སྐྱབས་མགོན་བླ་མའི་མཚན་སྔགས་བྱིངས་སྒྲུབ།

སྐྱབས་མགོན་བླ་མའི་མཚན་སྔགས་བྱིངས་སྒྲུབ།

༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་འཇིགས་མེད་རྡོ་རྗེ་དཔལ་བཟང་པོའི་མཚན་སྔགས་བྱིངས་སྒྲུབ་དད་ལྡན་མཆོད་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཤྲཱི་ཀ་ལཱ་ཙཀྲཱ་ཡ། དམིགས་མེད་བརྩེ་ཆེན་སྟོང་ཉིད་ཐུགས་རྗེའི་གར། །ཡོངས་ཁྱབ་ཡེ་ཤེས་མཁའ་དབྱིངས་ཤར་བའི་གཟུགས། །འབད་མེད་ཆོས་སྐུའི་འོད་མདངས་རྒྱས་པ་ཅན། །ཁྱབ་བདག་དང་བོའི་མགོན་པོའི་ཞབས་ལ་འདུད། །

དེ་ལ་འདིར་རྡོ་རྗེ་འཛིན་པ་ཆེན་པོ་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་འཇིགས་མེད་རྡོ་རྗེའི་མཚན་སྔགས་བྱིངས་སྒྲུབ་བྱེད་པ་ལ། དང་བོ་མཚན་སྔགས་དགོད་པ་དང་། དེ་བྱིངས་སྒྲུབ་ཏུ་བྱེད་ཚུལ་གཉིས་ལས། དང་པོ། ཨོཾ་ཨཱཿ གུ་རུ་བཛྲ་དྷ་ར་ཝ་གིནྡྲ་ཨ་བྷྱ་བཛྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།

གཉིས་པ་ནི།
༼ ཨོཾ ༽ཨབ྄་སྲུང་ཞིང་སྐྱོང་བ་ལའོ་ཞེས་པའི་བྱིངས་ལ། ཨུཎ྄་ལ་སོགས་པ་ནི་རྟག་ཏུའོས་རྐྱེན་མུཀ྄་སྟེར། གྲ་ཧ་རྣམས་ཀྱི་ཀ྄་ང྄་འགྲོ་བའོས་བྱིངས་མཐའི་བ྄་སྲོག་མེད་ཨུ་དང་ཀ྄་སྲོག་མེད་ཁྱད་དོན་ཡིན་པས་ཕྱིས། རྐྱེན་གྱི་མའི་ཨུ་བརྗོད་དོན་ཡིན་པས་ཕྱིས། ཨུ་ལ་ཨོའོས་ཨ་དང་ཨུ་འདུས་པ་ཨོ། མ྄་ནི་རྗེས་སུ་ང་རོའོས་མ྄་ང་རོ། དང་བོའི་སི་བྱིན་མི་ཟད་པ་ལས་སི་འཇིག་པས་ཨོཾ། ཨོཾ་ནི་སཾ་བུ་ཊ་ལས་ཡི་གེ་ཨ་ནི་གསུང་ཞེས་བྱ། །ཡི་གེ་ཨུ་ནི་སྐུ་རུ་བརྗོད། །མ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོར་གསུམ་གཅིག་གི་རང་བཞིན་ཨོཾ། །ཞེས་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཡིག་སངས་རྒྱས་ཀྱི་ངོ་བོ་བསྟན་ཡང་སྐབས་འདིར་གཙོ་བོ་སྐུ་ལ་གོ་དགོས་སྙམ།
