལ་ང་ཉིད་ལ། །
ཡོད་ཅེས་བརྒྱ་བྱིན་གཞུ་ཡིས་སྙེམ་མ་བྱེད། །
དར་དུར་སྒྲོགས་པའི་རྐང་དྲུག་ཚང་དབུས་ཀྱི། །
འདབ་ལྡན་པདྨ་ལ་ཡང་ཡོད་ཕྱིར་རོ། །
རྨད་བྱུང་གི་དཔེ། ༡༠
ཐུབ་པའི་ལེགས་གསུང་འདུལ་ལུང་སྡེ་བཞི་ཡི། །
དགོངས་དོན་གཅིག་ལའང་འགལ་མེད་ལེགས་སྲུང་བའི། །
ངེས་དོན་རྒྱལ་བསྟན་འཛིན་ལ་ཆེས་མཁས་པའི། །
ཐུབ་བསྟན་གངས་རིར་འཛམ་གླིང་རྒྱན་དུ་བཞུགས། །
རྨོངས་དཔེ། ༡༡
ཨེ་ཝཾ་སྒྲ་སྒྲོགས་འཇིག་སྟེན་ཡོངས་ཁྱབ་ནས། །
བཀྲ་ཤིས་དཔལ་འབྱོར་མ་ལུས་མཆོག་རྒྱས་པས། །
མི་མཇེད་འཇིག་རྟེན་བདག་པོ་ཟས་གཙང་སྲས། །
སླར་ཡང་བྱོན་སམ་བདག་ཡིད་དལ་ཅིག་གཡེང་། །
ཐེ་ཙོམ་གྱི་དཔེ། ༡༢
གདོང་ལྔའི་བཏེགས་པའི་ཁྲི་འཕང་མཐོན་པོའི་སྟེང་། །
འོད་ཟེར་སྟོང་ལྡན་རྣམ་ལྔ་འཕྲོ་བ་འདི། །
ནོར་བུའི་འོད་དམ་ཚུལ་ཁྲིམས་ལེགས་བརྒྱན་པའི། །
དགེ་སློང་རིགས་ལྡན་བླ་མའི་སྐུ་འོད་འཕྲོ། །
གཏན་འབེབས་ཀྱི་དཔེ། ། ༡༣
ལྔ་བདོའི་དུས་ཀྱི་སེམས་ཅན་གཅིག་དོན་ཡང་། །
བསྐལ་བར་གནས་པའི་སྙིང་སྟོབས་ཟླ་མེད་པའི་། །
འཇིག་རྟེན་དབང་ཕྱུག་མགོན་དང་འཁྲུལ་ན་ཡང་། །
དོལ་པོ་མཚན་ཕྱིར་ཆོས་རྗེ་ཡིན་པར་ངེས། །
སྦྱར་བའི་དཔེ། ༡༤
ཚེ་རབས་དུ་མར་ཚུལ་ཁྲིམས་དྲི་བསུང་འཐུལ། །
ཐོས་དོན་རྒྱུད་ལ་འབྱོར་བའི་ངང་ཚུལ་ཅན། །
གདུལ་བྱའི་བསོད་ནམས་དཔལ་དུ་ཤར་བའི་ཁྱེད། །
འཇིག་རྟེན་དབང་ཕྱུག་མགོན་དང་ལན་བརྒྱར་འགྲན། །
མཉམ་ཉིད་ཀྱི་དཔེ། ༡༥
སྲིད་ན་འགྲན་མེད་ཆོས་རྗེ་ཀུན་མཁྱེན་ཁྱོད། །
དྲང་ངེས་ལེགས་འབྱེད་ཀླུ་སྒྲུབ་རྗེས་འགྲོ་སྟེ། །
རྒྱལ་བའི་དགོངས་དོན་མ་ནོར་ཚུལ་ཇི་བཞིན། །
ལུང་རིགས་གདོང་ལྔའི་ང་རོ་བསྒྲགས་པས་སོ། །
སྨད་པའི་དཔེ། ༡༦
ཞི་གནས་སེམས་བདེ་འདྲེན་ཡང་གཟུགས་མེད་རྒྱུ། །
ལྷག་མཐོང་དཔྱད་སྟོབས་ཆེ་ཡང་འཛིན་དང་བཅས། །
དེས་ཕྱིར་བྱང་ཆུབ་སེམས་དང་འབྲལ་མེད་པའི། །
གནས་ལུགས་རྟོགས་འདི་གཞལ་བར་ག་ལ་ནུས། །
བསྔགས་པའི་དཔེ། ༡༧
ཕ་མཐའ་གཞལ་བར་དཀའ་བའི་མཁའ་ལམ་དང་། །
