མཛད་པ་པོ། ༧དགེ་བཤེས་དངོས་གྲུབ་དཔལ།
འགྲོ་རྣམས་གཏན་བདེ་མ་ལུས་འབྱུང་བའི་གཞི། །
རྒྱལ་ཀུན་གསང་གསུམ་ཡོན་ཏན་ཀུན་གྱི་གཏེར། །
མ་རིག་མུན་པ་སེལ་བའི་འོད་བརྒྱ་བ། །
བྱང་ཆུབ་སེམས་བསྐྱེད་མཆོག་ལ་གུས་པས་འདུད། །
དེ་ལ་འདིར་ཕྱོགས་བཅུའི་སངས་རྒྱས་མ་ལུས་པའི་གཤེགས་ཤུལ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་པའི་ཐབས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་རྒྱུད་ལ་བསྐྱེད་པའི་ཐབས་ལ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། བདག་སངས་རྒྱས་ཐོབ་དགོས་པ་དེ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག དེའི་རྒྱུར་སྙིང་རྗེ་དགོས་པར་འདུག དེའི་རྒྱུར་བྱམས་པ་དགོས་པར་འདུག དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག འདི་རྣམས་བདག་གིས་རིམ་ཅན་དུ་བསྒོམ་དགོས། ཞེས་གསུངས་པ་ལྟར། ༡ མར་ཤེས་པ་དང་། ༢ དྲིན་དྲན་པ་དང་། ༣ དྲིན་གཟོ་བ་དང་། ༤ ཡིད་འོང་གི་བྱམས་པ་དང་། ༥ བརྩེ་བའི་སྙིང་རྗེ་དང་། ༦ ལྷག་བསམ་རྣམ་དག་དང་། ༧ ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་སྒོམ་ཚུལ་དང་བདུན།
དང་པོ་མར་ཤེས་པ་བསྒོམ་པ་ནི། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་ལྟར་མཁའ་ཁྱབ་ཀྱི་འགྲོ་བ་སེམས་ཅན་མཐའ་ཡས་པ་གཅིག་ཀྱང་མ་ལུས་པ་ནི་བདག་གི་དྲིན་ཅན་གྱི་མར་མ་གྱུར་པ་གཅིག་ཀྱང་མེད་དེ། བདག་གིས་འཁོར་བར་སྐྱེ་བ་བླངས་པའི་གྲངས་འདི་སྐྱེ་བ་འདིའི་སྔ་མའི་སྐྱེ་བ་དང་། དེའི་སྔ་མའི་སྐྱེ་བ། དེའི་སྔ་མའི་སྐྱེ་བ་དེའི་ཡང་སྔ་མའི་སྐྱེ་བ་ཞེས་སོགས་ཅི་ཙམ་གྱེན་དུ་བགྲངས་ཀྱང་མཐར་ཐུག་པ་ཞིག་གཏན་མེད་པས་བདག་གི་སྐྱེ་བ་ཐོག་མ་རྣམས་ནི་སངས་རྒྱས་ཀྱི་རྣམ་མཁྱེན་གྱིས་གཞལ་ཡང་ཐོག་མའི་ཡང་མཐའ་ལ་ཐུག་པ་མི་སྲིད། དེས་ན་བདག་གི་སྐྱེ་བ་ད་རེའི་སྐབས་ལ་སེམས་ཅན་གཅིག་གིས་མ་བྱས་དེ་ལས་གཞན་པའི་སྐྱེ་བ་ཞིག་ལ་སེམས་ཅན་གཞན་ཞིག་གིས་མ་བྱས། དེ་ལས་གཞན་དུ་སེམས་ཅན་ཡང་གཞན་ཞིག་གིས་མ་བྱས་པ་སོགས་མཁའ་ཁྱབ་ཀྱི་འགྲོ་བ་ལ་ཡང་གྲངས་ཀྱི་མཐའ་མེད་ཀྱང་བདག་གི་མར་མ་གྱུར་པ་ཡང་མེད་དོ། །བདག་གི་སྐྱེ་བ་ཐོག་མ་རྣམས་ལ་གྲངས་ཀྱི་མཐའ་མེད་ན།གྲངས་ཀྱི་མཐའ་མེད་པའི་སེམས་ཅན་ཐམས་ཅད་ཀྱང་མར་གྱུར་རུང་སྟེ། སེམས་ཅན་དེ་དང་དེ་དག་མ་བུར་གྱུར་བའི་ལས་ནི་བསགས་སྲིད། དེ་བསགས་ན་ལས་དབང་གིས་མ་བུར་གྱུར་བ་ཡོད་ཅིང་ཐོག་མེད་ནས་སྐྱེ་བ་བླངས་པའི་མ་མཐར་ཐུག་པ་མེད་པས་སེམས་ཅན་མཐའ་མེད་པ་ཐམས་ཅད་བདག་གི་མར་གྱུར་བའི་དུས་སྐབས་ནི་ངེས་པར་ཡོད་འདུགསེམས་ཅན་རེ་རེས་མ་ལན་རེ་བྱས་པ་མ་ཟད་མཁའ་ཁྱབ་ཀྱི་སེམས་ཅན་རེ་རེས་ཀྱང་བདག་གི་མ་བྱས་པའི་གྲངས་ནི་སྟོང་གསུམ་གྱི་རྡུལ་ཕྲ་རབ་ལས་ཀྱང་མང་བར་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཤིང་། སངས་རྒྱས་ཀྱི་གསུངས་པ་ལ་ནི་རྫུན་ཅུང་ཟད་ཙམ་ཡང་མི་མངའ་བར་བཀའ་མི་བསླུ་བ་ཡིན། དེས་ན་སེམས་ཅན་ཐམས་ཅད་བདག་གི་དྲིན་ཅན་གྱི་མར་མ་གྱུར་པ་མེད། ཐམས་ཅད་བདག་གི་མར་གྱུར་པ་ཡིན་སྙམ་དུ་སྙིང་ཐག་པ་ནས་ཡང་ཡང་བསམ། རང་གི་མཐོང་ཡུལ་གྱི་སེམས་ཅན་སོ་སོ་བ་ལ་སོ་སོར་དམིགས་ནས་འདི་ཡང་སྐྱེ་བ་སྔ་མར་བདག་གི་མར་གྱུར་པ་ངེས་པར་ཡིན་ནོ། །འདི་ཡང་སྐྱེ་བ་སྔ་མར་བདག་གི་མར་གྱུར་པ་ཡིན་ནོ་བསམ་པ་སོགས་སེམས་ཅན་གང་མཐོང་བ་ཐམས་ཅད་བདག་གི་མར་གྱུར་པའོ་སྙམ་དུ་རྒྱུན་མ་ཆད་པར་བསམ་པར་བྱ། དེ་ལ་སོགས་པ་རྒྱུ་མཚན་དུ་མས་སེམས་ཅན་ཐམས་ཅད་བདག་གི་མར་གྱུར་པའི་ཚུལ་ཡང་ཡང་བསམ་པས་མཐར་མི་དང་དུད་འགྲོ་ལ་སོགས་པ་སེམས་ཅན་གང་མཐོང་ཐམས་ཅད་ལ་བསམ་མི་དགོས་པར་མའི་འདུ་ཤེས་ངམ་ངམ་ཤུགས་ཀྱིས་མ་སྐྱེས་བར་དུ་བསྒོམ་པར་བྱའོ། །
༈ གཉིས་པ་དྲིན་དྲན་པ་ནི། སེམས་ཅན་ཐམས་ཅད་འདྲ་མཉམ་དུ་མར་གྱུར་མྱོང་བའི་འདུ་ཤེས་སྐྱེས་ཐུབ་ན། སེམས་ཅན་ཐམས་ཅད་བདག་གི་མར་གྱུར་པའི་སྐབས་དེར་བདག་ལ་དྲིན་མཐའ་ཡས་པ་སྦྱིན་པ་ཡིན་ཏེ། མ་ནི་བུ་ལ་བརྩེ་གདུང་ཤིན་ཏུ་ཆེ་བ་ཆོས་ཉིད་ཡིན་པས་མར་གྱུར་ཕྱིན་ཆད་ད་ལྟའི་མ་འདི་བཞིན་དུ་གསོ་སྐྱོང་སྲུང་གསུམ་དང་བུ་ལ་ཤིན་ཏུ་བརྩེ་གདུང་དྲག་པོའི་སྒོ་ནས་བུའི་དོན་ཁོ་ན་ཉིན་མཚན་དུ་སེམས་པ་དང་། བུའི་དོན་ཁོ་ན་ཉིན་མཚན་དུ་བསྒྲུབ་པ་ཤ་སྟག་ཡིན་འདུག ད་ལྟའི་མ་འདིས་བདག་ཟླ་དགུ་ཞག་བཅུའི་བར་དུ་ལུས་ལ་བཟུང་། དེ་ཚེ་མངལ་གྱི་བུ་ལ་གནོད་པའི་ཁ་ཟས་ཀྱང་རང་གིས་ཟ་འདོད་ཀྱང་མ་ཟོས། སྤྱོད་ལམ་ཤུགས་དྲག་བྱེད་དགོས་ཀྱང་མི་བྱེད་པ་སོགས་བུ་ལ་བརྩེ་བའི་སྒོ་ནས་མངལ་གྱི་བུ་ལ་ཕན་པ་ཁོ་ན་བསྒྲུབ། གནོད་པ་སྣ་ཚོགས་བསལ། བཙས་པའི་དུས་ན་མི་གཙང་བ་བརྩོག་དགུས་གོས་པའི་ངན་སྐྱུག་གི་ཕུང་པོ་ལ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་འདུ་ཤེས་བཞག་སྟེ། མི་གཙང་བ་ལག་པས་ཕྱིས། སོར་བཅུའི་རྩེ་མོར་བླངས།འཇམ་པའི་གོས་ཀྱིས་དཀྲིས། དགའ་བའི་སེམས་ཀྱིས་འཚོ། ད་ལྟ་གསོད་ཀྱང་འབྲོས་པ་སོགས་མི་ཐུབ་པ་མ་ཟད་སྤང་བླང་ཅི་ཡང་མི་ཤེས་པའི་བྱེའུ་ཕྲུག་མ་སྨིན་པ་ལྟ་བུ་དེ་ཚ་བས་གདུང་མ་བཅུག ལྷག་པས་གྲང་མ་བཅུག མངལ་དུ་འཚུབ་མ་བཅུག ཟས་ཁས་བསྙེད།མངར་བའི་ནུ་ཞོ་བསྣུན། ཤའི་དྲོད་ལ་བཅར། མི་གཙང་བ་ལག་པས་ཕྱིས། གཅིན་སྐྱག་གིས་མལ་གང་བ་ལ་དགའ་བཞིན་དུ་ཉལ། དེ་ལ་སོགས་པ་དཀའ་ཚེགས་ཁྱད་དུ་བསད་ནས་བུ་དེ་ཆེར་བསྐྱེད་པར་བྱེད། གཏམ་མི་ཤེས་པ་ལ་གཏམ་བསླབ། འགྲོ་འདུག་མི་ཤེས་པ་ལ་འགྲོ་འདུག་བསླབ་པ་སོགས་དགོས་པའི་བྱ་བ་ཐམས་ཅད་བསླབ། དུས་རྒྱུན་དུ་བདག་གི་བུ་འདི་ཚེ་རིང་ན། ནད་མེད་ན། ལོངས་སྤྱོད་དང་ལྡན་ན། མཐོ་ན། གྲགས་པ་རྒྱས་ན། བྱ་བ་གང་འདོད་ཐམས་ཅད་འགྲུབ་པ་ཞིག་འོང་ན་སྙམ་པ་སོགས་རང་ཚེ་ཕྱི་མའི་སྡུག་བསྔལ་ཤིན་ཏུ་ཆེ་བ་འབྱུང་བ་ལ་མི་སེམས་པར་བུའི་དོན་ལ་རེ་བའི་སེམས་ཀྱིས་དུས་འདའ་བར་བྱེད། ཡང་ངའི་བུ་འདི་འཆི་འགྲོའམ། ནའམ། ཁེ་དྲག་འབྱུང་ངམ། དམའ་འགྲོའམ། མིས་འཕྱའམ། དགྲས་བཅོམ་མམ། གཡང་ལ་ལྷུང་ངམ། ཆུས་ཁྱེར་རམ། མུ་གེས་འཆིའམ་སྙམ་པ་ལ་སོགས་པ་བུའི་དོན་ལ་དོགས་ཟོན་པའི་སྡུག་བསྔལ་ཤིན་ཏུ་མང་པོས་སེམས་གདུང་།བུ་ན་བ་ལས་མ་རང་ཉིད་ན་བ་བདམ། བུ་འཆི་བ་ལས་རང་འཆི་བ་བདམ། བུ་བཀྲེས་པ་ལས་རང་བཀྲེས་པ་བདམ། རང་གིས་ཟས་བཟའ་བ་དོར་ནས་བུ་ལ་སྦྱིན། གོས་རང་གིས་གྱོན་པ་སྤངས་ནས་བུ་ལ་བསྐོན། ཟས་གོས་བཟང་པོ་བུ་ལ་བྱིན་ནས་རང་གིས་ལྷད་ཟས་ཟ།གོས་ཧྲུལ་གྱོན། འདུག་མལ་བཟང་པོ་ལ་བུ་བཞག