༼ ཨཱཿ ༽ཨཱང྄་ཉམས་པ་ལའོ་ཞེས་པའི་བྱིངས་བཞག བ་ཙ་སོགས་ལ་ཨ་སའོས་རྐྱེན་ཨ་ས྄་བྱིན། ནམ྄་ཨ་ཨའོས་རྐྱེན་གྱི་ཨ་ཕྱིས། བྱིངས་མཐའི་ང་རྗེས་འབྲེལ་ཡིན་པས་ཕྱིས། རྟག་དོན་ལ་སི་བྱིན། མི་ཟད་པ་ལས་སི་འཇིག ས་ར་དག་གི་རྣམ་བཅད་དོས་རྐྱེན་གྱི་ས་རྣམ་བཅད་བྱས་པས་ཨཱཿ གྲུབ། ཨཱཿ ནི། གསུང་རྡོ་རྗེ།
༼ གུ་རུ ༽གྲཱྀ་ངེས་པར་གནོན་པ་ལའོ་ཞེས་པའི་བྱིངས་བཞག ཥཱ་ཀ་ཨུ་ཨུ་ཀཎ྄ འོས་རྐྱེན་ཨུ་བྱིན། ཡོན་ཏན་ནོས་བྱིངས་ཀྱི་རཱྀ་ཡོན་ཏན་ཨར྄་དུ་གྱུར། ང་འགྲོ་བ་ལ་ཨཏ྄་ཨུའོས་གའི་ཨ་ཨུ། ར྄་སྲོག་མེད་རྐྱེན་གྱི་ཨུ་ལ་དྲངས་པས་གུ་རུ་གྲུབ། གུ་རུ་ནི་རྒྱུད་ལུང་རྟོགས་ཡོན་ཏན་གྱིས་ལྕི་བ་དང་། ཆགས་སོགས་ཉོན་མོངས་སོགས་ཀྱི་རྐྱེན་དབང་དུ་མི་འགྲོ་བའི་བཀན་ཆ་དང་ལྡན་པས་ན་བླ་མའམ་གུ་རུ།
༼ བཛྲ ༽ཀ་ལཱ་བ་ལས། བ་ཛ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག བྱིངས་མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། ཤུ་ཏྲ་སོགས་ཀྱིས་རྐྱེན་རཀ྄་བྱིན། ཀ྄་རྗེས་འབྲེལ་ཡིན་པས་ཕྱིས། ཛ྄་སྲོག་མེད་རྐྱེན་གྱི་ར་ཐོག་ཏུ་དྲངས་པས་བཛྲ་གྲུབ། བཛྲ་ནི་རྡོ་རྗེ།
༼ དྷ་ར ༽དྷྲྀཉ྄་འཛིན་པ་དང་རྒྱས་པ་ལའོ་ཞེས་པའི་བྱིངས་བཞག ཉ྄་རྗེས་འབྲེལ་ཡིན་པས་ཕྱིས། དབྱངས་ལས་ཨའོས་ཨ་རྐྱེན་སྟེར། ཡོན་ཏན་ནོས་བྱིངས་ཀྱི་རྀ་ཡོན་ཏན་ཨར྄་དུ་བསྒྱུར། ར྄་སྲོག་མེད་རྐྱེན་གྱི་ཨ་ལ་དྲངས་པས་དྷ་ར་གྲུབ། དྷ་ར་ནི། འཆང་ལ་འཇུག
༼ ཝཱཀ྄ ༽ཝཙ྄་སྨྲ་བ་ལའོ་ཞེས་པའི་བྱིངས་བཞག དངོས་པོ་ལ་གྷཉ྄འོས་རྐྱེན་གྷཉ྄་བྱིན། གྷའི་ཨ་ཕྲལ། ཉ྄་འཕེལ་དོན་དང་གྷ྄་ཁྱད་དོན་ཡི་པས་ཕྱིས། དབྱངས་དང་བོ་ཉ྄་ཎ྄་འགྲོ་བ་ལ་འཕེལ་བའོས་བྱིངས་ཀྱི་ཨ་འཕེལ་བ་ཨཱ་རུ་གྱུར། ཙ་ཛ་དག་གི་གྷ་འགྲོ་བ་ལ་ཀ་ག་དག་གོས་ཙ྄་ཀ྄྄ར་བསྒྱུར་པས་ཝཱཀ྄་གྲུབ། ཝཱཀ྄་ནི་ངག
