གནས་མཆོག་རྡོ་རྗེ་གདན་དུ་དཔལ་ཇོ་ནང་པའི་སྐབས་བཅུ་དྲུག་པའི་སྨོན་ལམ་ཆེན་མོ་དབུ་འཛུགས་སྐབས་ཀྱི་གནས་ཚུལ་ཆེ་ཁག

རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་མདུན།།

སྤྲུལ་བའི་སྐྱེས་མཆོག་རྔམ་བརྗིད་ཁྲི་ལ་བསྐོས།། 

དཔལ་ལྡན་ཇོ་ནང་པ་ཡིའི་བསྟན་པའི་རྒྱུན།།

ཆུ་མོ་གང་གཱའི་རྒྱུན་དང་མཚུངས་བར་ཤོག། 

འདི་ལོར་ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་ཞི་བར་གཤེགས་ནས་ལོ་ ༦༦༠ འགོར་བའི་དུས་དྲན་དང་སྟབས་བསྟུན། ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་གི་གོ་སྒྲིག་འོག ཁང་སང་ཕྱི་ཚེས་  ༡༩ ཉིན་ནས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ལྷོ་ཕྱོགས་སུ་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཐོག་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ་དང་། དགེ་བའི་བཤེས་གཉེན་རྣམས་གཙོས་རྡོ་རྗེ་གདན་དུ་ཆོས་ཞུ་བར་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་བཅས་འཛོམས་ཐོག་ནས། ༧དཔལ་རྒྱལ་བ་ཇོ་ནང་པའི་སྐབས་བཅུ་དྲུག་པའི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་།  སྨོན་ལམ་ཆེན་མོ་དེ་ཉིད་ཀྱི་སྐབས་སུ་ཤེས་རབ་སྙིང་པོ་དང་བར་ཆད་ལམ་སེལ།  ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་སྔོན་འགྲོ    སྒྲོལ་ཆོག  ལྟུང་བཤགས། བླ་མ་མཆོད་པ།  འཇམ་དཔལ་མཚན་བརྗོད།  བཟང་སྤྱོད་སྨོན་ལམ།  འཕྲིན་བཅོལ། ཀུན་མཁྱེན་ཚོགས་མཆོད།  རིས་མེད་བསྟན་རྒྱས་སྨོན་ལམ།  སྨོན་ལམ་རྒྱལ་བ་རྒྱ་མཚོ། དུས་འཁོར་སྨོན་ལམ། ༧གོང་ས་ཐམས་ཅད་མཁྱེན་པའི་གསུང་ཇོ་ནང་བསྟན་རྒྱས་སྨོན་ལམ། བསྟན་འབར་མ་བཅས་གསུང་གནང་མཛད་བཞིན་པ་མ་ཟད། མཆོག་སྤྲུལ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་དང་། མཆོས་སྤྲུལ་ཀུན་དགའ་ངེས་དོན་རྒྱ་མཚོ་རྣམ་གཉིས་ལ་ཁྲི་འདོད་གྱི་མཛད་རིམ་ཞིག་ཀྱང་ཡོད་པ་རེད་འདུག་ལ། སྨོན་ལམ་ཆེན་མོ་དེ་ཉིད་ཕྱི་ཚེས་ ༡༩ ནས་ ༢༢ བར་ཉིན་གྲངས་བཞིའི་རིང་འཚོག་གིན་ཡོད་པ་དང་ཉིན་བཞི་བར་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་གནང་གི་བཀའ་དབང་སྩལ་གཏན་འཁེལ་ཡོད་འདུག

ཉིན་དང་པོ། 

དཔལ་རྒྱལ་བ་ཇོ་ནང་པའི་རྫོགས་ལྡན་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་བཅུ་དྲུག་པ་དབུ་འཛུགས་གནང་བ།