རང་ཆུ་འདམ་ནང་དུ་ཡང་ཉལ། དེ་མ་ཟད་ཚེ་གཅིག་ལ་ལག་ཁྲག་ཤིང་ལ་བརྐུས། རྐང་ཁྲག་རྡོ་ལ་བརྐུས། དཀའ་ཚེགས་ཁྱད་དུ་བསད། སྲོག་ཆད་ཆད་དུ་བསྒྲུབས་པའི་ལོངས་སྤྱོད་ཡོད་ཚད་ཐམས་ཅད་བུ་ལ་འབོགས་པ་ལ་ཕངས་སེམས་དང་ཉམ་ང་ཙམ་ཡང་མེད་པའི་སྟེང་དུ་རང་གི་བློ་བདེ་ཤོས་བྱེད་ཅིང་དགའ་བ་བྱེད། སྟོང་གསུམ་ནོར་དང་གོས་ཀྱིས་འགེངས་པ་བྱིན་ཡང་ཆེ་སྙམ་པ་མེད། བུ་ཆེར་སྐྱེས་པ་ན་བུས་ཚུར་གཤེ་ཡང་ཕར་ལ་འཛུམ་པའི་མིག་གིས་བལྟ། སྙན་པའི་མིང་གིས་འབོད། བརྩེ་བའི་སེམས་ཀྱིས་འཚོ། དེ་ལ་སོགས་པ་བུའི་དོན་ཁོ་ན་སེམས་པ་དང་། བུའི་དོན་ཁོ་ན་སྒྲུབ་པའི་ངང་ནས་ཚེ་ཟད་པར་བྱེད། བུ་བྱེས་སུ་སོང་བ་སོགས་ཀྱི་ཚེ་ན་མིག་མཆི་མས་གང་། གདོང་སོལ་བ་ལས་ནག སྙིང་ལ་མདའ་ཕོག་པ་བཞིན་སེམས་སྡུག ཉིན་མཚན་ཐམས་ཅད་སྡུག་བསྔལ་ཁོ་ནས་གདུང་། མཚན་མོ་གཉིད་མི་འོང་། ཟས་མིད་ལ་མི་འགྲོ། རང་གསོད་ན་བུ་སོས་པར་གོ་ན་རང་མེ་ཆུ་གཡང་ས་ལ་མཆོངས་པ་དཀའ་ཚེགས་ཙམ་མི་སེམས། དེ་ལ་སོགས་པ་དྲིན་ཆེན་པོ་མཐའ་ཡས་པ་སྦྱིན་པ་ཡིན་པས་བདག་གི་མ་འདི་བདག་ལ་ཅི་ལྟ་བུའི་དྲིན་ཅན་ཞིག་ཡིན་སྙམ་དུ་སྙིང་ཐག་པ་ནས་ཡང་ནས་ཡང་དུ་ལན་གྲངས་འབུམ་ཕྲག་སོགས་བསམ། ད་ལྟ་གཅིག་ཏུ་མ་ཟད་ཚེ་རབས་སྔ་མ་རྣམས་སུ་ལན་གྲངས་མཐའ་ཡས་པ་མར་བྱས་ཏེ། ད་ལྟ་འདི་བཞིན་དུ་དྲིན་མཐའ་ཡས་པ་སྦྱིན་པ་ཡིན།བདག་གི་མ་འདི་བཞིན་དུ་གླིང་བཞིའི་མི་དང་ལྷ་དང་དམྱལ་བ་པ་དང་ཡི་དྭགས་དང་དུད་འགྲོ་བ་རྣམས་ཀྱང་བདག་གི་མར་གྱུར་ནས་དྲིན་མཐའ་ཡས་པ་སྦྱིན་པ་ལ། ད་ལྟའི་མ་འདི་དང་ཁྱད་པར་མེད། དྲིན་མཐའ་ཡས་པ་སྦྱིན་པའི་མར་གྱུར་པ་ཤ་སྟག་ཡིན་སྙམ་ལ་སོགས་པ་རྒྱུ་མཚན་དུ་མས་བསམ་སྟེ་ད་ལྟའི་མ་འདི་བཞིན་དུ་དྲིན་ཆེན་པོ་དང་ལྡན་པ་ཡིན་པར་ཡང་ཡང་བསམ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་ལ་དམིགས་རྒྱ་བསྐྱེད་དེ་གོང་ལྟར་བསྒོམ། ཁྱད་པར་རང་གི་མཐོང་ཐོས་ཀྱིས་ཡུལ་གྱི་སེམས་ཅན་བྱེ་བྲག་པ་ལ་སོ་སོར་དམིགས་ཏེ་འདི་ཡང་བདག་གི་མ་ལན་གྲངས་མཐའ་ཡས་པ་བྱས་ནས་ད་ལྟའི་མ་བཞིན་དུ་དྲིན་མཐའ་ཡས་སྦྱིན་པ་ཡིན་སྙམ་དུ་རྒྱུ་མཚན་དུ་མས་བསམ་སྟེ་ཇི་ལྟ་བུའི་དྲིན་ཅན་ཞིག་ཡིན་སྙམ་པ་སྙིང་ནས་མ་སྐྱེས་བར་དུ་བསྒོམ་དགོས། དེ་འདྲ་སྐྱེས་པ་ན་སེམས་ཅན་མཐའ་ཡས་པ་ལ་དེས་རིགས་འདྲ་སྦྱར་ཏེ་བསྒོམ། དེ་ལྟར་ཡང་ཡང་བསྒོམས་པས་མཐར་སེམས་ཅན་མིག་གིས་གང་མཐོང་ཡིད་ལ་གང་ཤར་ཐམས་ཅད་ལ་ཆེད་དུ་བསམ་མི་དགོས་པར་བློ་ལ་ཤར་ཙམ་ནས་མར་མཐོང་བའི་སྒོ་ནས་དྲིན་མཐའ་ཡས་པ་དེ་ལྟ་བུ་བྱིན་པའི་དྲིན་ཅན་གྱི་མར་གྱུར་པའོ། །འདི་ལྟ་བུའི་དྲིན་ཅན་དེ་ལ་དྲིན་ལན་ཞིག་འཇལ་ཐུབ་ན། འདི་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱའོ་སྙམ་པ་དང་། སྡུག་བསྔལ་དང་བྲལ་ན་སྡུག་བསྔལ་མེད་པ་ལ་འགོད་པར་བྱའོ་སྙམ་པའི་སེམས་པ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་ནི་དྲིན་དྲན་པའི་བསམ་པ་ཡང་དག་པ་སྐྱེས་པ་སྟེ། དེའི་བར་དུ་བསྒོམ་པར་བྱའོ། །
༈ གསུམ་པ་དྲིན་གཟོ་བ་བསྒོམ་པ་ནི། སློབ་མ་ལ་སྤྲིངས་པ་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར་བདག་གིས་ད་ལྟའི་མ་འདི་ལ་དྲིན་ལན་ཞིག་སྦྱིན་དགོས། མ་རྒན་དྲིན་ཅན་འདི་ལ་དྲིན་ལན་ཞིག་མ་བྱིན་ན་དེ་ལས་ཁྲེལ་མེད་ཅི་ཡོད། སྔར་བཤད་པ་དེ་ལྟ་བུའི་དྲིན་ཅན་གྱི་མ་འདི་ལ་དྲིན་ལན་ཞིག་མ་བྱིན་ཐབས་འདུག་གམ་སྙམ་དུ་བསམ་པ་ལ་སོགས་པས་ད་ལྟའི་མ་ལ་དྲིན་ལན་བྱིན་འདོད་བཅོས་མིན་མ་སྐྱེས་བར་དུ་བསྒོམ་ཏེ་སྐྱེས་པ་ན་མི་དང་ལྷ་ལ་སོགས་པ་ནས་མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་ལ་བདག་གིས་དྲིན་ལན་ཞིག་བྱིན་དགོས་ཏེ། དྲིན་ཅན་དེ་འདྲ་བ་རྣམས་ལ་དྲིན་གཟོ་ཞིག་མ་བྱས་ན་དེ་ལས་ཁྲེལ་མེད་ཆེན་པོ་ཅི་ཡོད། ད་ལྟ་ཟས་ཁམ་གང་བྱིན་པ་ལ་ཡང་ལན་ཞིག་སྟེར་དགོས་ན་ལན་གྲངས་མཐའ་ཡས་པའི་བར་དུ་དྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྦྱིན་པའི་མར་གྱུར་པའི་སེམས་ཅན་རྣམས་ལ་དྲིན་ལན་ཅིའི་ཕྱིར་སྦྱིན་མི་དགོས། ད་སྔ་ཡན་ཆད་ལ་སེམས་ཅན་རྣམས་ལ་དྲིན་ལན་མ་བྱིན་པས་འཁོར་བར་འཁྱམས་པ་ཡིན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ནི་མར་གྱུར་སེམས་ཅན་རྣམས་ལ་དྲིན་ལན་བྱིན་པས་སངས་རྒྱས་པ་ཡིན།མ་རྒན་སེམས་ཅན་རྣམས་ནི་སྔར་བཤད་པ་ལྟ་བུའི་དྲིན་ཅན་ཡིན་པ་མ་ཟད། དེ་དག་ལ་དམིགས་ནས་སྦྱིན་སོགས་ཕར་ཕྱིན་བསྒོམས་པས་སངས་རྒྱས་དགོས་ཀྱི་དེ་དག་ལ་མ་དམིགས་ན་སངས་རྒྱས་ནམ་ཡང་མི་ཐོབ་པས་བདག་ལ་མ་འོངས་པ་ན་སངས་རྒྱས་ཀྱི་གོ་འཕང་སྟེར་བའི་དྲིན་ཅན་ཤ་སྟག་དེ་འདྲ་ལ་ཅིའི་ཕྱིར་དྲིན་ལན་མི་སྦྱིན། ངེས་པར་དྲིན་ལན་ཞིག་སྦྱིན་དགོས་སྙམ་པ་ལ་སོགས་པ་རྒྱུ་མཚན་དུ་མས་ཡང་ཡང་བསྒོམས་པས་མཐར་ཆེད་དུ་མ་བསྒོམས་ཀྱང་སེམས་ཅན་ཡིད་ལ་ཤར་བ་ཙམ་གྱིས་དྲིན་དྲན་ཏེ་སླར་དྲིན་ལན་སྦྱིན་འདོད་ནས་དྲིན་ལན་ཅི་ཞིག་སྦྱིན། སྦྱིན་པའི་ཐབས་ལ་ཅི་བྱ་སྙམ་ནས་ཅི་བྱས་གཏོལ་མེད་དུ་ཐུག་པའི་བསམ་པ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་ནི་དྲིན་གཟོ་བའི་བསམ་པ་བཅོས་མིན་སྐྱེས་པ་སྟེ། དེ་མ་སྐྱེས་བར་དུ་བསྒོམ་མོ། །