༼ ཨིནྡྲ ༽ཨི་དི་དབང་ཞིང་ཕྱུག་པ་ལའོ་ཞེས་པའི་བྱིངས་བཞག བྱིངས་མཐའི་ཨི་མུམ྄་དོན་ཡིན་པས་ཕྱིས། ཨི་དི་ཙ་དི་ཤ་ཀི་ར་དི་རྣམས་ལས་རའོས། རྐྱེན་ར་བྱིན། ཨཱ་བཅུ་བཞི་བར་ཨིཏ྄་འགྲོ་བ་ལ་ལ་མུམ྄་འོས་མུམ྄་བྱིན། མ྄་དབྱངས་མཐར་སྟེར་བས་གནས་དོན་དང་ཨུ་བརྗོན་དོན་ཡིན་པས་ཕྱིས། མ་ནི་རྗེས་སུ་ང་རོའོས་མ྄་ང་རོ། དབྱངས་ཀྱིས་དམན་པ་སོགས་ཀྱིས་ད྄་སྲོག་མེད་ར་ཐོག་ཏུ་དྲངས། ཡ་པ་ཡ་མ་ཡང་ནའོས་རྗེས་སུ་ང་རོ་ན྄྄ར་གྱུར་ནས་ད་ལ་དྲངས་པས་ཨིནྡྲ་གྲུབ། ཨིནྡྲ་ནི་དབང་བོ། ཙ་པའི་ཨ་བ་ལ་ཛ་བའོས་གོང་གི་ཀ྄་ག྄ར་ཨི་ལ་དྲངས་པས་ཝཱ་གིནྡྲ་གྲུབ།
༼ཨབྷྱ༽དགག་སྒྲའི་ཨ་སྔོན་མའི་ཉི་བྷཱི་འཇིགས་པ་ལའོ་ཞེས་པའི་བྱིངས་བཞག ཉི་རྟགས་དོན་ཡིན་པས་ཕྱིས། ནཱ་མི་ཨུ་པ་དྷཱ་ལས་ཀའོས། རྐྱེན་ཀ་བྱིན། ཀའི་ཨ་ཕྲལ། ཀ྄་བྱངས་ལ་ཡོན་ཏན་འགོག་པའི་དོན་ཡིན་པས་ཕྱིས། བྷའི་ཨཱི་ཕྲལ། ཡ་བ་དག་ཡང་ནའོས། ཨཱི་ཡ྄་རུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་བྷ྄་དང་ཡ྄་སྲོག་མེད་རྐྱེན་གྱི་ཨ་ལ་དྲངས་པས་ཨབྷྱ་གྲུབ། ཨབྷྱ་ནི་འཇིགས་མེད།
༼ བཛྲ ༽ཀ་ལཱ་བ་ལས། བ་ཛ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག བྱིངས་མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། ཤུ་ཏྲ་སོགས་ཀྱིས་རྐྱེན་རཀ྄་བྱིན། ཀ྄་རྗེས་འབྲེལ་ཡིན་པས་ཕྱིས། ཛ྄་སྲོག་མེད་རྐྱེན་གྱི་ར་ཐོག་ཏུ་དྲངས་པས་བཛྲ་གྲུབ། བཛྲ་ནི་རྡོ་རྗེ།
༼སརྦ ༽སྲྀ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག བརྟིའི་བའོས་རྐྱེན་བ་བྱིན། ཡོན་ཏན་ནོས་བྱིངས་ཀྱི་རྀ་ཨར྄་དུ་བསྒྱུར། ར྄་སྲོག་མེད་བ་ཐོག་ཏུ་དྲངས་པས་སརྦ་གྲུབ། སརྦ་ནི། ཐམས་ཅད་དམ་ཀུན།