དེ་རིང་དེ་ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༩  ཉིན་ནས་ཚེས་༢༢ བར་ཉིན་གསུམ་རིང་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་དབུས་བཞུགས་གཙོས། དགོན་སྡེ་ཁག་ནས་ཕེབས་པའི་མཁན་པོ་ལས་ཐོག་ལས་ཟུར་རྣམ་པ་དང་བླ་སྤྲུལ་རྣམ་པ། དགེ་བའི་བཤེས་གཉེན་རྣམ་པ། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་༡༡༠༠ ལྷག་བཅས་ལྷན་འཛོམས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་བ་མ་ཟད། དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཇོ་ནང་གྲུབ་ཆེན་ཀུན་དགའ་བློ་གྲོས་ཀྱི་ཡང་སྲིད་ཡབ་༧སྐྱབས་རྗེ་སྟང་རིན་པོ་ཆེ་གཞི་སྤྲུལ་ཆོས་ཉིད་རང་ཤར་མཆོག་དང་། ཡུམ་འབྲུག་བཟའ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་མཆོག་སྤྲུལ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་ངེས་དོན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ཁྲི་འདོན་མངའ་གསོལ་བྱས།  

རྡོ་རྗེ་སློབ་དཔོན་མཆོག་ནས་སྤྲུལ་སྐུ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམས་ངོ་སྤྲོད་གནང་བ་དང། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།  ༧སྐྱབས་རྗེ་གཞི་སྤྲུལ་ཆོས་ཉིད་རང་ཤར་རིན་པོ་ཆེ་མཆོག འབྲུག་ཡུལ་ཆོས་སྡེ་སྤུངས་གྲྭ་ཚང། འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་ཚོགས། ལྷ་མོ་རིག་བྱེད་དབང་སོའི་ཟོས་སོགས། ཇོ་ནང་སིམ་ལ་མ་དགོན་རྟག་བརྟན་ཕུན་ཚོགས་གླིང༌། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། རྒྱལ་སྤྱིའི་ངོ་ནང་འགྲོ་ལྷན་ཚོགས་དང་ཐེབས་རྩ་ཁང་། རྡོང་གདན་ཇོ་ནང་སྨོན་ལམ་ཚོགས་སོགས་ཀྱིས་མཎྜལ་རྟེན་གསུམ་ཕུལ། 

ཉིན་གཉིས་པ། 

ཕྱི་ཚེས ༢༠ སྨོན་ལམ་ཉིན། ཇོ་ནང་རྫོགས་ལྡན་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཉིན་གཉིས་པའི་སྨོན་ལམ་དང་སྤྲུལ་ཀུན་དགའ་ངེས་དོན་རྒྱ་མཚོ་མཆོག་ཁྲི་འདོན་མངའ་གསོལ་བྱས། སྤྲུལ་སྐུ་ཀུན་དགའ་ངེས་དོན་རྒྱ་མཚོ་ནི་ཕ་ཕུན་ཚོགས་དང་མ་སྲིད་གཅོད་སྒྲོལ་མ་གཉིས་ཀྱི་བུ་རུ་ཕྱི་ལོ ༢༠༠༥་ཕྱི་ཟླ་༡༡་ཕྱི་ཚེས་༠༥་ཡི་ཉིན་ལ་ཀོ་ལི་གྷལ་གཞིས་ཆགས་སུ་སྐུ་འཁྲུངས། མཚན་ལ་བསྟན་འཛིན་དབྱངས་གསལ་གཏགས། ཆུང་དུས་སུ་གཞིས་ཆགས་སློབ་གྲྭ་གྲིམས། རང་ལོ་བཅུ་ལ་ཇོ་ནང་༧སྐྱབས་མགོན་གྱིས་བཀའ་ཁྲོལ་འོག་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་ཇོ་ནང་ཡབ་སྲས་བཅུ་བཞིའི་ཡ་གར་འབྲི་གུང་ལོ་ཙཱ་མ་ཎི་ཀ་ཤྲི་ཡི་སྤྲུལ་སྐུ་ཡིན་པར་ཐུགས་ཐག་བཅད། ཕྱི་ལོ་ ༢༠༡༥ ལོར་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲ་ཆོས་འཁོར་གླིང་དུ་ཆོས་བཞུགས་བྱས་ཏེ། ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བས་མདུན་ནས་རབ་ཏུ་བྱུང་སྟེ། མཚན་ལ་སྤྲུལ་ཀུན་དགའ་ངེས་དོན་རྒྱ་མཚོ་གནང་། ད་ལྟ་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་ཐུགས་མི་གཡེང་བར་སློབ་གཉེར་ལ་བརྩོན་བཞིན་ཡོད། 