༈ བཞི་པ་ཡིད་འོང་གི་བྱམས་པ་བསྒོམ་པ་ནི། དེ་ལྟ་བུའི་དྲིན་ཆེ་བ་རྣམས་ལ་དྲིན་ལན་ཅི་ལྟ་བུ་ཞིག་སྦྱིན་དགོས་ན་དྲིན་སྦྱིན་ཡུལ་གྱི་མ་རྒན་སེམས་ཅན་རྣམས་ནི་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བས་ཕོངས་འདུག ད་མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུར་ཅིག ལྡན་པར་བདག་གིས་བྱའོ། །ལྡན་པར་བླ་མ་དང་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག བདེ་བ་ཡང་སངས་རྒྱས་མ་ཐོབ་བར་དུ་གཏན་གྱི་བདེ་བ་མི་ཐོབ་པས་མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་ལྡན་ན་ཅི་མ་རུང་། ཞེས་སོགས་སྔར་བཤད་པ་དང་། སངས་རྒྱས་ཀྱི་བདེ་བ་ཡང་ལྷ་མིའི་རྟེན་ལ་ཆོས་སྒྲུབ་པ་ལས་ཐོབ་དགོས་ཀྱི། དེ་ཐོབ་པ་མེད་ན་སངས་རྒྱས་མི་ཐོབ་པ་ཡིན་པས་གནས་སྐབས་སུ་ལྷ་མིའི་བདེ་བ་དང་ལྡན་ན་ཅི་མ་རུང་ཞེས་སོགས་དང་། དེ་ལྟ་བུའི་དྲིན་ཅན་རྣམས་བདེ་བ་དང་མ་ལྡན་ན་བདག་གི་སེམས་ལ་བཟོད་ཐབས་ཡོད་དམ།ད་ལྟའི་མ་འདི་ལ་བདེ་བ་ཅུང་ཟད་ཙམ་ཡང་མེད་ན་བདག་གི་སེམས་ལ་བཟོད་ཐབས་མི་འདུག དེ་དང་ཁྱད་པར་ཅི་ཡོད། མ་རྒན་སེམས་ཅན་ཐམས་ཅད་ངེས་པར་བདེ་བ་དང་ལྡན་པར་ཤོག་ཅིག་སྙམ་པ་ལ་སོགས་པ་དྲིན་དྲན་པའི་ངང་ནས་ཡང་ཡང་བསྒོམས་པས་མཐར་ཆེད་དུ་མ་བསྒོམས་ཀྱང་སེམས་ཅན་རྣམས་ཡིད་ལ་ཤར་བ་ཙམ་གྱིས་བདེ་བ་དང་ལྡན་འདོད་ཀྱི་བློ་བཅོས་མིན་མ་སྐྱེས་བར་དང་། ལྡན་པར་བདག་གིས་བྱེད་འདོད་ཀྱི་བསམ་པ་ཡིད་འགྱུར་བ་ཙམ་མ་སྐྱེས་བར་དུ་བསྒོམ། བྱམས་པའི་དམིགས་པ་སེམས་ཅན་རྣམས་ཡིན་ལ། རྣམ་པ་ནི་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་། བདེ་བ་དང་ཕྲད་པར་བདག་གིས་བྱའོ་སྙམ་པའོ། །དེ་ལྟར་བསྒོམ་ན་ཕན་ཡོན་མཐའ་ཡས་པ་ཡོད་དེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་།རིན་ཆེན་ཕྲེང་བ་ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི། །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས་པའི་ཕྱིར་རོ། །
༈ ལྔ་པ་བརྩེ་བའི་སྙིང་རྗེ་བསྒོམ་པ་ནི། སྙིང་རྗེའི་དམིགས་པ་ནི་སྡུག་བསྔལ་ཕྲ་རགས་ཅི་རིགས་ཀྱིས་སྡུག་བསྔལ་བ་རྣམས་ཡིན་ལ། རྣམ་པ་ནི། སྡུག་བསྔལ་དེ་དག་བྲལ་ན་སྙམ་པ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་བྲལ་བ་བདག་གིས་བྱའོ་སྙམ་པའོ། །དེ་ཡང་མ་རྒན་སེམས་ཅན་བདེ་བས་ཕོངས་པ་འདི་རྣམས་ནི་བདེ་བས་ཕོངས་པར་མ་ཟད་སྡུག་བསྔལ་བ་མཐའ་ཡས་པས་མནར་འདུག་སྟེ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་གསུངས་པ་ལྟར་དམྱལ་བ་ན་གནས་པའི་མ་རྒན་རྣམས་ནི་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་མཐའ་ཡས་པས་མནར་འདུག ཡི་དྭགས་ན་གནས་པ་རྣམས་བཀྲེས་སྐོམ་མེ་འབར་བས་དང་། དུད་འགྲོ་ན་གནས་པ་རྣམས་གླེན་ལྐུག་ལ་སོགས་པ་མཐའ་ཡས་པ་དང་། ལྷ་རྣམས་འཆི་འཕོ་ལྟུང་བའི་སྡུག་བསྔལ་མི་ཟད་པ་དང་། ལྷ་མ་ཡིན་འཐབ་རྩོད་སོགས་སྡུག་བསྔལ་བཟོད་པར་དཀའ་བ་ཡོད་པ་དང་། མི་རྣམས་མཐོ་དམན་འབྱོར་རྒུད་དྲག་ཞན་ལ་སོགས་པ་མཐའ་ཡས་པ་དང་སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་གྲངས་ལས་འདས་པས་མནར། ལྷ་མི་རྣམས་ཅུང་ཟད་བདེ་བར་སྣང་བ་དག་ཀྱང་བདེ་བ་དེ་རྟག་པ་སྙིང་པོ་ཅན་དུ་སྣང་ནས་སོ་སྐྱེས་རྣམས་བསླུས་བསླུས་པའི་མཐར་སྡུག་བསྔལ་ལ་སྦྱོར་བས་ན་བདེ་བར་སྣང་བ་དང་ལྡན་པའི་མ་རྒན་རྣམས་ཀྱང་སྡུག་བསྔལ་ཆུང་ངུ་ལ་བདེ་བར་སྣང་བ་ཡིན་གྱི་དོན་ལ་འགྱུར་བའི་སྡུག་བསྔལ་བཟོད་གླགས་མེད་པས་མནར་བ་ཡིན། དེ་མ་ཟད་མ་རྒན་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོ་དེ་ནི་ཕྱི་མའི་སྡུག་བསྔལ་མཐའ་ཡས་པ་ལ་སྦྱོར་བྱེད་ཀྱི་རྒྱུ་དང་། སྡུག་བསྔལ་མཐའ་ཡས་པའི་རྒྱུ་ཉོན་མོངས་ཐམས་ཅད་ཀྱི་བག་ཆགས་འཛིན་ཅིང་མི་གཏོང་བར་བྱེད་པའི་གཞི་དང་། སྡུག་བསྔལ་མཐའ་ཡས་པ་མྱོང་བའི་རྟེན་ཡིན་པས་མ་རྒན་སེམས་ཅན་རྣམས་ནི་སྡུག་བསྔལ་གྲངས་མེད་པས་སྐད་ཅིག་ཀྱང་རྒྱུན་ཆད་མེད་དུ་མནར་འདུག ཉན་རང་དགྲ་བཅོམ་རྣམས་ཀྱང་ཆོས་གང་ཤེས་འདོད་པ་དག་ཐོགས་མེད་དུ་མི་མཁྱེན་པ་དང་། དུས་གཅིག་ཏུ་སྐུ་གཅིག་གིས་སྐུ་སྣ་ཚོགས་སྟོན་པ་དང་། གསུང་གཅིག་གིས་ཆོས་སྒོ་སྣ་ཚོགས་སྟོན་པ་དང་།ཐུགས་གཅིག་གིས་ཤེས་བྱ་མཐའ་དག་ཅིག་ཅར་མཁྱེན་པའི་གེགས་ཤེས་སྒྲིབ་ཀྱི་འཇིགས་པ་ཆེན་པོས་མནར་འདུག དེ་ལྟར་དྲིན་ཅན་གྱི་མ་རྒན་སྡུག་བསྔལ་མཐའ་ཡས་པས་མནར་བ་འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག བྲལ་བར་བདག་གིས་བྱའོ། །བྲལ་བར་བླ་མ་དང་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་སྙམ་དུ་ཡང་ཡང་བསམ། བདག་ལ་དྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་བྱིན་པའི་མ་རྒན་སེམས་ཅན་འདི་རྣམས་བསྐལ་པ་གྲངས་མེད་པའི་བར་དུ། སྡུག་བསྔལ་ཆེན་པོ་བཟོད་གླགས་མེད་པ་མཐའ་ཡས་པས་མནར་བ་འདི་སྙིང་རྗེ་འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་ཞེས་སོགས་སྔར་བཞིན་བསམ། མ་རྒན་སེམས་ཅན་འདི་རྣམས་འཁོར་བའི་བཙོན་ར་ཆེན་པོར།བདེན་འཛིན་གྱི་ཞགས་པ་དམ་པོས་བཅིངས་ཏེ། སྡུག་བསྔལ་གྱི་མཚོན་རྣོན་པོ་བརྒྱ་ཕྲག་གིས་དུས་གཅིག་གཟིར་བ་འདི་བདག་གིས་སེམས་བཟོད་ཐབས་འདུག་གམ། ཕ་མ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་འདི་རྣམས་སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་ཞེས་སོགས་གོང་བཞིན་བསྒོམ་པ་སོགས་རྒྱུ་མཚན་སྣ་ཚོགས་ཀྱི་སྒོ་ནས་ཡང་ཡང་བསྒོམ་པ་སོགས་མཐར་ཆེད་དུ་མ་བསམ་ཀྱང་། སེམས་ཅན་མིག་གིས་མཐོང་བའམ་ཡིད་ལ་ཤར་བ་ཙམ་གྱིས་སེམས་ཅན་དེ་ཡིད་འོང་གཅེས་ཕངས་ཀྱི་རྣམ་པར་ཤར་བའི་སྒོ་ནས་དེའི་སྡུག་བསྔལ་དེ་བྲལ་འདོད་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེས་པའི་བཅོས་མིན་དང་། སྡུག་བསྔལ་བྲལ་བར་བདག་གིས་བྱེད་འདོད་ཀྱི་སྙིང་རྗེ་ཡིད་འགྱུར་གྱི་མྱོང་བའམ་རྩོལ་བཅས་ཀྱི་མྱོང་བ་མ་ཐོན་བར་དུ་བསྒོམ་པར་བྱའོ། །
