ཀུན་ཏེ།
རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ཞེས། །
བདེན་གསུང་ཚིག་གི་མེ་ཏོག་འཐོར་བའི་ཡུལ། །
བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་ཤིང་རྟ་བ། །
རིགས་ལྡན་དོལ་པོ་སངས་རྒྱས་གཙུག་ན་རྒྱལ། །
དེ་ཡང་བྱང་ཕྱོགས་མུན་པའི་གླིང་འདིར་རྒྱལ་བ་རྣམས་ཀྱི་དགོངས་པ་མཐར་ཐུག གྲུབ་བརྙེས་དབང་ཕྱུག་དག་གི་ཐུགས་ཀྱི་ཉིང་ངུ་ལྟ་བའི་ཡང་རྩེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་དེ་རྩོམ་འཆད་རྩོད་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྲོལ་རྒྱ་ཆེར་ཕྱེ་བའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཞེད་དགོངས་ལས་བརྩམས་ཏེ་དབུ་སེམས་ཀྱི་ཁྱད་པར་གླེང་བ་ལ། དེ་ཡང་ཇི་སྐད་དུ། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་དུ། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམ་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པ་རབ་ཏུ་སྣང་། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག། ཅེས་དབུ་སེམས་ཀྱི་ཁྱད་པར་གཙོ་བོ་རྣམ་ཤེས་དོན་དམ་དུ་འདོད་མི་འདོད་ཀྱི་སྟེང་ནས་གསལ་བོར་གསུངས་ཤིང་། སེམས་ཙམ་པས་གཟུང་འཛིན་ལས་གྲོལ་བའི་རྣམ་ཤེས་དེ་དོན་དམ་དུ་ཡོད་པར་འདོད་ཅིང་། དེ་ནི་ཕྱིའི་དོན་ལ་དམིགས་པ་མེད་ཀྱང་རྨི་ལམ་བཞིན་དུ་ཕྱི་ནང་གི་སྣོད་བཅུད་རྣམས་ཀྱི་རྣམ་པར་སྣང་བའི་ཚུལ་གྱིས་དོན་དམ་དུ་གྲུབ་པར་འདོད་ལ་དེ་ནི་ཆོས་ཉིད་དང་ཡོངས་གྲུབ་ཀྱང་ཡིན་པར་འདོད་དོ། །
དེ་ཡང་ཕར་ཕྱིན་མདོ་ལུགས་མ་ལས། དེས་ན་སེམས་ཙམ་པའི་མཐར་ཐུག་གི་དོན་ནི་རྣམ་པར་ཤེས་པ་ཡིན་ནོ། །རྣམ་ཤེས་དེ་ཡང་ཕྱི་རོལ་ལ་དམིགས་པའི་གཟུང་འཛིན་དང་བྲལ་བའི་ཕྱིར། ཕྱིའི་དོན་ལ་དམིགས་པ་མེད་ཀྱང་རྨི་ལམ་བཞིན་དུ་ཕྱི་ནང་སྣོད་བཅུད་སྣ་ཚོགས་ཀྱི་རྣམ་པར་སྣང་བའི་ཚུལ་གྱིས་དོན་དམ་དུ་གྲུབ་པར་འདོད་ལ། ཆོས་ཉིད་ཀྱང་ཡིན་པར་འདོད་དོ། །ཞེས་གསུངས་སོ། །དེས་ན་གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་དེ་འདི་བའི་ལུགས་ཀྱི་མཐར་ཐུག་གི་ཆོས་ཉིད་ཡིན་པས་དེ་ནི་མ་ཡིན་དགག་ཅིག་ཡིན་ནོ། །དབུ་མ་བས་དེ་འགོག་པའི་ཚེ་ཡང་། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་འབྱུང་བས་དབུ་མ་བས་རང་བྱུང་ཡེ་ཤེས་དོན་དམ་དུ་འདོད་ཀྱི་རྣམ་ཤེས་དོན་དམ་དུ་འདོད་པ་ནི་གཏན་མ་ཡིན་ནོ། །འོ་ན་བསྡུ་བ་ལས། ཐེག་པ་ཆེན་པོ་པ་ལ་ལ་རང་གིས་ཉེས་པ་བཟུང་བས་འདི་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ་དོན་དམ་པར་ནི་ཐམས་ཅད་མེད་དོ་ཞེས་ཟེར་རོ། །ཞེས་གསུང་བ་དང