དབྱར་གནས་པ་དག་གིས་ངེས་དགོས་པའི་ཚན་པ་འགའ།

དབྱར་གནས་པ་དག་གིས་ངེས་དགོས་པའི་ཚན་པ་འགའ།

ཀུན་དགའ་དོན་རྟོགས་ཀྱིས་བྲིས།


དཀར་ཆགས།
1.དབྱར་གནས་ཀྱི་བྱུང་རབས།
2.དབྱར་གནས་པའི་དགོས་པ།
3.དུས་གང་དུ་དབྱར་ཁས་བླང་དགོས།
4.དབྱར་ཁས་བླང་བའི་ཡུལ།
5.རྟེན་གང་གིས་བླང་བ།
6.དབྱར་གྱི་དམ་ཚིག
7.ཡིད་བརྟགས།


དབྱར་གནས་ཀྱི་བྱུང་རབས།


སྟོན་པ་ཤཱཀྱ་ཐུབ་པ་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་དག་དབྱར་ཡང་ལྗོངས་རྒྱུ་བ་ལས་མུ་སྟེགས་ཅན་རྣམས་ཀྱི་འདི་ལྟར་བརྗོད་དེ། ཤེས་ལྡན་དག་རེ་ཞིག་ཁུགས་རྟ་ཡང་དབྱར་ཟླ་བ་བཞི། རང་གི་ཚང་དུ་ཞུམ་ཞུམ་པོར་བསྐུམས་ནས་འདུག་ན། དགེ་སློང་མགོ་རེག་དག་ནི་ཁས་ལེན་པ་ཙམ་ཡང་མི་ཤེས་པས་འདི་དག་བསོད་སྙོམས་སྦྱིན་པར་སེམས་པ་ལྟ་བུ་ཞིག་ཡོད་དམ་ཞེས་སྨོད་ཅིང་ཁ་ཟེར་བའི་སྐབས་དེར་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཀའ་སྩལ་བ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱི་དབྱར་གནས་པར་དམ་བཅའ་བར་བྱའོ། །ཞེས་གསུངས་ནས་ནང་པའི་དགེ་འདུན་པ་རྣམས་དབྱར་གནས་པའི་ཚུལ་བྱུང་ཞིང་། དེ་ཡང་། འདུལ་བ་མདོ་རྩ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །ཞེས་སོགས་གསུངས་སོ། །

དབྱར་གནས་པའི་དགོས་པ།


༡དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པ། ༢དབྱར་ས་གཞི་ལ་སྲོག་ཆགས་མང་བས་འགྲོ་འདུག་མང་དུ་བྱས་ན་དེ་དག་ལ་གནོད་པས་སྲོག་ཆགས་ལ་གནོད་པ་སྤངས་བ། ༣གཞན་མུ་སྟེགས་པ་སོགས་ཀྱི་འཕྱ་བ་ཡོད་པས་མ་དད་པ་སྤངས་བ། ༤དབྱར་ཆར་སྒང་བའི་དུས་ཡིན་པས་རྒྱུ་འགྲུལ་མང་པོ་བྱས་ན་རང་གི་ལུས་སྲོག་ལ་གནོད་པས་སྲོག་ལ་གནོད་པ་སྤངས་བ། ༥དོན་དང་བྱ་བ་ཉུང་བར་འགྱུར་བ། ༦དེ་ལ་བརྟེན་ནས་ཤེས་རབ་གསུམ་འཕེལ་བར་འགྱུར་བ། ༧གནས་ཁང་རལ་བའམ་ཞུགས་པ་དང་གྲུམས་པའམ་སས་གས་པ་རྣམས་འཆོས་པར་འགྱུར་བ་དང་། ༨དགག་དབྱེ་འབྱུང་བ་དང་། ༩སྲ་བརྐྱང་འབྱུང་བ་རྣམས་སོ། །དེ་དག་ལས་དང་པོ་དངོས་ཀྱི་དགོས་པ་དང་ཕྱི་མ་བརྒྱད་ནི་བརྒྱུད་པའི་དགོས་པའོ།


དུས་གང་དུ་དབྱར་ཁས་བླང་དགོས།


དེང་སང་ཕལ་ཆེ་བས་དབྱར་སྔ་མ་དབྱར་ཟླ་འབྲིང་བོ་སྟེ། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་དང་། ཕྱི་མ་ནི་དབྱར་ཐ་ཆུང་སྟེ། ཧོར་ཟླ་བདུན་པའི་བཅུ་དྲུག་ལ་བྱའོ། །དེ་ཡང་འདུལ་བ་མདོ་རྩ་ལས། དབྱར་གནས་པར་ཁས་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱིའི་དེའི་ཉིན་པར་བགྱིའོ། །དབྱར་ཐ་ཆུང་ཉའི་འོ། །ཞེས་གསུངས་པས་གྲུབ་བོ། །