༈ དྲུག་པ་ལྷག་བསམ་རྣམ་དག་བསྒོམ་པ་ནི། ལྷག་བསམ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐའ་དག་བདག་གིས་བསྒྲལ་བར་བྱ་སྙམ་པའི་གཞན་དོན་བདག་གི་ཁུར་དུ་འཁྱེར་བ་ཞིག་དགོས་ལ། དེ་ཡང་བདག་གི་མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་དགོས། སྡུག་བསྔལ་དང་བྲལ་དགོས་ཀྱང་སེམས་ཅན་ཁོ་རང་ཚོས་རང་སྟོབས་ཀྱིས་ནི་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བར་བྱེད་མི་ནུས་ཏེ། མ་རྒན་སེམས་ཅན་རྣམས་ནི་ཟག་བཅས་ཀྱི་ཉེར་ཕུང་གི་འཁོར་བའི་བཙོན་ར་ཐར་དཀའ་བའི་གནས་སུ་ཚུད།འཁོར་བར་འཕེན་འགྲུབ་ཀྱི་ལས་ཀྱི་བཙོན་སྲུང་སྒྲིན་པོས་ནམ་ཡང་ཐར་དུ་མི་སྟེར་འཁོར་བའི་རྩ་བ་བདེན་འཛིན་མ་རིག་པའི་ཞགས་པ་དམ་པོས་བཅིངས། བདེ་བའི་རྒྱུ་དགེ ་བ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་། དགེ་སྡིག་བླང་དོར་ལ་སོགས་པ་ཤེས་པའི་ཤེས་རབ་ཀྱི་མིག་ནི་ལོང་། ལས་ངན་གྱི་དབང་གིས་བཤེས་གཉེན་དང་འཕྲད་པའི་སྐལ་བ་ཟད་པས་ལོང་ཁྲིད་བྱེད་པའི་བཤེས་གཉེན་དང་བྲལ། འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤང་མི་ཤེས་པ་མ་ཟད་ཐོག་མེད་ནས་ཉོན་མོངས་པ་ལ་གོམས་པའི་དབང་གིས་ཉོན་མོངས་དུ་མ་རང་ཤུགས་ཀྱིས་རྒྱུན་མི་ཆད་པར་སྐྱེས་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དུ་མ་བསགས། འདོད་ཆགས་ལ་སོགས་པ་འཁོར་བའི་རྒྱུའི་སྡུག་བསྔལ་དང་། ཚ་གྲང་ལ་སོགས་པ་འཁོར་བའི་འབྲས་བུའི་སྡུག་བསྔལ་དང་། བདེན་སྣང་ལ་སོགས་པ་དང་ཟག་མེད་པའི་ཡིད་ལུས་ལ་སོགས་པ་ཞི་བའི་འཇིགས་པ་སོགས་སྡུག་བསྔལ་བརྒྱ་ཕྲག་གི་མཚོན་གྱིས་ཅིག་ཅར་གཟིར་ཡོད་པས་རང་སྟོབས་ཀྱིས་ནི་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བར་བྱ་བ་མི་ནུས། ད་ནི་མ་རྒན་སེམས་ཅན་རྣམས་བདེ་བ་ཐམས་ཅད་དང་ལྡན་པ་དང་། སྡུག་བསྔལ་ཕྲ་རགས་ཐམས་ཅད་དང་བྲལ་བར་བྱེད་པའི་ཁུར་དེ་སུ་ལ་བབས་ན་བདག་ལ་བབས་འདུག་སྟེ། ལན་གྲངས་མཐའ་ཡས་པ་ལ་དྲིན་བརྗོད་ཀྱིས་མི་ལངས་པ་བདག་ལ་བྱིན་པའི་དྲིན་ཅན་གྱི་མ་རྒན་རྣམས་ཀྱི་དོན་དེ་བསྒྲུབ་པ་བདག་ལ་མ་བབས་ན་སུ་ལ་བབས། བདག་གིས་དྲིན་ཅན་གྱི་མ་རྣམས་ཀྱི་དོན་མི་བསྒྲུབ་ན་བདག་ལས་ངན་པའི་ཁྲེལ་མེད་པ་སུ་ཞིག་ཡོད། གལ་དེ་ཁྲེལ་བོར་ནས་མ་རྣམས་ཀྱི་དོན་མ་བསྒྲུབས་ན་བདག་ལ་གྱོང་ཡང་ཤིན་ཏུ་ཆེ་སྟེ། མ་རྣམས་ཀྱི་དོན་དེ་མ་བསྒྲུབས་ན་བདག་ལ་གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་ནམ་ཡང་ཐོབ་མི་སྲིད། སེམས་ཅན་གྱི་དོན་བསྒྲུབས་ན་ནི་བདག་ལ་སྲིད་ཞིའི་འཇིགས་པ་ཐམས་ཅད་དང་བྲལ་ནས་གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ངེས་པ་ཡིན། དེས་ན་དྲིན་ཅན་གྱི་མར་གྱུར་པའི་སེམས་ཅན་མཐའ་དག་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བ་མ་ལུས་པ་དང་ལྡན་པར་བདག་གིས་བྱ།སྡུག་བསྔལ་རགས་པ་འཁོར་བའི་སྡུག་བསྔལ་རྒྱུ་ཉོན་མོངས་པ་དང་བཅས་པ་དང་། ཞི་བའི་འཇིགས་པའམ་སྡུག་བསྔལ་ཕྲ་མོ་ཟག་མེད་ཡིད་ལུས་རྒྱུ་ཤེས་སྒྲིབ་དང་བཅས་པ་དང་བྲལ་བར་བདག་གིས་བྱ་སྙམ་དུ་ཡང་ཡང་བསམ། བདག་ལ་དྲིན་མཐའ་ཡས་པ་སྦྱིན་པའི་མ་སེམས་ཅན་གྱི་དོན་དེ་བདག་གིས་མི་བསྒྲུབ་པའི་ཐབས་མེད་ཡིན་སྙམ་དུ་བསམ། དྲིན་ཅན་དེ་འདྲ་བ་དག་གི་དོན་མི་བྱེད་པ་ནི་དཔྱད་ཤེས་ན་བདག་གི་སྙིང་ལ་བཟོད་རྒྱུ་ཞིག་འདུག་གམ། རང་ལ་ཚིག་ཙམ་གྱིས་ཕན་འདོགས་པ་ལ་ཡང་གནོད་པ་ཞིག་བྱུང་ན་སེམས་ལ་མི་བཟོད་པ་མི་སྐྱེའམ། བདག་གི་སྙིང་འདི་ལྕགས་ལས་བྱས་པའི་སེམས་མེད་བསམ་བློ་གཏོང་རྒྱུ་མེད་པ་འདྲ་ཡིན་ན་མ་གཏོགས། དྲིན་ཅན་དེ་འདྲ་རྣམས་ཀྱི་དོན་བསྒྲུབ་པར་མི་སེམས་པ་ཞིག་ག་ལ་ཡོད། དེས་ན་མ་རྒན་སེམས་ཅན་མཐའ་དག་གི་དོན་བདག་གིས་བསྒྲུབ་པར་བྱ། སྡུག་བསྔལ་ཕྲ་རགས་མཐའ་དག་དང་བྲལ་བར་བདག་གིས་བྱ་སྙམ་པའི་བློ་རང་ཤུགས་ཀྱིས་ངམ་ངམ་ཤུགས་ཀྱིས་སྐྱེ་བའི་བློ་བཅོས་མིན་དེ་མ་སྐྱེས་བར་དུ་བསྒོམ་པར་བྱའོ། །དེ་ལ་སེམས་ཅན་མཐའ་དག་བདེ་བ་མ་ལུས་པ་དང་ལྡན་པར་བདག་གིས་བྱེད་འདོད་ཀྱི་བློ་ནི་གཞན་དོན་ཁུར་ཁྱེར་གྱི་བྱམས་པ་དང་། སེམས་ཅན་མཐའ་དག་སྡུག་བསྔལ་མ་ལུས་པ་དང་བྲལ་བར་བདག་གིས་བྱེད་འདོད་ཀྱི་བློ་ནི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཡིན་ནོ། །གཞན་ཡང་སེམས་བསྐྱེད་རྒྱུད་ལ་བསྐྱེད་པ་ལ་རྒྱལ་བ་སྲས་བཅས་ལ་ཡོན་ཏན་ཅན་དུ་ཤེས་པའི་དད་པ་སྟེ། དཀོན་མཆོག་སྒྲོན་མར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་པ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །
༈ བདུན་པ་ཐེག་ཆེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་བཤད་པ་ལ། ཐེག་ཆེན་སེམས་བསྐྱེད་དངོས་དང་། ཕན་ཡོན་དང་། བསླབ་བྱ་དང་། སེམས་བསྐྱེད་སྐྱེ་གནས་འཕེལ་བའི་ཐབས་ཚད་མེད་བཞི་བཤད་པ་དང་བཞི། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་མ་སྐྱེས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་གནས་མེད་པར་སེམས་བསྐྱེད་དེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྩ་བུ་ལྟ་བ་ཡིན་ཏེ། སྡོང་བོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་བོ་ལྟར་བརྟན་དང་། །ཞེས་གསུངས་སོ།།ཐེག་ཆེན་སེམས་བསྐྱེད་ཀྱི་རྒྱུར་གྱུར་བའི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཐེག་ཆེན་སེམས་བསྐྱེད་ཀྱི་རྒྱུར་གྱུར་བའི་གཞན་དོན་དོན་གཉེར་གྱི་འདུན་པས་གཞན་དོན་བྱང་ཆུབ་ལ་དམིགས་པ་དང་། སེམས་བསྐྱེད་རང་གིས་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་བམ་རྫོགས་པའི་སངས་རྒྱས་ལ་དམིགས་ནས་ཐོབ་པར་འདོད་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །ཆེད་དུ་བྱེད་པ་པོ་རང་གི་ངང་ཚུལ་ཤེས་པས་ལེན་པར་འདོད་པའི་སྨོན་པ་སྟེ། བསླབ་བཏུས་སུ། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ནོ། །ཞེས་སོ། །དེ་ཡང་ད་བདག་གིས་དྲིན་ཅན་གྱི་སེམས་ཅན་མཐའ་དག་གིི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདག་གིས་བསྒྲུབས་དགོས་ན། ད་ལྟ་བདག་གིས་དེ་ལྟར་བསྒྲུབ་ནུས་སམ་མི་ནུས། སེམས་ཅན་མཐའ་དག་གི་དོན་བསྒྲུབ་པ་ལ་ནི་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་མེད་