་། བྱང་ས་ལས་ཀྱང་། བཏགས་པའི་ཚིག་མཚན་མའི་གཞི་བཏགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་པ། བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་དོ་ཞེས་སྐུར་བ་འདེབས་ཤིང་། ཞེས་གསུངས་པས་གཞན་དབང་དོན་དམ་དུ་ཡོད་པ་ལ་མེད་པར་བཟུང་ན་གཞན་དབང་ལ་སྐུར་བ་འདེབས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ནི་མཚན་ཉིད་གསུམ་གྱི་ནང་ནས་གཞང་དབང་ནི་རང་གི་ཐུན་མོང་མིན་པའི་སྒོས་རྫས་ཀྱི་རྫས་ལས་གྲུབ་པས་རང་གི་མཚན་ཉིད་དུ་གྲུབ་པར་འདོད་ལ་དེ་མེད་པར་བལྟས་ན་སྐུར་འདེབས་སུ་འགྱུར་བ་གསུངས་ཀྱི་གཞན་དབང་དོན་དམ་དུ་མ་གྲུབ་པ་བཟུང་བས་སྐུར་འདེབས་སུ་འགྱུར་བ་ནི་གཏན་མ་ཡིན་ནོ། །དེས་ན་རང་མཚན་དུ་གྲུབ་པ་དང་དོན་དམ་པར་གྲུབ་པ་གནད་གཅིག་ཏུ་སྨྲ་བའི་ལུགས་ཀྱང་མ་ཡིན་ནོ། ། གཞང་དབང་རང་གི་སྒོས་རྫས་ལས་གྲུབ་པ་ཡང་། ཡུམ་བར་མའི་མདོ་ལས། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟ་བར་བྱའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་བལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །
སེམས་ཙམ་པས་རྣམ་ཤེས་དོན་དམ་དུ་འདོད་པ་དེ་ཡང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ད་ནི་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ། སྲིད་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པ་ཤེས་པ་འདོད་པར་བྱེད། ཅེས་དང་། རྣལ་འབྱོར་སྤྱོད་པ་བ་རྣམས་ལ་ཡང་རྣམ་པར་ཤེས་པའི་འཛིན་པ་ཡོད་དེ། ཞེས་སོགས་གསུངས་སོ། ། དེས་ན་འདི་བས་རྣམ་ཤེས་དོན་དམ་དུ་བཟུང་བས་ཆོས་བདག་དང་མ་བྲལ་ཞིང་། མ་ཟད་གཟུགས་སོགས་ཕྱི་དོན་དུ་མ་གྲུབ་པ་ཙམ་ཡིན་ཡང་གཟུང་འཛིན་གཉིས་དང་བྲལ་བར་མི་འདོད་དེ། ལྟ་བའི་ལེགས་བཤད་ཆེན་མོ་རི་ཆོས་ངེས་དོན་རྒྱ་མཚོ་ལས། འཛིན་པ་ཡོད་ན་ཆོས་བདག་དང་བྲལ་བར་མི་རུང་བའི་ཕྱིར་རོ། ། ཞེས་དང་། ཡང་དེའི་མཆན་ལས། ཁ་ཅིག་སེམས་ཙམ་པ་གཟུང་འཛིན་གཉིས་དང་བྲལ་བར་འདོད་པ་ལ་ནི་ལུང་གསལ་བོ་འདི་དག་གིས་གནོད་དོ། ། ཞེས་གསུངས་ཤིང་། མ་ཟད་རྣམ་ཤེས་ལས་གཞན་པའི་རང་བྱུང་ཡེ་ཤེས་ནི་གཏན་མི་འདོད་ལ་རྣམ་ཤེས་ནི་དངོས་པོ་ཡིན་ཞིང་དེ་ནི་དོན་དམ་དུ་འདོད་པས་དངོས་སྨྲ་བའི་གྲུབ་མཐའ་སྨྲ་བ་ཡིན་ནོ། ། དེ་ཡང་ཕར་ཕྱིན་མདོ་ལུགས་མ་ལས། དེས་ན་མཐར་ཐུག་གི་དོན་རྣམ་ཤེས་ཡིན་པས་རྣམ་པར་ཤེས་པ་སྨྲ་བ་ཡིན་ལ། རྣམ་པའི་ཤེས་པའི་དངོས་པོ་ཡིན་པའི་དངོས་སྨྲ་བ་ཡིན་ནོ། ། ཞེས་གསུངས་པ་དང་། ད་དུང་འདི་བས་མཚན་ཉིད་གསུམ་འཇོག་ཚུལ་ཡང་། ཕྱི་རོལ་པས་བདག་རྟག་གཅིག་ཏུ་བརྟགས་པ་དང་། ཉན་ཐོས་པས་གཟུང་འཛིན་བདེན་པར་བརྟགས་པ་ལྟ་བུ་ནི་ཀུན་བརྟགས། ཁམས་གསུམ་པའི་ཤེས་པ་དང་དེའི་རྒྱུ་དང་རྐྱེན་ལས་བྱུང་བ་རྣམས་ནི་གཞན་དབང་ངོ་། གཞན་དབང་སྟོང་གཞི་བྱས་ནས་དེ་ལ་ཀུན་བརྟགས་མེད་པ་ཡོངས་གྲུབ་ཡིན་ཏེ། མཚལ་མིན་པ་བསོད་ནམས་བཟང་བོའི་གསུང་ཆོས་ཀྱི་དྲིས་ལན་ལེགས་བཤད་རྒྱ་མཚོ་ལས། རྣམ་རིག་པའི་མཚན་ཉིད་གསུམ་ནི། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་ལྟར། ཕྱི་རོལ་པས་བདག་རྟག་གཅིག་ཏུ་བརྟགས་པ་དང་། ཉན་ཐོས་པས་གཟུང་འཛིན་བདེན་པར་བརྟགས་པ་ལྟ་བུ་ནི་ཀུན་བརྟགས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་པ་ལྟར། ཁམས་གསུམ་པའི་ཤེས་རིག་རྒྱུ་དང་རྐྱེན་ལས་བྱུང་བ་རྣམས་ནི་གཞན་དབང་ངོ་། །གྲུབ་ནི་དེ་ལས་སྔ་མ་སོ། །རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་པ་ལྟར་གཞན་དབང་རྣམ་རིག་ཙམ་དེ་ཀུན་བརྟགས་བདག་གཉིས་ཀྱི་སྟོང་པ་ནི་ཡོངས་གྲུབ་བོ། །དེ་རྣམས་སུ་མཚན་ཉིད་གསུམ་གནས་སྐབས་སེམས་ཙམ་པ་དང་མཐུན་པར་གསུངས་སོ། །ཞེས་པ་ལྟར་ཡིན་པས་དབུ་མ་བས་ཡོངས་གྲུབ་སྟོང་གཞི་འམ་སྦྱང་གཞི་འདོད་པ་མ་གཏོགས་གཞན་དབང་ནི་སྟོང་གཞི་ལ་གཏན་མི་འདོད་དེ། དེ་བཞིན་གཤེགས་པའི་སྙིང་བོའི་མདོར། ང་ཡང་སངས་རྒྱས་རྣམ་པར་སྦྱང་དོན་དུ། །བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་སེལ། །ཞེས་སོགས་ལུང་མཐའ་ཡས་པ་འབྱུང་བས། འདིར་སངས་རྒྱས་ནི་དོན་དམ་པའི་དེ་དང་དེ་སྦྱང་གཞི་ཡིན་པ་ནི། རི་ཆོས་ལས། དེ་རྣམ་པར་སྦྱང་ཞེས་པ་སྦྱང་གཞི་ཡིན་གྱི་སྦྱང་བྱའི་དྲི་མ་ནི་མ་ཡིན་ནོ། ། ཞེས་སོགས་གསུངས་པས་ཁྱད་པར་མཐའ་ཡས་སོ། ། གང་དག་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་ནི་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་གྱི། དབུ་མའི་གཞུང་ལུགས་སུ་དེ་ལྟར་མ་གྲགས་སོ་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དབུ་མ་ཆེན་པོ་ཡུམ་བར་མར། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་རབ་ཏུ་དབྱེ་བ་ལ་མཁས་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱི་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ་ཞེས་པ་ནས། འདི་ལྟར་འདི་ནི་ཀུན་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ་ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་པའི་ཕྱིར་དང་། དབུ་མ་སྣང་བར། དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཇི་ལྟར་ཡོང་བར་འགྱུར་ཞེས་དང་། དབུ་མ་རྒྱན་དུ་ཡང་། རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་པའོ། །ཡང་གང་