གཏིང་མཐའ་གཞལ་དུ་མེད་པའི་ཆུ་གཏེར་གཉིས། །
སུས་ཀྱང་འདི་ཞེས་ཚད་གཟུང་མེད་པ་ལྟར། །
ངེས་དོན་རྒྱ་མཚོའི་དགོངས་དོན་དེ་ལྟར་ངེས། །
བརྗོད་འདོད་གྱི་དཔེ། ༡༨
རྒྱལ་བའི་ཆོས་ཚུལ་འཛིན་ལ་མཁས་པ་ཡི། །
གང་གིས་སེམས་ཅན་སྨོན་ལམ་གང་བཏབ་པ། །
འཇིག་རྟེན་དབང་ཕྱུག་ཉིད་དང་མཚུངས་ཞེས་འདི། །
སྨྲ་འདོད་བདག་གི་སེམས་པ་སུ་ཡིས་འགོག །
འགལ་དཔེ། ༡༩
ཐུགས་རྗེའི་པད་དཀར་གྲུ་འཛིན་བདག་པོ་དང་། །
བསྟན་པའི་སྙིང་པོ་གསལ་མཛད་པད་འབྱུང་ཞབས། །
རིགས་བརྒྱའི་དབང་ཕྱུག་ཁོང་དང་སྣང་ཚུལ་ལས། །
གཅིག་དུ་སྨྲ་བ་བདག་གི་ངག་དུ་ཐལ། །
དགག་དཔེ༢༠
འདོད་ཡོན་ཡོངས་རྫོགས་ཚངས་པ་བརྒྱ་བྱིན་དང་། །
རྒྱལ་དང་སྲས་བཅས་བསྔགས་ཡུལ་ཆོས་རྗེ་གཉིས། །
གནས་སྐབས་བདེ་སྐྱིད་རྫོགས་ལ་འགྲན་མེད་ཡང་། །
གཏན་གྱི་བདེ་སྐྱིད་འགྲན་པ་ཡོད་རེ་སྐན། །
ངོ་བསྟོད་ཀྱི་དཔེ། ༢༡
རྒྱལ་བ་ལ་ནི་ཀུན་མཁྱེན་མིང་གིས་འབོད། །
ཆོས་རྗེ་ཁོང་ལ་ཀུན་མཁྱེན་དོན་དང་ལྡན། །
དེས་ཕྱིར་གང་ཞིག་ཉིད་ནི་སངས་རྒྱས་དང་། །
ཅིག་ཤོས་སེམས་ཅན་ཁྱད་པར་སུ་ཡིས་འབྱེད། །
དེ་ཉིད་བརྗོད་པའི་དཔེ། ༢༢
ལྷུན་སྟུག་གངས་རི་འདྲ་བའི་གཟི་བྱིན་ཅན། །
སྔོན་སངས་རྒྱས་ཀྱང་ངེས་དོན་སླར་སྤེལ་དུ། །
རྒྱལ་སྲས་བཅུ་བ་དབང་ཕྱུག་ཚུལ་འཛིན་པ། །
བྱང་ཆུབ་སེམས་ཀྱི་ཀུ་མུད་བཞད་པ་ལགས། །
ཐུན་མོང་མིན་པའི་དཔེ། ༢༣
ཁྱེད་ཀྱི་སྐུ་ལ་བཀྲ་བའི་དཔེ་བྱད་དང་། །
མཚན་བཟང་སོ་གཉིས་མཛེས་སྡུག་གང་དེ་ནི། །
དཔྱིད་ཀྱི་དཔལ་ཡོན་ཀྱིས་ཀྱང་འགྲན་མིན་ན། །
དེ་ཡིས་དཔེ་ལ་རང་ཉིད་ལས་མ་དམིགས། །
བྱུང་མིན་གྱི་དཔེ། ༢༤
རྒྱལ་བ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས། །
ཤེས་རབ་བསྩལ་བའི་ཤར་བའི་མདོ་ཡི་དོན། །
གཞན་མིན་རང་སྟོབས་བློ་གྲོས་འགྲེལ་བ་ཡིས། །
ཤེས་རབ་ཀུན་མངའི་ཚུལ་ཅན་ཤིང་ལྟར་འདུད། །
སྲིད་མིན་གྱི་དཔེ། ༢༥
འདབ་བརྒྱད་བཀྲ་བའི་མཛེས་ལྡན་མེ་ཏོག་ནི། །
མི་གཙང་རྫབ་ལས་སྐྱེས་ཀྱང་གོས་མིན་ལྟར། །