རྡོ་རྗེ་སློབ་དཔོན་མཆོག་ནས་སྤྲུལ་སྐུ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམས་ངོ་སྤྲོད་གནང་བ་དང། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།  ༧སྐྱབས་རྗེ་གཞི་སྤྲུལ་ཆོས་ཉིད་རང་ཤར་རིན་པོ་ཆེ་མཆོག འབྲུག་ཡུལ་ཆོས་སྡེ་སྤུངས་གྲྭ་ཚང། འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་ཚོགས། ལྷ་མོ་རིག་བྱེད་དབང་སོའི་ཟོས་སོགས། ཇོ་ནང་སིམ་ལ་མ་དགོན་རྟག་བརྟན་ཕུན་ཚོགས་གླིང༌། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། རྒྱལ་སྤྱིའི་ངོ་ནང་འགྲོ་ལྷན་ཚོགས་དང་ཐེབས་རྩ་ཁང་། རྡོང་གདན་ཇོ་ནང་སྨོན་ལམ་ཚོགས་སོགས་ཀྱིས་མཎྜལ་རྟེན་གསུམ་ཕུལ།

འོ་ལགས་སོ།།

དེ་ཡང་དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ། དོན་གཉིས་མཐར་ཕྱིན་སྟོན་པ་སངས་རྒྱས། སྒྲིབ་གཉིས་མུན་སེལ་སྐྱོབ་པ་དམ་ཆོས། རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། སྐྱབས་བསླུ་མེད་དཀོན་མཆོག་གསུམ་དང་། སྤྱིར་སངས་རྒྱས་ཀྱི་ཞིང་ཁམས་ན་བཞུགས་པ་བསམ་གྱིས་མི་ཁྱབ། སྒོས་གནས་མཆོག་རྡོ་རྗེ་གདན་གྱི་གྷན་དྷོའི་གཙུག་ལག་ཁང་སྟེ། ངོ་མཚར་གཟི་འོད་འཕྲོ་བའི་ནོར་བུ། བྱིན་རླབས་ཆུ་བརྒྱ་འབབ་པའི་གངསརི། ཉོན་མོངས་དྲི་མ་འཁྲུད་པའི་དག་བྱེད། མཆོག་གསུམ་གྱི་རྟེན་རྨད་དུ་བྱུང་བ་རྣམས་དང་། བདུད་དཔུང་རི་བོ་འཇོམས་པའི་གནམ་ལྕགས། བསྟན་པ་གངས་རི་སྐྱོང་བའི་སེང་གེ བསྟན་འཛིན་བུ་བཞིན་སྐྱོང་བའི་སྲུང་མ། དཔལ་མགོན་དམ་པ་ཆོས་སྐྱོང་བ་རྣམས་ཀྱི་ཞབས་འབྲིང་དང་བཅས་ཏེ་བཞུགས་པའི་སྐྱབས་འོག་ནས། དེང་འདིར་དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུ་མངོན་དུ་གྱུར་པ་ལ། བསྟན་པའི་སྲོག་ཤིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གྲལ་གྱི་གུང་མནན། ཆེ་རྒུ་རྣམས་ཀྱིས་གྲལ་གྱི་གཞུང་སྲང༌། ཡོན་ཏན་མཁས་པར་སྦྱངས་པ་རྣམས་ཀྱིས་གྲལ་གྱི་ཟུར་བརྒྱན། བསོད་ནམས་དཔལ་གྱིས་མངོན་པར་མཐོ་བའི་ཡོན་བདག་རྣམས་དང༌། བྱ་བ་བྱེད་པ། ཕྱག་ལེན་པ་དང་བཅས་པས་གྲལ་གྱི་མཐའ་ནས་བརྒྱན་ཏེ། རྟེན་འབྱུང་ཟབ་མོའི་དབང་ལས་འདིར་གདན་འཛོམ་པར་བཞུགས་པ་ལགས། དེ་ལྟར་འཚོགས་པ་ཐམས་ཅད་ཀྱིས་དཀར་བོ་ལས་ཀྱིས་གཞི་བཟུང༌། དག་པ་སྨོན་ལམ་གྱིས་མཚམས་སྦྱར། ཆོས་དམ་ཚིག་གི་སྒོ་ནས་འབྲེལ་བ་ཟབ་ཅིང་། རྣམ་གྲོལ་ཐར་པའི་གླིང་དུ། རྣམ་དཀར་དགེ་བའི་བྱ་བ་ཁྱད་པར་ཅན་ལ་འཚོགས་པས། ཚོགས་པ་སྟེ་ཇོ་ནང་རྫོགས་ལྡན་སྨོམ་ལམ་ཆེན་མོ་སྐབས་ ༡༦ པའི་སྐབས་འདིར། སྤྱིར་བཏང་བཤད་པར་བའི་གནས་ལ། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་དང༌། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཏེ་གསུམ་ལས། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ལ། སྟེང་དུ་རྗེའི་གདུང་རབས། འོག་ཏུ་འབངས་ཀྱི་མི་རབས། སྟོང་སྡེ་སའི་སྲིད་པའི་ཆགས་ཚུལ། འཇིག་རྟེན་ལུགས་ཀྱི་རྣམ་གཞག་སོགས་མང་དུ་ཡོད་ཀྱང་། འདིར་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་ཅུང་ཟད་ཞུ་ན། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བས། རིགས་ཅན་གསུམ་གྱི་གདུལ་བྱ་གྲངས་མེད་པ་ཐར་པ་ལ་བཀོད དེ་ལྟར་སྟོན་པས་གསུངས་པའི་དམ་པའི་ཆོས་ཀྱང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་ཁམས་འདིར་ཡུན་རིང་དུ་རྒྱས་པར་མཛད་པ་ཡིན་ཏེ། རྒྱལ་ཚབ་བསྟན་པའི་གཏད་རབ་བདུན་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ་སོགས་པ་རྣམས་ཀྱིས། འཕགས་པའི་ཡུལ་དུ་རྒྱ་ཆེར་དར་བར་མཛད་ཅིང་། ཁྱད་པར་དུ་ཁ་བ་ཅན་གྱི་ཞིང་ཁམས་འདིར། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། ལོ་པཎ་སྤྲུལ་པའི་སྐྱེས་མཆོག མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་རྣམས་ཀྱིས། བསྟན་པ་རིན་པོ་ཆེ་སྒོ་མཐའ་དག་ནས་ནམ་ལངས་པ་དང༌། ཉི་མ་ཤར་བ་ལྟར་དར་ཞིང་རྒྱས་པར་མཛད། ཁྱད་པར་རང་རེའི་ཆོས་བརྒྱུད་འདི་ལ། མདོ་སྔགས་བཤད་སྒྲུབ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཚིག་དོན་ལག་ལེན་བྱིན་རླབས་ཀྱི་བཀའ་ཐམས་ཅད་ཚང་བར་བཞུགས་པ་ཡིན་ལ། དེ་ལས་ཁྱད་པར་དུ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་བཅུད། གྲུབ་ཐོབ་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱ། མཁས་པ་ཐམས་ཅད་ཀྱི་ལེགས་པར་བཤད་པའི་སྙིང་པོ། གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱི་ལམ་ཟུང་དུ་འབྲེལ་བ། རྒྱལ་ཚབ་འཕགས་པ་ཀླུ་སྒྲུབ་དང༌། རྒྱལ་སྲས་འཕགས་པ་ཐོགས་མེད་ལ་སོགས་པའི་གཞུང་དང་མན་ངག་རྣམས་དང༌། བོད་ཀྱི་ལོ་ཙཱ་བ་རྔོག་བཙན་གཟུ་གསུམ་ལས་བརྒྱུད་པའི་བཤད་སྒྲུབ་ཉམས་མྱོང་བྱིན་རླབས་ལག་ལེན་རྣམས་བཀའ་མ་ཆད་པ་དང༌། ཆོས་ཐམས་ཅད་ཀྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་འདི་འགྱུར་བྱེད་མཁན་པོ་བཅུ་དྲུག་ཙམ་གྱིས་བསྒྱུར་བ་ལས། གྱི་ཇོ་རྭ་འབྲོ་ཙ་མི་སོགས་བྱིན་རླབས་ཀྱི་བཀའ་མ་ཆད་པ་ཐམས་ཅད་དང༌། ཁྱད་པར་དུ་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོའི་བཀའ་སྲོལ་ལ། གྲུབ་ཐོབ་བརྒྱུད་པ་ཟམ་མ་ཆད་པའི་ཞལ་གྱི་རིམ་པ་རྣམས། རིགས་ལྡན་སྤྲུལ་པའི་སྐུ། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། ཆོས་བདག་པོའི་ཚུལ་གྱིས། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པས། བྱང་ཕྱོགས་ཁ་བའི་ལྗོངས་འདི་སྐལ་པ་བཟང་པོར་མཛད་པ་ལས།ཇི་སྐད་དུ། ཇོ་ནང་ལོ་ཆེན་རཏྣ་བྷ་དྲས་མཛད་པའི་གྲུབ་ཆེན་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་བྱིན་རླབས་ཀྱི་ཆ་རྒྱུན་ཞེས་བྱ་ལས། 