ཞིག་རྫུན་པ་ཉིད་དུ་སྨྲ་བ་དེ་དག་ནི་དབུ་མ་པ་ལྟར་སྣང་བ་ཡིན་ནོ་ཞེས་སོགས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང་། དམ་པའི་དོན་ནི་བཅོས་མ་ཡིན། །ངོ་བོ་ཉིད་དང་རང་བཞིན་དང་། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ཡང་ཡོད་མ་ལགས། ། ཀུན་གཞི་རྣམ་ཤེས་ཡང་སེམས་ཙམ་ཁོ་ནའི་ཆོས་སྐད་ནི་མ་ཡིན་ཏེ། ཆོས་ཀྱི་དྲིས་ལན་ལེགས་བཤད་རྒྱ་མཚོ་ལས། ཁ་ཅིག་དབུ་མ་པ་ཀུན་གཞི་རྣམ་ཤེས་ཁས་མི་ལེན་པར་འདོད་པ་ནི་མི་རིགས་ཏེ། འཕགས་པ་ ཀླུ་སྒྲུབ་ཀྱིས་སེམས་འགྲེལ་དུ། དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །ཞེས་དང་། དྲི་མེད་འོད་དུ། མངལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྡུལ་དང་ཁུ་བ་དང་ཡན་ལག་ལྡན་པ་ཡིན་ནོ་ཞེས་པས་སོ། །ཞེས་སོགས་གསུངས་སོ། ད་དུང་མདོ་སྡེ་རྒྱན་དང་། མངོན་པ་ཀུན་བཏུས། སུམ་ཅུ་བ་སོགས་སེམས་ཙམ་ཁོ་ནའི་གཞུང་དུ་འདོད་པ་ནི་དཔྱད་པ་ཞིབ་མོར་མ་བཏང་བའི་གཟུ་ལུམ་དུ་སྨྲ་བའི་གཏམ་སྟེ། དེ་དག་གིས་སེམས་ཙམ་པའི་འདོད་པ་ཞར་བྱུང་དུ་བསྟན་ཀྱང་། མཐར་ཐུག་སེམས་ཙམ་ལས་འདས་པ་ཡང་ཡང་གསུངས་ཤིང་། ལྷག་པར་མདོ་སྡེ་རྒྱན་དུ་རིགས་ཆད་བསྟན་པ་ཡང་མི་འཐད་དེ། དེ་ལས། འགྲོ་ཀུན་དེ་ཡི་སྙིང་བོ་ཅན། །ཞེས་གསུངས་པ་ལ་འགལ་སྤོང་ཇི་ལྟར་བགྱི། འདི་དག་གི་སྐོར་དཔལ་ལྡན་བླ་མ་ཆོས་ཀྱི་རྒྱ་མཚོའི་ལྟ་བུའི་དཔལ་ཇོ་ནང་བའི་མཁས་གྲུབ་གོང་མ་དག་གི་གསུང་ན་ཤིན་ཏུ་གསལ་བས་འདིར་ཟློས་པའི་ངལ་བ་མ་བྱས་སོ། །མདོར་ན་དབུ་སེམས་ཀྱི་ཁྱད་པར་མི་འཆུག་པའི་གཟེར་ལྟ་བུ་ནི། རྣམ་ཤེས་དོན་དམ་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡིན་ཏེ། བསྟན་ཆོས་ཆེན་པོ་མདོ་ལུགས་མ་ལས། དེ་ལྟ་བས་ན་མཐར་ཐུག་གི་དོན་རྣམ་ཤེས་ཡིན་པར་འདོད་མི་འདོད་ལས་སེམས་ཙམ་པ་ཡིན་མིན་དུ་འཇོག་པ་འདི་ནི་ས་བཅུ་པ་རྣམས་ཀྱི་མན་ངག་འདོད་ལུགས་ཕན་ཚུན་དུ་མི་འཆུག་པའི་ཁོང་གཟེར་ལྟ་བུ་ཡ་ཡོར་མི་འགྲོ་བའི་ཚངས་ཐིག་དབུ་སེམས་ཀྱི་ཁྱད་པར་གཏན་ལ་ཕེབས་པའི་གདམས་ངག་གི་དོན་ཡིན་ནོ། །ཞེས་པ་ལྟར་དེ་ཁོ་ནའི་གདམས་ངག་གི་རྗེས་སུ་འབྲང་སྟེ་རེ་ཞིག་འཐུས་པར་བྱའོ། །
ཞེས་ཀུན་མཁྱེན་དོལ་པོ་པ་སངས་རྒྱས་ཞིང་འདིར་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་༧༣༠ལོན་པ་དང་། སྐུ་གཤེགས་ནས་བགྲང་བྱ་༦༦༠ ལོན་པ་ལ་རྗེས་དྲན་དུ་ཆེད་དུ་བྲིས་པ་སྟེ་སྐྱེ་བ་ཐམས་ཅད་དུ་རིགས་ལྡན་སྤྲུལ་སྐུ་དོལ་པོ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་སྣང་བ་དང་མི་འབྲལ་བར་ཤོག་ཅིག་གུ
ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།