པར་སེམས་ཅན་གྱི་དོན་བསྒྲུབ་པར་མི་འགྱུར་བས་དེ་ཡོད་པ་གཞིར་བཞག་པའི་སྟེང་དུ་གདུལ་བྱའི་སེམས་ཅན་དེ་འཇིག་རྟེན་གྱི་ཁམས་གང་དུ་ཡོད་པ་དེར་བགྲོད་ཐུབ་པ་དང་། དེ་ཡང་སེམས་ཅན་བརྒྱ་ཕྲག་དུ་མ་འདུལ་བའི་དུས་ལ་དུས་མཉམ་དུ་བབས་ན་ནི་དུས་ཚོད་དེ་ལས་སྔ་ཕྱི་ཡོལ་བ་ཡིན་ན་འདུལ་མི་ནུས་པས། སེམས་ཅན་དེ་དང་དེ་འཇིག་རྟེན་གྱི་ཁམས་དེ་དང་དེར་ཡོད་པའི་ཡུལ་དེར་ཅིག་ཅར་བགྲོད་ཐུབ་པ་དང་། སྐུའི་བཀོད་པ་མི་འདྲ་བ་དང་ཆོས་སྒོ་མི་འདྲ་བ་དང་། སྐད་རིགས་མི་འདྲ་བས་འདུལ་དགོས་ན་སྐུ་གཅིག་གིས་འཇིགས་རྟེན་གྱི་ཁམས་རབ་འབྱམས་སུ་སྐུའི་དབྱིབས་དང་ཁ་དོག་མི་འདྲ་བ་ཅིག་ཅར་སྟོན་པ་དང་།གསུང་གཅིག་གིས་ཆོས་སྒོ་མཐའ་ཡས་པ་རྣམས་སྐད་རིགས་མཐའ་ཡས་པས་ཅིག་ཅར་སྟོན་ནུས་པ་དགོས། དེ་ལའང་གདུལ་བྱའི་ཁམས་དབང་མོས་པ་མཐའ་ཡས་པ་དང་ཁམས་དབང་མོས་པ་དང་མཐུན་པར་སྟོན་རྒྱུའི་ཆོས་སྒོ་མཐའ་ཡས་པ་ཐམས་ཅད་ཅིག་ཅར་མཁྱེན་པ་དགོས། དེ་ལྟར་བྱེད་ནུས་པ་ཐམས་ཅད་མཁྱེན་པའི་གེགས་སྒྲིབ་གཉིས་དྲུངས་ནས་ཕྱུང་དགོས་སོ། །
དེས་ན་བདག་ལ་དེ་འདྲའི་ཡོན་ཏན་མེད་པ་མ་ཟད་ལས་ཉོན་གྱིས་གང་དུ་འཕེན་པའི་ངེས་པ་ཡང་མེད་པས། ད་ལྟ་ནི་གཞན་དོན་མཐའ་དག་བྱེད་པའི་ནུས་པ་བདག་ལ་མི་འདུག་པས། ད་ཅི་ཞིག་བྱས་ན་བསྒྲུབ་ནུས་སྙམ་ན་འཇིག་རྟེན་ན་མཐོ་བ་ཚངས་པ་དང་བརྒྱ་བྱིན་འཁོར་ལོའི་བསྒྱུར་རྒྱལ་ལ་སོགས་པའི་གོ་འཕང་བསྒྲུབ་ནའང་མི་ནུས་ཏེ། དེ་དག་ལ་དེ་འདྲའི་ཡོན་ཏན་ཟུར་ཙམ་མེད་པར་མ་ཟད་སེམས་ཅན་གྱི་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་ཡང་མེད་ལ་ལས་ཉོན་གྱི་གཞན་དབང་ཅན་ཡང་ཡིན་ནོ། །ཉན་རང་དགྲ་བཅོམ་པ་ཐོབ་པར་བྱས་ནའང་མི་ནུས་ཏེ་ཉན་རང་རྣམས་ལ་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་མེད་ཅིང་གོང་དུ་བཤད་པའི་ཡོན་ཏན་རྣམས་ཀྱི་གཅིག་ཀྱང་མེད་པའི་ཕྱིར་རོ་སྙམ་དུ་བསམ། འོ་ན་ཅི་ཞིག་བྱས་ན་གཞན་དོན་ཐམས་ཅད་བསྒྲུབ་ནུས་སྙམ་ན། །སངས་རྒྱས་དེ་བདག་གིས་ཐོབ་པར་བྱས་ན་གཞན་དོན་མཐའ་དག་བསྒྲུབ་ནུས་ཏེ། འཇིག་རྟེན་གྱི་ཁམས་རབ་འབྱམས་གྲངས་ལས་འདས་པ་རྣམས་སུ་སེམས་ཅན་གྱི་རིགས་གྲངས་ལས་འདས་པ་ཅིག་ཅར་འདུལ་བའི་དུས་ལ་བབས་ཏེ། དུས་དེ་ལས་སྔ་ཕྱི་ཅུང་ཟད་ཀྱང་ཡོལ་མི་རུང་བའི་དུས་ལ་བབ་ཚེ་སྐུ་གཅིག་ཆར་སྟོན་དགོས་པའི་དུས་ལ་བབ་ན་སུ་དེ་ཉིད་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་གནས་སུ་རེ་རེ་ཅིག་ཅར་བགྲོད་ནུས། ཆོས་ཀྱི་སྒོ་མཐའ་ཡས་པ་ཐམས་ཅད་སྐད་རིགས་མཐའ་ཡས་པ་རྣམས་ཀྱང་ཅིག་ཅར་མཁྱེན། ཁམས་དབང་མོས་པ་དང་མཐུན་པར་སྟོན་པའི་ཆོས་སྒོ་མཐའ་ཡས་པ་དང་། དེ་དག་སྟོན་ཚུལ་གྱི་ཐབས་མཐའ་ཡས་པ་ཐམས་ཅད་ཀྱང་ཅིག་ཆར་མཁྱེན། དེ་ལྟར་མཁྱེན་ཅིང་གཞན་དོན་བསྒྲུབ་འདོད་ཀྱི་སྙིང་རྗེ་མེད་པ་ཞིག་སྲིད་ན་གཞན་དོན་མི་བསྒྲུབ་ཀྱང་སངས་རྒྱས་ལ་ནི་གཞན་དོན་སེམས་ཅན་མཐའ་དག་སྲིད་ཞིའི་འཇིགས་པ་མཐའ་དག་ལས་བདག་གིས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དུས་སྐད་ཅིག་ཙམ་ལ་རྒྱུན་ཆད་པ་མི་སྲིད། དེས་ན་གཞན་དོན་ཐམས་ཅད་བསྒྲུབ་པའི་ནུས་པ་དེ་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་ཅིང་། སངས་རྒྱས་ཁོ་ནས་གཞན་དོན་མཐའ་དག་བསྒྲུབ་ནུས་པས་བདག་གིས་གཞན་གྱི་དོན་མཐའ་དག་བསྒྲུབ་པའི་ཆེད་དུ་སངས་རྒྱས་དེ་བདག་གིས་ཐོབ་པར་བྱ། སངས་རྒྱས་ཀྱིས་གཞན་དོན་ཐམས་ཅད་བསྒྲུབ་ནུས་དེ་ལྟ་ཡིན་ན་ཡང་སངས་རྒྱས་དེ་བདག་ལ་ཐོབ་བམ་སྙམ་ན་སངས་རྒྱས་དེ་ནི་བསྒྲུབ་ན་ངེས་པར་ཐོབ་ཡོང་བ་ཡིན་པས་སེམས་ཅན་གྱི་དོན་བསྒྲུབ་ཕྱིར་བདག་གིས་དུས་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་པར་གཞན་རྒྱུད་ཀྱི་སྲིད་ཞིའི་འཇིགས་པ་བསལ་ཏེ་འཁོར་བ་ཕྲ་རགས་ལས་འདྲེན་པར་བྱ་བ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་རྒྱུ་དང་བཅས་པ་བསྒྲུབ་པར་བྱའོ་སྙམ་དུ་ཡང་ཡང་བསམ། དེ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་མ་ལུས་པ་བསྒྲུབ་པའི་ཕྱིར་དུ་བདག་ལ་ངེས་པར་སངས་རྒྱས་ཐོབ་དགོས་པར་འདུག་སྙམ་པ་ཡང་ཡང་བྱ། གཞན་ཡང་སེམས་ཅན་ཡིད་ལ་ཤར་ཚེ་དེའི་དོན་བསྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ནི་ངེས་པར་ཐོབ་དགོས་འདུག དེ་དགོས་ཀྱང་སངས་རྒྱས་ནི་རྒྱུ་མེད་པ་ལས་ཀྱང་མི་ཐོབ། རྒྱུ་ཕྱིན་ཅི་ལོག་གིས་མི་འཐོབ། རྒྱུ་མ་ནོར་བ་ཡིན་ཀྱང་རྒྱུ་མ་ཚང་བ་ལས་ཀྱང་མི་ཐོབ་པས། བདག་གིས་སངས་རྒྱས་ཐོབ་པའི་རྒྱུ་ཚང་ལ་མ་ནོར་བ་ཐེག་པ་ཆེན་པོའི་ཚོགས་གཉིས་ཀྱི་ལམ་ཤིན་ཏུ་གྲངས་མང་བ་རྒྱ་མཚོ་ལྟ་བུ་དེ་ཉམས་སུ་ལེན་པར་བྱའོ། །
ཚོགས་གཉིས་ལམ་རྣམས་བརྩོན་འགྲུས་དྲག་པོས་བསྒོམ་པར་བྱའོ་སྙམ་དུ་ཡང་ཡང་བསམ། སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་།བསམ་གཏན་དང་། ཤེས་རབ་ཀྱི་ཕར་ཕྱིན་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བདག་གིས་ངེས་པར་རྒྱུད་ལ་བསྐྱེད་པར་བྱའོ། །ལམ་གང་བསྒོམ་པ་ཐམས་ཅད་དང་། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐ་ན་མིག་གི་འབྱེད་འཛུམ་ཙམ་ཡང་གཞན་ལ་ཕན་པའི་རྒྱུར་དམིགས་ཏེ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་བྱའོ་སྙམ་དུ་ཡང་ཡང་བསམ། གལ་ཏེ་ཐེག་ཆེན་གྱི་ལམ་སྒྲུབ་དཀའ་བ་དག་བདག་གིས་སྒྲུབ་མི་ནུས་སྙམ་ན། ཐེག་ཆེན་གྱི་ལམ་སྒྲུབ་པ་ལ་གནས་སྐབས་དཀའ་ངལ་ཅུང་ཟད་བྱུང་ཡང་གཏན་གྱི་བདེ་བ་སངས་རྒྱས་ཐོབ་པ་ཡིན། ལས་ངན་གྱི་དབང་གིས་དམྱལ་བར་གནས་པ་སོགས་དོན་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་མི་འདྲ་བར། སངས་རྒྱས་ཐོབ་པའི་རྒྱུར་ལམ་སྒྲུབ་དཀའ་བ་དེ་དག་སྒྲུབ་ན་བླ་ན་མེད་པའི་བདེ་བ་ཐོབ་པ་ཡིན། དེས་ན་བདག་གིས་རྒྱལ་སྲས་ཀྱི་ལམ་བྱ་དཀའ་བ་ཐམས་ཅད་ཅིའི་ཕྱིར་བསྒྲུབ་མི་ནུས་ངེས་པར་བསྒྲུབ་ནུས་པ་དང་སྒྲུབ་པའི་སྐལ་བ་དང་ལྡན་པ་ཡིན་སྙམ་དུ་བསམ། བདག་བློ་གྲོས་ངན་པ་དང་ཉོན་མོངས་པ་མང་བ་ལ་སོགས་པ་