༼ སིདྡྷི ༽ཥི་དྷི་གྲུབ་པའམ་བསྟན་བཅོས་ལ་སྟེ་བཀྲ་ཤིས་པ་ལའོ་ཞེས་པའི་བྱིངས་བཞག དང་བོའི་ཥ་ཎ་ནི་ས་ཎའོས་ཥི་སི་རུ་བསྒྱུར། བྱིངས་མཐའི་ཨི་བརྗོད་དོན་ཡིན་པས་ཕྱིས། ལས་མེད་པ་ལ་འགྲོ་བའི་དོན་དང་བྱེད་པ་བོ་ལ་ཀྟིའོས་རྐྱེན་ཀྟི་བྱིན། ཀ྄་ཡོན་ཏན་འགོག་པའི་དོན་ཡིན་པས་ཕྱིས། ཏ་དང་ཐའི་དྷའོས་ཏ་དྷར་བསྒྱུར། ཛྷ་བྷ་ལ་ཛ་བ་རྣམས་སོས། དྷ྄་གོང་མ་ད྄་རུ་བསྒྱུར། དབྱངས་ཀྱིས་དམན་པ་སོགས་ཀྱིས་ད྄་སྲོག་མེད་དྷི་ཐོག་ཏུ་དྲངས་པས་སིདྡྷི་གྲུབ། སིདྡྷི་ནི། དངོས་གྲུབ།
༼ ཧཱུཾ ༽ཨོ་ཧཱཀ྄་གཏོང་བ་ལའོ་ཞེས་བྱིངས་ལ། ཨུཎ་ལ་སོགས་པ་ནི་རྟག་ཏུའོས་རྐྱེན་ཊཱུམ྄་རྐྱེན་བྱིན། དེ་ལ་དང་བོའི་སི་བྱིན། ལཱུ་སོགས་དང་ཨོཏ྄་འགྲོ་བ་ལའོས་བྱིངས་ཀྱི་ཨོ་ཕྱིས། ཧ་ཀ་ཡང་ངོས། ཀ྄་ཕྱིས། ཊའི་ཨཱུ་ཕྲལ། ཊ྄་ཊི་དབྱེ་བའི་དོན་གྱིས་ཕྱིས། རྟགས་མཐའི་ཊི་ཕྱིས། མི་ཟད་པ་ལས་སི་འཇིག ཧ྄་སྲོག་མེད་ཨཱུ་ལ་དྲངས། མ་ཡིག་རྗེས་སུ་ང་རོ་བྱས་པས་ཧཱུཾ་དང་ཧ་ན་འཚེ་བའི་བྱིངས་སོགས་ཀྱིས་བསྒྲུབས་པ་ཡོད་ཀྱང་གྲུབ་གཟུགས་ཙམ་ལས་དོན་ལ་ཧཱུཾ་ནི་དེ་བཞིན་གཤེགས་པས་ཡི་གེ་ནུས་པ་མཐུ་ཅན་དུ་བྱིན་གྱིས་བརླབས་པ་ཞིག་ཡིན་པས་སྒྲུབ་ཚུལ་མེད་གསུངས་པས་སྒྲུབ་པའིབརྩོན་པ་མ་བསྐྱེད་དོ། །ཧཱུཾ་སྔ་མ་འདི་ཐུགས་རྒྱུད་བསྐུལ་བྱེད་དང་། ཧཱུཾ་ཕྱི་མ་ཐུགས་ཀྱི་ས་བོན་ཡིན་པར་གསུངས་ཡོད།
༼ ཧཱུཾ ༽དེ་དག་གཅིག་ཏུ་དྲིལ་ན། ཨོཾ་ཨཱཿ གུ་རུ་བཛྲ་དྷ་ར་ཝགིནྡྲ་ཨ་བྷྱ་བཛྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། དོན་ནི་བླ་མ་རྡོ་རྗེ་འཆང་ངག་དབང་འཇིགས་མེད་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་ཅེས་པའོ། །ཤཱུབྷཾ་མསྟུ་སརྦ་ཛ་ག་ཏཾ། དགེའོ།། །། དམུ་དགེ་རྨད་བྱུང་རྒྱ་མཚོས།

ནང་དོན་ཡོངས་ཁུངས། ཧི་མ་ལའི་རྩོམ་རིག་སྤྱི་སྟེགས་རིག་གཞུང་མེ་ཏོག་གླིང་།

སྒྲ་རིག་སྨྲ་བ་དགེན་དམ་ཆོས་དང་ཁོང་གི་སློབ་བུ་གངས་བུ་ལྷུན་འགྲུབ་བམ་དམུ་དགེ་རྨད་བྱུང་རྒྱ་མཚོ་རྣམ་གཉིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།