Karmapa 1

༄༅། །ཇོ་ནང་སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེའི་མྱུར་འབྱོན་གསོལ་འདེབས།

ན་མོ་གུ་རུ།
བྱིན་རླབས་སྤྲིན་འཁྲིགས་བཀའ་བརྒྱུད་བླ་མ་དང་། །
དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །
ཕྲིན་ལས་གློག་འཁྱུགས་ཆོས་སྐྱོང་སྲུང་མ་སྟེ། །
རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་བདེན་སྟོབས་སྩོལ། །

མ་སྨད་སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །
གཞན་ཕན་རྒྱལ་སྲས་སྤྱོད་པའི་ལོ་འདབ་རྒྱས། །
ཐེག་མཆོག་གསང་བ་སྔགས་ཀྱི་འབྲས་བུ་སྨིན། །
སུམ་ལྡན་རྡོ་རྗེ་འཛིན་པ་ཁྱོད་ལ་འདུད། །

གཉིས་སྣང་འཁྲུལ་པའི་བན་བུན་བྲལ་བ་ཡི། །
དོན་དམ་ཡེ་ཤེས་ཆེན་པོའི་རྒྱལ་ཁམས་སུ། །
གཅིག་ཏུ་ཞི་བར་མནལ་བའི་ཚུལ་སྤངས་ཏེ། །
རླབས་ཆེན་འགྲོ་བའི་དོན་དུ་བཞེངས་སུ་གསོལ། །

གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད། །
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས། །
འགྱུར་མེད་བདེ་བ་མཆོག་གི་སར་རེག་པའི། །
རྣལ་འབྱོར་དབང་ཕྱུག་ཆེན་པོ་མྱུར་འབྱོན་གསོལ། །

གློ་བུར་དྲི་མས་དག་པ་ཆོས་ཀྱི་དབྱིངས། །
རྟག་བརྟན་བདེན་གྲུབ་རྡོ་རྗེའི་ཡེ་ཤེས་ཆེ། །
གཞན་སྟོང་སེང་གེའི་ང་རོ་སྒྲོགས་པ་ལ། །
འཇིགས་བྲལ་གདོང་ལྔའི་དབང་པོ་མྱུར་འབྱོན་གསོལ། །

མདོར་ན་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི །
རིང་ལུགས་དྲི་མེད་ཕྱོགས་བརྒྱར་སྤེལ་བ་དང་། །
མཐའ་ཡས་འགྲོ་རྣམས་རྗེས་སུ་བཟུང་བ་ལ། །
མཚུངས་པ་མེད་པའི་མགོན་དུ་མྱུར་འབྱོན་གསོལ། །

དེ་ལྟར་དད་འདུན་གཡོ་བ་མེད་པ་ཡིས། །
རྩེ་གཅིག་གུས་པས་གསོལ་བ་འདེབས་ལགས་ན། །
དམིགས་མེད་བརྩེ་བའི་ཐུགས་རྗེས་རབ་དགོངས་ནས། །
སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་བར་མཛོད། །

སྙིགས་མའི་དུས་འདིར་ངེས་དོན་སྙིང་པོའི་བསྟན་པ་འཛིན་པ་ལ་མཚུངས་པ་མེད་པ། རྒྱལ་བ་ཇོ་ནང་པའི་བསྟན་པའི་མངའ་བདག །མདོ་སྨད་འཛམ་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ། སྐྱབས་མཆོག་འཇིགས་མེད་རྡོ་རྗེ་མཆོག་དགོངས་པ་ཞི་དབྱིངས་སུ་གཤེགས་པ་ནི་སྙིང་པོའི་བསྟན་པའི་གོད་ཆག་ཞིག་ཏུ་གྱུར་མོད། སླར་ཡང་དམ་པའི་ཚུལ་དགུས་བརྒྱན་པའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པ་དང་། ངེས་དོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་ཞིག་དགོས་ཞེས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་གཙོ་བོར་གྱུར་པའི་གཞིས་བྱེས་ཐམས་ཅད་ཀྱི་ཐུགས་བཞེད་ལྟར། ཀརྨ་པའི་མཚན་འཛིན་བཅུ་བདུན་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེར་འབོད་པས་སྤྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༣ ལ་སྦྱར་བ་དགེའོ། །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།