༄༅། །དཔེ་ཀློག་ཟིན་ཐོ།
རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།
ཆོས་རྗེ་ཉ་དབོན་པའི་ལྟ་གྲུབ་ཀྱི་ཐད་ནས་ཤུགས་རྐྱེན་ཆེས་ཐེབས་པའི་སློབ་མ་ནི་རྗེ་བཙུན་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་རེད་སྙམ།
ཆོས་རྗེ་ཡབ་སྲས་གསུམ་གྱི་འཁྲུངས་འདས་ལོ་ཚིགས།
རྗེ་ཉ་དབོན་ཀུན་དགའ་དཔལ། (1285~1379)
རྗེ་རེད་མདའ་པ་གཞོན་ནུ་བློ་གྲོས། (1349~1412)
རྗེ་ཙོང་ཁ་པ་ཆེན་པོ། (1357~1419)
ཁོང་རྣམ་པ་གསུམ་ལ་ཆོས་རྗེ་ཡབ་སྲས་གསུམ་ཞེས་པའི་སྐབས་ཀྱི་ཡབ་ནི་ཉ་དབོན་པ་ཡིན་ལ། སྲས་ནི་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་ཡིན་ནོ། །
གཤམ་དུ་ཆོས་རྗེ་ཉ་དབོན་པ་དང་། རྗེ་བཙུན་རེད་མདའ་བ་དང་། རྗེ་ཙོང་ཁ་པ་གསུམ་གྱི་གསུང་ཚིག་གནད་འགག་ཅན་དུམ་བུ་རེ་གཉིས་འདིར་བཀོད་དེ་ཞིབ་བསྡུར་ཞིག་བྱ།
1 ཆོས་རྗེ་ཉ་དབོན་པའི《དབུ་མའི་ལྟ་བའི་ཁྲིད་ཡིག་རྡོ་རྗེའི་གླུ་ཞེས་བྱ་བའི་གསང་ཚིག》ལས། “སྣང་བས་ཡོད་མཐའ་བསལ་བའི་སྟོང་པ་ཉིད། །སྟོང་པས་མེད་མཐའ་བསལ་བའི་སྣང་བ་ཡི། །ངེས་ཤེས་གཉིས་པོ་ཕན་ཚུན་གྲོགས་གྱུར་དང་། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་འདི་ལ། །ངེས་པ་ཚད་མས་འདྲོངས་ན་དཔྱད་དོན་དེའི། །ངེས་ཤེས་ཡུལ་གྱི་འཛིན་སྟངས་འཇིག་པའི་ཚེ། །ལྟ་བའི་དཔྱད་པ་དེ་ལ་འཁྲུལ་མེད་ཨོ། །” ཞེས་པ་དང་།
2 རྗེ་བཙུན་རེད་མདའ་བའི《བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན་ཞེས་པ》ལས། “རྒྱུ་འབྲས་སླུ་བ་མེད་པའི་ཡིད་ཆེས་དང་། །རྟེན་འབྲེལ་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པར་ནམ་གྱུར་པ། །དེ་ཚེ་མཐའ་བྲལ་དབུ་མའི་ལམ་ལ་ཞུགས། །སྣང་དུས་ཉིད་ནས་སྟོང་པར་རྟོགས་པ་དང་། །སྟོང་པ་རྟོགས་ཚེ་སྣང་བ་མི་འགོག་པའི། །ཟུང་འཇུག་ཚུལ་ལ་ངེས་པ་ནམ་རྙེད་པ། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །” ཞེས་པ་དང་།
3 རྗེ་ཙོང་ཁ་པའི《ལམ་གྱི་གཙོ་བོ་རྣམ་གསུམ》ལས། “ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །” ཞེས་སོ། །
གོང་འཁོད་ཀྱི་ཚིག་དོན་དག་ལས་ཆོས་རྗེ་ཉ་དབོན་པ་དང་རྗེ་རེད་མདའ་བ་དང་། རྗེ་ཙོང་ཁ་པ་གསུམ་གྱི་ལྟ་བའི་དགོངས་གཞི་ཇི་ལྟར་གྲུབ་པའི་བརྒྱུད་རིམ་སྤྱི་ཁོག་ཙམ་ཤེས་ནུས་སོ། །
2020/12/19ཚངས་དབང་གིས།
ནང་དོན་ཡོངས་ཁུངས། འོད་འཛིན་སྤྱི་སྟེགས།