དབྱར་ཁས་བླང་བའི་ཡུལ་ནི།


བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ། མཚན་མཐུན་པ། ལྟ་བ་མཐུན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། རང་གི་འཚམས་ནང་དུ་གནས་པ་རྣམས་ཚང་བ་ཞིག་སྟེ། དགེ་སློང་ཆོས་བདུན་ལྡན་ཞིག་དགོས་སོ། །དེ་ཡང་མཚོ་ཊཱིཀ་ལས། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །ཞེས་གསུངས།


རྟེན་གང་གིས་བླང་བ་ནི།

ཆོས་འདི་བའི་རབ་ཏུ་བྱུང་བ། དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་མ་བྱུང་བ་དང་ལྔ་སྟེ། ཆོས་ལྔ་པོ་དེ་ཚང་བ་ཞིག་དགོས་པར་འདུལ་གཞུང་དག་ལས་གསུངས་སོ། །


དབྱར་གྱི་དམ་ཚིག་ནི།

དམ་བཅའ་དང་གནས་སུ་འབྲེལ་བར་བྱ་བ་དང་། དབྱར་ནང་འཁྲུགས་ལོང་མི་བསྐྱེད་པ་དང་། ཚུལ་ནང་དུ་ཐོས་བསམ་ལ་སོགས་པ་བརྩོན་པར་བྱ་བ་དང་། གནས་རལ་བ་དང་གྲུམས་པ་འཆོས་པ་དང་གནས་དེར་ཡུན་རིང་དུ་གནས་པར་བྱ་བ་དང་དབྱར་གྱི་ཚུལ་འདྲལ་བ་སྤངས་བ་རྣམས་སོ། །


ཡིད་བརྟགས།


དེ་ཡང་དབྱར་གནས་པས་དབྱར་གྱི་དམ་ཚིག་འདི་དག་ངེས་པར་བསྲུང་དགོས་ཤིང་དམ་ཚིག་དེ་ལས་འགལ་བ་ནི་དབྱར་ལ་ཚུལ་བཞིན་ཞུགས་པ་མ་ཡིན་ནོ དགོན་རྙིང་འགའ་ཞིག་གིས་ནི། དབྱར་ལ་གནས་པའི་སྐབས་སུ་འདོན་ཆོག་མང་པོ་འདོན་རྒྱུ་དང་སེར་འཕྲེང་བྱ་རྒྱུ་སོགས་དབྱར་གྱི་དམ་ཚིག་ལྟ་བུར་བྱས་པ་ལས་གོང་དུ་བགྲངས་བའི་དམ་ཚིག་དག་ལ་ནན་ཏན་མི་བྱ་བ་ནི་འདུལ་བའི་གཞུང་ལ་རྨོངས་པ་ཡིན་པས་རྨོངས་པ་འདི་ཚབ་ཆེ་སྟེ། རྒྱལ་བ་ཤཱཀྱ་ཐུབ་པས་ནི་དབྱར་གྱི་ནང་དུ་འདོན་ཆོག་སོགས་དགོས་པར་མ་གསུང་ལ། དབྱར་གྱི་དམ་ཚིག་དྲུག་ལས་གཙོ་ཆེ་བ་སྤོང་ཀློག་གི་བྱ་བ་ལ་ནན་ཏན་བྱ་རྒྱུ་ཡིན་པར་གསུངས་པས་ན་དབྱར་ནང་དུ་སྤོང་བ་བསམ་གཏན་གྱི་འཁོར་ལོ་སྒོམ་ཉམས་ལེན་ཚུལ་བཞིན་དུ་བྱ་རྒྱུ་དང་ཀློག་པ་ཐོས་བསམ་གྱི་འཁོར་ལོ་སྟེ། རིག་པའི་གཞུང་ལུགས་ལ་ཐོས་བསམ་ཡང་དག་པ་བྱས་ཏེ་ཤེས་རབ་གསུམ་འཕེལ་བར་བྱེད་རྒྱུ་ནི་སྐབས་ཀྱི་དགོས་པ་གཙོ་ཆེ་བ་ཡིན་ནོ། །

དམ་པ་གང་དག་དབྱར་གནས་ལ་བཞུགས་པའི་རྣམ་པ་ཟུར་ཙམ།
ཤར་འཛམ་ཐང་ཡོན་ཏན་གླིང་གའི་དགའ་ཚལ་དུ།

ནང་དོན་ཡོངས་ཁུངས། ཧི་མ་ལའི་རྩོམ་རིག་སྤྱི་སྟེགས་རིག་གཞུང་མེ་ཏོག་གླིང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།