ཡིན་པས་བསྒྲུབ་མི་ནུས་སྙམ་ན་ཡང་བདག་གིས་ཐེག་ཆེན་གྱི་ལམ་མ་ལུས་པ་བསྒྲུབ་ནུས་ཏེ། དང་པོ་ཉིད་ནས་མི་ནུས་ཀྱང་ཐེག་ཆེན་གྱི་ལམ་བསྒྲུབ་ནུས་པ་དང་བསྒྲུབ་པའི་སྐལ་པ་དང་ལྡན་པའི་རྒྱུར་དམིགས་ནས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ལ་སོགས་པའི་ཚོགས་བསགས་སྒྲིབ་སྦྱོང་བྱས་ནས་སྨོན་ལམ་བཏབ། ཐེག་ཆེན་དགེ་བའི་བཤེས་གཉེན་བསྟེན་ནས་ཐེག་པ་ཆེན་པོའི་ཟབ་རྒྱས་རྣམ་བཞག་ལ་ཐོས་བསམ་སྒོམ་པ་བྱེད་ན། ཚེ་ཕྱི་མར་ཐེག་ཆེན་གྱི་ལམ་བསྒྲུབ་པའི་གང་ཟག་ཏུ་སྐྱེ། དེའི་རིམ་པས་ཇེ་བཟང་དུ་འགྲོ་བ་ནི་སེམས་ཀྱི་ཆོས་ཉིད་ཡིན་པས་བདག་གིས་ཐེག་ཆེན་གྱི་ལམ་མཐའ་ཡས་པ་བསྒྲུབས་ནས་བླ་མེད་བྱང་ཆུབ་ཐོབ་པར་བྱེད་ནུས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་སྔོན་ཚེ་བདག་ལྟ་བུ་སེམས་ཅན་ཉམ་ཆུང་བ་ཞིག་གིས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས་པས་སངས་རྒྱས་པ་ཡིན་འདུག བདག་གིས་ཀྱང་ཅིའི་ཕྱིར་སངས་རྒྱས་ཐོབ་པར་བྱེད་མི་ནུས་ཏེ་ནུས་སྙམ་ནས་ཡང་ཡང་བསྒོམ།
གཞན་ཡང་སངས་རྒྱས་ཐོབ་ཀྱང་སྤྲུལ་པ་མཐའ་ཡས་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་བྱ་བ་མཐའ་ཡས་པ་བྱེད་དགོས། དེས་ན་རྒྱལ་སྲས་ཀྱི་ལམ་དང་མཛད་པ་མཐའ་ཡས་པ་ཐམས་ཅད་བདག་གིས་བསྒྲུབ་འདོད་ཀྱི་བསམ་པ་དང་། བདག་གིས་ངེས་པར་བསྒྲུབ་ནུས་སྙམ་པའི་རྒྱལ་སྲས་ཀྱི་ལམ་ལ་གོ་ཆ་གྱོན་པའི་སྙིང་སྟོབས་ཀྱི་བསམ་པ་བཅོས་མ་མ་ཡིན་པའི་བརྟན་པོ་སྐྱེས་པར་བྱེད་པ་ནི། གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ནི་དེ་ལྟར་ཡིན་ནོ། །
སྔགས་ལམ་ལ་འཇུག་པའི་གང་ཟག་གིས་ནི། བདག་གིས་མ་རྒན་རྣམས་སྲིད་ཞིའི་སྡུག་བསྔལ་ལས་སྒྲོལ་བ་ལ་མདོ་ལམ་དུ་ཞུགས་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་འགོར་ལོང་མི་འདུག་པས། སྙིགས་དུས་ཀྱི་ཚེ་འདིར་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱས་ཏེ་མྱུར་དུ་སེམས་ཅན་རྣམས་སྲིད་ཞིའི་འཇིགས་པ་ལས་བསྒྲལ་བར་བྱའོ་སྙམ་པའི་སྨོན་པ་སེམས་བསྐྱེད་ཁྱད་པར་བ་དང་། ཚེ་གཅིག་ཏུ་སངས་རྒྱས་ཐོབ་པ་ལ་མདོའི་ལམ་གྱིས་མི་ཐོབ་པས་མདོ་ལམ་གྱི་ཚོགས་གཉིས་མཐའ་ཡས་པ་མ་ལུས་པའི་དོད་ཐུབ་པའི་སྔགས་ཀྱི་བདེ་སྟོང་གི་ཡེ་ཤེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱའོ་སྙམ་པས་དངོས་སུ་རྩིས་ཟིན་པའི་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་འཇུག་པ་སེམས་བསྐྱེད་ཁྱད་པར་བ་བསྐྱེད་དགོས་སོ། །རྒྱུ་འབྲས་གོ་རིམ་དེ་ལྟ་བུའི་སྒོ་ནས་བསྒོམ་དགོས་ཏེ།ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། བདེ་ཞིང་སྐྱིད་ན་ཅི་མ་རུང་། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་པར་བྱའོ་སྙམ་དུ་ཡང་ཡང་བསྒོམ། ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ཐེག་ཆེན་སེམས་བསྐྱེད་པའི་ཕན་ཡོན་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། གང་ཟག་དེ་ཐེག་ཆེན་པར་འགྲོ་མི་འགྲོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་ལ་རག དགེ་བ་གང་ཡང་རུང་བ་བྱས་པ་དེ་སངས་རྒྱས་སྒྲུབ་བྱེད་དུ་འགྲོ་མི་འགྲོ་ཡང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་མ་ཟིན་ལ་རག་སྟེ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེས་མ་ཐག་ཐེག་པ་ཆེན་པོ་པར་ཆུད་པ་དང་། ཚུལ་ཁྲིམས་རྣམ་པ་གསུམ་སོགས་བསླབ་པ་གསུམ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཐོབ་པ་དང་། ནམ་ཞིག་ན་རྫོགས་པའི་བྱང་ཆུབ་ཐོབ་ངེས་པར་འགྲོ་བས། བྱང་ཆུབ་ཀྱི་རྩ་བ་ཚུགས་པ་དང་། ཇི་སྐད་དུ། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་དང་། དེས་ན་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་པ་མང་པོ་ཞིག་འབྲས་བུ་གཏན་ནས་འབྱིན་པར་མི་ནུས་པའི་ཚུལ་གྱིས་དག་པར་འགྱུར་ལ། ཁ་ཅིག་ད་ལྟ་རྣམ་སྨིན་ཐག་བསྲིངས་པའི་ཚུལ་གྱིས་འབྲས་བུ་ཕྱི་འགྱངས་སུ་གྱུར་པའི་བར་དེར། གཉེན་པོ་དགེ་བ་གཞན་གྱིས་འཇོམས་པར་བྱེད་དོ། །དེ་ལྟར་ན་སེམས་བསྐྱེད་པ་ཙམ་གྱིས་སྡིག་པའི་ཚོགས་དཔག་ཏུ་མེད་པར་བྱང་བར་འགྱུར་རོ། །དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས།བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དངོས་སམ་བརྒྱུད་པའི་སྒོ་ནས་ཕན་ཡོན་ཚད་མེད་པར་གསུངས་ཤིང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། ། འབྲས་བུ་འབྱིན་པས་མི་ཟད་འཕེལ་པར་འགྱུར། །ཞེས་བཤད་པ་ལྟར་དགེ་བ་ཟད་པ་མེད་པ་དང་། སེམས་བསྐྱེད་ཀྱིས་མ་ཟིན་པའི་སྦྱིན་སོགས་དགེ་བ་བསྐལ་པར་བསྒྲུབས་པ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་བསྐྱེད་ཙམ་ཉིད་ཀྱང་ཕན་ཡོན་ཆེ་སྟེ། སེམས་བསྐྱེད་པ་ཙམ་ཁོ་ནའི་རྣམ་པར་སྨིན་པས་ཀྱང་། བརྒྱ་བྱིན་དང་འཁོར་ལོས་བསྒྱུར་རྒྱལ་གྱི་གོ་འཕང་ལན་བརྒྱ་སྟོང་འབུམ་ཕྲག་ཏུ་འགྱུར་བའང་ཡོད། སེམས་བསྐྱེད་ཉིད་ལ་བརྟེན་ནས་ཕྱིས་རིམ་གྱིས་འབྱུང་བའི་ཕན་ཡོན་ནི། བླ་ན་མེད་པའི་སངས་རྒྱས་ཀྱང་འགྲུབ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །སངས་རྒྱས་རྣམས་ལ་མཆོད་པའི་མཆོག་ཀྱང་འདི་ཡིན་ཏེ། མདོ་ལས།གངྒཱའི་བྱེ་མ་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་ནས། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས། ཟང་ཟིང་གི་མཆོད་པ་ཅི་ཙམ་ཆེ་ཡང་སྒྲུབ་པའི་མཆོད་པ་གཅིག་གིས་ཟིལ་གྱི་གནོན་པ་ཡིན་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྒྲུབ་པའི་མཆོད་པ་རྣམས་ཀྱི་ནང་ནས་ཀྱང་བླ་ན་མེད་པ་ཆེས་མཆོག་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་གདུང་རིགས་རྒྱུན་མི་འཆད་པར་བྱས་པའི་ཕྱིར་མཆོད་པའི་མཆོག་གོ །གཞན་ཡང་ངན་འགྲོ་ལས་ནི་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་།སྤྱོད་འཇུག་ལས། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། ། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་གསུངས་པ་ལྟར་ཡིན་ཞིང་། འཇུག་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི། སེམས་དེ་བསྐྱེད་མ་ཐག་པ་ནས། སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ། བདེ་བས་ཚིམ་པར་བྱེད། གཏི་མུག་ལ་སོགས་པ་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་པའི་སེམས་ཅན་གྱི་དོན་ཕྱོགས་མེད་རིས་མེད་ལ་ཞུགས་པ་ཡིན་ཏེ།གང་ཞིག་བདེ་བས་འཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ལ། །གཏི་མུག་ཀྱང་ནི་སེལ་བྱེད་པ། །
དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །ལྷན་ཐབས་ལས། སྤངས་པའི་ཉེས་དམིགས་ནི། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ཉམས་ན། སོ་སོར་ཐར་པའི་ཕས་ཕམ་བཞི་ཕོག་པ་ལས་ཀྱང་ལྕི་བ་ལྟ་ཅི་སྨོས། མཚམས་མེད་ལྔ་ལས་ཀྱང་ཆེས་ཉེས་དམིགས་ཆེ་བས། དམྱལ་བ་མནར་མེད་དམ་ངན་སོང་གི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་ཡང་ནས་ཡང་དུ་མྱོང་བ་དང་། གཞན་ཡང་རང་དང་གཞན་གྱི་དོན་ཉམས་ལུགས་མང་པོ་དང་། མི་འདོད་པ་དང་སྡུག་བསྔལ་མཐའ་ཡས་པ་དག་འབྱུང་བར་བཤད་དོ། །
གསུམ་པ་བསླབ་བྱ་ནི། ལྷན་ཐབས་ལས། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱར་འགྲོ་བ་ཡིན། ཁྱད་པར་དུ་འཇུག་སྡོམ་ལ་རྩ་བ་བཞི་དང་སྦོམ་པོ་ཞེ་དྲུག་སྤོང་བ་སོགས་དང་ནམ་མཁའི་སྙིང་པོའི་མདོ་ལས་རྩ་ལྟུང་བཅུ་བཞི་གསུངས་པ་སྤོང་བ་སོགས། འཕྲལ་གྱི་འཇུག་ལྡོག་ལ་ཉེ་བར་མཁོ་བ་སྤང་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་བཅས་པ་རྣམས་དང་། ཕར་ཕྱིན་དྲུག་དང་བསྡུ་དངོས་སོགས་བླང་བྱ་སྒྲུབ་པའི་བསླབ་པར་བྱ་བ་རྣམས་ཡིན་མོད་ཀྱི། དེ་དག་རེ་ཞིག་འདིར་རྒྱས་པར་མི་འཆད། བྱང་ཆུབ་ཀྱི་སེམས་བསྒོམ་ཕྱིན་ཆད་འདི་གལ་ཆེ། སེམས་ཅན་བློས་སྤངས་པ་དང་། མི་མཐུན་པའི་སེམས་བསྐྱེད་པ་གཉིས་ཀྱིས་སེམས་བསྐྱེད་གཏོང་སྟེ་ཆོ་གས་བླངས་པའི་སྡོམ་པ་ཡིན་ན་འཇིག་པ་ལྟ་ཅི་སྨོས། དམ་བཅས་པ་ཙམ་གྱིས་སེམས་རྒྱུན་ཡང་འཇིག་པར་འགྱུར་རོ། །སེམས་ཅན་བློས་སྤངས་པ་ནི། སེམས་ཅན་གཅིག་གམ་མང་པོ་ཡིན་ཡང་རུང་། གནས་སྐབས་རེ་ཞིག་བློས་སྤངས་ཀྱང་། ཕུགས་བློས་མ་བཏང་ན་སྤངས་པ་དངོས་སུ་མི་འགྱུར་ལ།ཡུལ་སེམས་ཅན་གཅིག་ཁོ་ན་ཡིན་ཡང་། འཕྲལ་ཕུགས་ཐམས་ཅད་དུ་བློས་སྤངས་ན་ཉེས་པ་འདིར་འགྱུར་རོ། །མི་མཐུན་པའི་སེམས་ནི། ལོག་ལྟ་སྐྱེས་པའམ་རྫོགས་པའི་སངས་རྒྱས་ཐོབ་འདོད་ལྡོག་པ་དང་། བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་མེད་སྙམ་སྐུར་འདེབས་ཀྱིས་ལོག་པར་གཟུང་པས་བྱང་ཆུབ་ཀྱི་སེམས་སྤོང་བར་བྱེད་དམ་སྐུར་འདེབས་མེད་ཀྱང་བྱང་སྡོམ་གྱི་བསླབ་པ་ཕུལ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྟག་ཏུ་ཕན་འདོགས་པ་ཁོ་ན་ཡིན་པའི་ཕྱིར། དེ་ཐམས་ཅད་ཀྱི་རྩ་བ་སེམས་ཅན་བློས་མི་སྤང་བ་ལ་ཐུག ཡང་དག་པར་ཐེག་ཆེན་ལ་ཞུགས་པ་དེ་གནོད་བྱེད་ཚུན་ལ་བདེ་བར་འདོད་པའི་བསམ་པ་ཡོད་ཕྱིན། གཞན་ཉེས་བྱས་གྲངས་མེད་པས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྩ་བ་ནས་གཞོམ་པར་མི་ནུས་སོ། །གནས་སྐབས་སུ་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ། དཀར་པོའི་ཆོས་བཞི་ལ་བསླབ། བརྗེད་པའི་རྒྱུ་ནག་པོའི་ཆོས་བཞི་སྤོང་། དེ་ཡང་ནག་པོ་རེའི་གཉེན་པོར་དཀར་པོ་རེ་འབྱུང་སྟེ། ཟུང་བཞི་ཡ་བརྒྱད་ཀྱི་བསླབ་བྱ་ཟེར། དཀར་ཆོས་བཞི་ལ་བསླབས་ན། ནག་པོ་བཞི་སྤོང་བ་དེའི་ཁོངས་སུ་འདུས་པས་ལོགས་ན་མེད། དེ་ཡང་མཆོད་འོས་བསླུ་བ་ནག་པོའི་ཆོས་ཀྱི་གཉེན་པོར། ཤེས་བཞིན་གྱི་བརྫུན་མི་སྨྲ་བ་དཀར་པོའི་ཆོས་ཏེ་ཟུང་གཅིག བྱང་ཆུབ་སེམས་དཔའ་ལ་མི་བསྔགས་པ་བརྗོད་པ་ནག་པོའི་གཉེན་པོར། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པ་བྱེད་པ་དཀར་པོའི་ཆོས་ཏེ་ཟུང་གཉིས། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་ནག་པོའི་ཆོས་ཀྱི་གཉེན་པོར། རང་གིས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་འབྲེལ་ཡོད་ཐམས་ཅད་ཐེག་པ་གསུམ་གྱི་དགེ་བ་ལ་འགོད་པ་དཀར་པོའི་ཆོས་ཏེ་ཟུང་གསུམ། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་ནག་པོའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ལྷག་པས་བསམ་པས་གནས་པ་དཀར་པོའི་ཆོས་ཏེ་ཟུང་བཞིའོ། །དེ་ལ་གཡོ་སྒྱུས་གནས་པ་ནི། གཡོ་སྒྱུས་ཀུན་ནས་བསླངས་པའི་ལུས་ངག་གི་སྤྱོད་པ་ཡིན་ལ་ལྷག་པའི་བསམ་པ་ནི།གཞན་གྱི་དོན་ལ་རང་གིས་འཁུར་འཁྱེར་བ། ཁེ་དང་རྒྱལ་ཁ་གཞན་ལ་འབུལ་བ་ལྟ་བུའམ།ཡང་ན་ཕྱི་ནང་དང་བག་འཛོམས་ཀྱིིས་སྒྲུབས་པ་མེད་པར་ཕ་བུའམ་ཕུ་ནུ་ལྟ་བུར་གསོང་པོར་སྨྲ་ཞིང་ནང་མ་བརྟོན་པའི་དོན་ཡང་ཡིན་གསུང་ངོ་། །ཞེས་གསུངས་སོ། །
བཞི་བ་སེམས་བསྐྱེད་སྐྱེ་གནས་འཕེལ་བའི་ཐབས་ཚད་མེད་བཞི་བཤད་པ་ལ། ཚད་མེད་བཞི་པོ་འདི་ནི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བའི་རྒྱུ་དང་། སྐྱེས་པ་བརྟན་པར་བྱེད་པ་དང་། འཕེལ་བར་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པས། གང་ཐེག་པ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཐམས་ཅད། ཚད་མེད་བཞིའི་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་བྱའོ། །