འདོད་དང་བྲལ་བའི་རྒྱལ་སྲས་གཞོན་ནུའི་སྐུ། །
མངལ་ལས་སྐྱེས་ཀྱང་མངལ་སྒྲིབ་གོས་མི་སྲིད། །
མང་བའི་དཔེ། ༢༦
མཛད་པ་དང་པོ་ལ་གནས་བྱམས་པ་དང་། །
དྲས་ངེས་ལེགས་འབྱེད་ཀླུ་སྒྲུབ་ཐོགས་མེད་ཀྱི། །
ལྟ་བ་ལེགས་འབྱེད་བྱམས་ཆོས་སྟོད་སྡེ་བཞིན། །
གངས་རིའི་ལྗོངས་འདིར་ལྟ་བ་ཤན་འབྱེད་འཁྲུངས། །
རྣམ་འགྱུར་གྱི་དཔེ། ༢༧
མི་མཇེད་འཇིག་རྟེན་འཇའ་འོད་གུར་ཁྱིམ་དུ། །
དཔལ་ལྡན་བླ་མའི་སྐུ་ཡི་གཟི་འོད་ནི། །
འཇིག་རྟེན་དབང་བསྒྱུར་ཚངས་པའི་སྤྱི་བོའི་བརྒྱན། །
རབ་འབར་ནོར་བུའི་འོད་དང་མཚུངས་པ་ལགས། །
ཕྲེང་དཔེ། ༢༨
རྟ་བདུན་འཇིག་རྟེན་མུན་པ་རབ་བསལ་དང་། །
གདོང་ལྔའི་ང་རོའི་གཞན་རྣམས་ཟིལ་གནོན་དང་། །
སྟོང་གསུམ་ཀུན་ཁྱབ་འབྲུག་གི་སྒྲ་བཞིན་དུ། །
ངེས་དོན་རྒྱ་མཚོའི་ང་རོའི་མུན་པ་འཇོམས། །
བཞིན་སྒྲ་དུ་མའི་དཔེ། ༢༩
ཕར་ཕྱིན་མདོ་ལུགས་མན་ངག་ཁྱད་འཕགས་དང་། །
བདེན་གཉིས་གསལ་དང་ངེས་དོན་རྒྱ་མཚོ་རྣམས། །
མུན་འཇོམས་རྟ་བདུན་ཟླ་འོད་རབ་འབར་དང་། །
འབྲས་འབྱིན་དཔག་བསམ་ཤིང་དང་མཚུངས་པ་ལགས། །
བཞིན་སྒྲ་དུ་མའི་དཔེ།༣༠
མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཀྲ་བ་བཞིན། །
དམ་པ་གང་ལ་མཚན་དང་དཔྱེ་བྱད་བརྒྱན། །
བུང་བའི་མགྲིན་སྒྲ་རྒྱུད་མང་སྙན་པ་ལྟར། །
ཡལ་ལག་དྲུག་ཅུའི་དབྱངས་ལྡན་རྣ་བའི་དཔྱིད། །
མཚུངས་སྦྱོར་གྱི་དཔེ། ༣༡
རྟགས་བརྒྱད་མངའ་བའི་འཁོར་བསྒྱུར་ང་ལས་ནུ། །
འདོད་དང་གཟུགས་ཁམས་ཀུན་ཀྱི་གཡུལ་ལས་རྒྱལ། །
ཤེས་རབ་སྤྱན་ལྔ་བཀྲ་བའི་དམ་པ་གང་། །
རྣམ་དག་བདུད་བཞིའི་གཡུལ་རྒྱལ་མཚན་དུ་འཆང་། །
རྒྱུའི་དཔེ། ༣༢
སེམས་ཅན་འདྲེན་ལ་དཔའ་བའི་སྐྱེས་བུ་གང་། །
འགྲོ་ལ་གཅིག་ཏུ་བརྩེ་བའི་མ་མ་ལགས། །
དེ་ཡིས་རྒྱལ་བའི་དགོངས་དོན་ལེགས་བསྩལ་བས། །
ས་གསུམ་འགྲོ་བའི་མུན་པ་རིང་དུ་ཡལ། །
དཔལ་འཛམ་ཐང་དགོན་དུ་རབ་རྒྱན་ས་ཕག་ལོའི་ཟླ་༡༠ཚེས་༥ ལ་བྲིས་པ་དགེ།
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།