སངས་རྒྱས་ཀུན་བདག་དགའ་ཆེན་ཁྱེད་ཉིད་དེ།།

བློ་གྲོས་ཆེན་པོས་ཐར་བའི་རྒྱལ་མཚན་འཛིན།།

མཁྱེན་བརྩེའི་དཔལ་འབྱོར་བཟང་པོས་འགྲོ་བ་སྐྱོང་།།

འཇམ་དབྱངས་འགྲོ་བའི་བླ་མ་ལ་ཕྱག་འཚལ།།

ཞེས་གསུངས་པ་ལྟར། སྐབས་སུ་བབས་པ་ལྷར་བཅས་འགྲོ་བ་ཡོངས་ཀྱི་དཔུང་གཉེན། ངེས་དོན་བསྟན་པ་རྒྱ་མཚོའི་རྩ་ལག གངས་ཅན་མཁས་གྲུབ་བྱེ་བའི་གཙུག་རྒྱན། འགྲན་བྲལ་ལུང་དང་རིགས་པའི་དབང་ཕྱུག ཉ་དབོན་ཀུན་དགའ་དཔལ་གྱི་ཐུགས་སྲས། པན་ཆེན་ཤཱཀྱ་ཤྲཱི་དང་བུ་སྟོན་ཐམས་ཅད་མཁྱེན་པའི་སྤྲུལ་བའི་རོལ་གར། པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་འཕགས་བོད་སྐྱེས་ཆེན་མང་པོའི་དབུ་བླ། འཇམ་དཔལ་དབྱངས་དངོས་གྲུབ་ཆེན་ཀུན་དགའ་བློ་གྲོས་ཞེས་མཚན་གྱི་སྙན་པ་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པ་དེ་ཉིད། སླར་ཡང་མངོན་སུམ་མིའི་སྲིད་པར་ཕེབས་པ། མཆོག་སྤྲུལ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་ངེས་དོན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱ། མི་འཇིག་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངོན་པར་བཀོད་དེ། བདག་སོགས་གདུལ་བྱ་རྣམས་བརྩེ་བས་རྗེས་སུ་འཛིན་པའི་སྐལ་བཟང་གི་དགའ་སྟོན་ཅི་དགར་སྩལ་བའི་བཀའ་དྲིན་གཏང་རག་དང་། སླད་ཀྱང་མཆོག་གི་སྤྲུལ་སྐུའི་གསང་གསུམ་མི་ཤིགས་རྡོ་རྗེ་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞེས་གཞེས་ཏེ། རྫོགས་ལྡན་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བས་བསྟན་པའི་སྒྲོན་མེ་གཅིག་པུར་མཛད་ནས། གདུལ་བྱར་གྱུར་བའི་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པར་གསོལ་བ་འདེབས་པའི་སླད་དུ། སྣོད་བཅུད་ཞིང་ཁམས་རྒྱ་མཚོའི་མཚོན་དོན་མཎྜལ་དང་། གསང་གསུམ་འཕྲིན་ལས་ཀྱི་རོལ་བ་ནམ་མཁའི་མཐའ་དང་མཉམ་པའི་རྟེན་འབྲེལ་དུ། སྐུ་གསུང་ཐུགས་རྟེན། རྫས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་དངོས་པོ་འདི་དག བདག་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་ཕྱིར་དབུལ་བར་བགྱིའོ།། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དགྱེས་བཞེས་མཛད་པར་མཁྱེན་མཁྱེན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།