དེ་ལ་དོན་ཚན་གསུམ་ལས། དང་པོ་ཚད་མེད་བཞི་དང་བྲལ་བའི་ཉེས་དམིགས་ནི། ཉོན་མོངས་དུ་མས་དཀྲུགས་པར་འགྱུར་ཏེ། གནོད་སེམས་དང་། རྣམ་པར་འཚེ་བ་དང་།གཞན་བདེ་བ་ལ་མི་དགའ་བ་དང་། འདོད་པ་ལ་འདུན་པའི་འདོད་ཆགས་རྣམས་གཉེན་པོ་མེད་པས་རང་གར་སྤྱོད་པ་ན། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་མང་པོ་འཕེལ་བ་དང་། འདོད་འདུན་དང་། གནོད་སེམས་ལ་བརྟེན་ནས་ཉོན་མོངས་གཞན་མང་པོའང་འཕེལ་བར་འགྱུར་བས། འདི་དང་ཕྱི་མའི་ཉེས་དམིགས་མཐའ་མེད་དུ་སྐྱེད་པར་བྱེད་དོ། །དེ་སྐད་དུ་ཡང་མདོ་རྒྱན་ལས། བྱང་ཆུབ་སེམས་དཔའ་གནོད་སེམས་དང་། །རྣམ་འཚེ་མི་དགའ་གནོད་སེམས་དང་། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །ཅེས་གསུངས་ཤིང་། ཉེས་དམིགས་ཀྱང་འདི་ལྟར། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམས་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་ཐོབ། །ཞེས་གསུངས་ཏེ་ཉེས་དམིགས་འདི་རྣམས་ཉོན་མོངས་ཐམས་ཅད་དང་། ཉེས་པར་སྤྱད་པ་སྤྱིའི་ཉེས་དམིགས་ཀྱང་ཡིན་མོད། དེ་ཐམས་ཅད་ཀྱི་རྩ་བའམ་གཙོ་བོ་ནི་འདོད་འདུན་གནོད་སེམས་མི་དགའ་བ་རྣམས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ཉེས་དམིགས་སུ་སྨོས་སོ། །
དོན་ཚན་གཉིས་པ་ཚད་མེད་སྒོམ་པའི་ཕན་ཡོན་ནི། དེ་ཉིད་ལས། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང་། །ཞེས་གསུངས་པ་ལྟར། བྱམས་པས་གནོད་སེམས་ཀྱི་གཉེན་པོ་བྱེད། སྙིང་རྗེས་རྣམ་པར་འཚེ་བའི་གཉེན་པོ་བྱེད། དགའ་བས་མི་དགའ་བའི་གཉེན་པོ་བྱེད། བཏང་སྙོམས་ཀྱིས་ཉེ་རིང་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀར་གྱི་གཉེན་པོ་བྱེད། དེ་ལྟར་ན་ཚད་མེད་བཞིས་ཉོན་མོངས་དེ་རྣམས་སྤོངས་པར་བྱེད་དེ། དེ་དག་སྤངས་པས་ཉོན་མོངས་ཀྱི་ཉེས་དམིགས་དེ་དག་ཕྱིས་མི་འབྱུང་ངོ་། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་དུ་སྐྱེ་བའི་ཉོན་མོངས་སྤངས་ཀྱང་། སྨོན་ལམ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཁོར་བར་སྐྱེ་བ་བླངས་ཏེ། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་པའི་སྤྱོད་པ་རྨད་དུ་བྱུང་བ་ཐམས་ཅད་ཀྱང་། ཚད་མེད་པ་བཞིའི་མཐུ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་ཉེས་དམིགས་དང་བཅས་པ་སྤོང་བ་དང་། འཕགས་མཆོག་རྣམས་སེམས་ཅན་གྱི་དོན་མཛད་པ་ནི། ཕན་ཡོན་གྱི་གཙོ་བོ་སྨོས་པ་ཡིན་ནོ། །
གཞན་ཡང་ཚད་མེད་ཀྱི་བྱེད་ལས་འབྲས་བུ་ལྔའི་སྒོ་ནས་བཤད་པ་ཡང་ཕན་ཡོན་ཉིད་དེ།ཇི་སྐད་དུ། ཚངས་པའི་གནས་པའི་གནས་པ་ཡི། ། བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་འབྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་ཟད་པས་ཀྱང་མི་འགྱུར་རོ། །ཞེས་དང་། བཤེས་སྤྲིང་ལས། བྱམས་དང་སྙིང་རྗེ་བདག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་གོམས་མཛོད་ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། ཚད་མེད་བཞི་རབ་ཏུ་གོམས་པར་བྱས་པས། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོར་སྐྱེ་བ་ཡང་ཡང་གསུངས་ཤིང་། དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་པ་བཞི་ཞེས་གསུང་རབ་ཀུན་ཏུ་གྲགས་སོ། །
དོན་ཚན་གསུམ་པ་ངོ་བོ་ནི། སེམས་ཅན་རྣམས་སྔར་མེད་ཀྱི་བདེ་བ་གསར་པ་དང་ཕྲད་པར་འདོད་པའི་བློ་ནི་བྱམས་པ་དང་། ད་ལྟར་ཡོད་པའི་སྡུག་བསྔལ་དང་འབྲལ་ཞིང་ཕྱིན་ཆད་ཀྱང་སྡུག་བསྔལ་འབྱུང་པའི་སྒོ་འགོག་པར་འདོད་པའི་བློ་ནི་སྙིང་རྗེ་དང་། སེམས་ཅན་གཞན་རྣམས་ད་ལྟར་བདེ་བ་ལ་དམིགས་ནས་དགའ་ཞིང་ཡི་རང་བས་དྲངས་པའི་ཡིད་བདེ་བའི་བློ་ནི་དགའ་བ་དང་། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པའི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི། བཏང་སྙོམས་ཡིན་ནོ། །སྙིང་རྗེ་ནི་གཞན་བདེ་བ་ལ་བར་ཆད་སེལ་བའི་རྣམ་པ་ཅན་དང་། བྱམས་པ་དང་དགའ་བ་གཉིས་སེམས་ཅན་བདེ་བ་འདོད་པ་དངོས་ཡིན་པས། དེ་གསུམ་ཆར་བདེ་བའི་བསམ་པ་ཙམ་ཡིན་ལ།བཏང་སྙོམས་ནི། ཞེ་སྡང་མེད་པའི་ཕྱོགས་ནས་བདེ་བ་བསམ་པའི་མཚན་ཉིད་ཀྱང་ཡོད་ལ།བདག་ཉིད་མ་ཆགས་ཤིང་སེམས་ཅན་རྣམས་མ་ཆགས་མི་སྡང་བ་ལ་འགོད་པའི་བསམ་པ་ཉིད་ཀྱི་ཕྱིར་ཕན་པའི་བསམ་པ་ཉིད་ཡིན་པས། བཏང་སྙོམས་ནི་ཕན་བདེ་གཉིས་ཅར་གྱི་བསམ་པའོ། །ཞེས་ལྷན་ཐབས་ལས་གསུངས་སོ། །བྱམས་སོགས་བཞིའི་ངོ་བོ་ནི་དེ་ལྟར་ཡིན་ལ། དེ་དག་ཚད་མེད་པར་འགྱུར་བ་ལ་བྱམས་པ་ཚད་མེད་སོགས་གོ་རིམ་བཞིན་ཡུལ་སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་ཤིང་། ༡ རྣམ་པ་བདེ་བ་དཔག་ཏུ་མེད་པ་ལ་འགོད་པ་དང་། ༢ སྡུག་བསྔལ་དཔག་ཏུ་མེད་པ་འབྲལ་བར་འདོད་པ་སོགས་དང་། ༣ཡུལ་སེམས་ཅན་དཔག་མེད་ཀྱི་བདེ་བ་དཔག་མེད་ལ་དམིགས་ནས་དགའ་ཞིང་ཡིད་རངས་པས་དྲངས་པའི་ཡིད་བདེ་དང་། ༤ ངོ་བོ་དགྲ་གཉེན་བར་མའི་བྱེ་བྲག་མེད་པ་ཐམས་ཅད་མཉམ་སྙོམས་པར་བདེ་བ་འདོད་པ་སོགས་དགོས་སོ། །དེ་ལྟར་ན་བྱམས་པ་ཚད་མེད་སོགས་ཀྱི་མཚན་ཉིད་དེ་འདྲ་ཡིན་ལ། དམིགས་རྣམ་དེ་འདྲ་དང་ལྡན་པའི་སྒོ་ནས་སེམས་རྩེ་གཅིག་པར་གནས་པ་ནི་ཚད་མེད་བཞིའི་ཏིང་ངེ་འཛིན་ནོ། །ཚད་མེད་འདི་རྣམས་མོས་པ་ཡིད་བྱེད་ཙམ་ཡིན་ཡང་། དགེ་བ་བླ་ན་མེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་ཕྱིར་རོ། །
སྨྲས་པ།
དལ་འབྱོར་རྙེད་དཀའི་ནོར་བུ་ལས། །
སྙིང་པོ་འདོད་དོན་སྒྲུབ་པ་ལ། །
མན་ངག་བདུན་གྱི་སེམས་བསྐྱེད་ཐབས། །
ཇོ་བོ་རྗེ་ཡི་གདམས་པ་མཆོག །
འདི་བཤད་རྣམ་དཀར་ཟླ་འོད་ཀྱིས། །
འགྲོ་བའི་སྒྲིབ་གཉིས་མུན་བསལ་ནས། །
ཡོན་ཏན་སྤངས་རྟོགས་དཀྱིལ་འཁོར་རྫོགས། །
འཕྲིན་ལས་སྣང་བ་ཀུན་ཁྱབ་ཤོག །
ཅེས་པ་ཐེག་ཆེན་སེམས་རིན་པོ་ཆེ་རྒྱུ་འབྲས་མན་ངག་བདུན་གྱི་སྒོམ་པའི་རིམ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ཡང་། བསྟན་ལ་ལྷག་བསམ་ཆེ་བའི་བློ་གསལ་བ་བླ་མ་བསྟན་གསལ་དང་མཁན་རིག་རྒྱས་གཉིས་ཀྱིས་མི་འཁྲུགས་པའི་ཁྲིད་ཡིག་སྐོར་གྱི་དཔེ་ཆ་དང་དམངས་སྒོར་དར་བཅས་བསྐུལ་ངོར་འབའ་མདའ་བླ་མའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོམ་ཚུལ་དང་ལྷན་ཐབས་འོད་བརྒྱ་འབར་བ་ལ་བརྟེན་ནས་དངོས་གྲུབ་དཔལ་གྱིས་རིས་མེད་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་སྦྱར་བའོ། །མངྒ་ལཾ།