བྱིན་རླབས་ཀྱི་ཚན་ཁ་འབར་བའི་མདོ་སྨད་ཛམ་ཐང་ཁང་དམར་གསེར་སྐུ།

བྱིན་རླབས་ཀྱི་ཚན་ཁ་འབར་བའི་མདོ་སྨད་ཛམ་ཐང་ཁང་དམར་གསེར་སྐུ།


རྩོམ་པ་པོ། ཐུབ་པའི་རྗེས་རབས།

ཛམ་ཐང་སྒར་པ་ཆོས་རྗེ་རྒྱལ་བ་སེངྒེ། ༡༥༠༩-༡༥༨༠

དེ་ཡང་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་ཁང་དམར་གསེར་སྐུ་ནི་རྔ་བ་ཁུལ་ཛམ་ཐང་རྫོང་ཛམ་ཐང་གྲོང་བརྡལ་ཛམ་ཐང་ཆོས་རྗེ་དགོན་ཆེན་གྱི་ཁང་དམར་ཕོ་བྲང་དུ་བཞུགས་ཤིང་། ངོ་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་བའི་ཛམ་ཐང་ཕྱོགས་ཀྱི་ནང་རྟེན་གཙོ་བོའི་གྲས་ཡིན། རྟེན་འདི་མིང་གཞན་དུ་ཁང་དམར་གསེར་སྐུ་གསུང་འབྱོན་མ་ཞེས་ཀྱང་གྲགས་ཡོད་ལ། ཛམ་ཐང་སྒར་པ་ཆོས་རྗེ་སྐུ་ཕྲེང་གཉིས་པ་རྒྱལ་བ་སེངྒེ་ལགས་ཀྱིས་རྟེན་འདི་བཞེངས་ཏེ་རབ་གནས་མཛད་སྐབས་སུ་རྟེན་འདིས་གསུང་འབྱོན་པ་ཐམས་ཅད་ཀྱིས་མཐོང་ཐོས་སུ་གྱུར་བས་ཁང་དམར་གསེར་སྐུ་གསུང་འབྱོན་མ་ཞེས་གྲགས་ཡོད། གནའ་བོའི་བོད་ཀྱི་མནའི་རིག་གནས་ནང་བྱིན་རྟེན་རྩ་ཆེན་དང་གནས་རི་འགང་ཆེན། བླ་མ་ཁྱད་འཕགས་དག་དཔང་བོར་བཞག་སྟེ་མནའ་སྐྱེལ་སྟངས་ཡོད་པ་ལྟར། ཛམ་ཐང་སྟོད་སྨད་བར་གསུམ་དང་ས་གནས་གཞན་མང་པོས་ཀྱང་ཁང་དམར་གསེར་སྐུ་འདི་དཔང་བོར་བྱས་ཏེ་གནའ་སྐྱེལ་སྟངས་འདི་ཡོངས་ཁྱབ་ལ་སོང་ཟིན་པ་འདིས་ཀྱང་ནང་རྟེན་འདི་རྩ་ཆེན་དང་གུས་བཀུར་ཤིན་ཏུ་ཆེ་བ་དཔོག་ཐུབ་འདུག་གོ། ། རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཀྱང་ལུང་བསྟན་ལས་སྐུ་འདི་ཉིད་མཐོང་བ་ཙམ་ལ་ཡང་ཕན་ཡོན་ཤིན་ཏུ་ཆེ་ལ། སྡིག་སྒྲིབ་ལྕི་བ་དག་གིས་སྲོག་ཤིང་དེ་ཉིད་ལ་བསྐོར་བ་སོགས་བྱས་ན་དག་སྟོབས་གཞན་ལས་ཆེ་བའི་དགེ་མཚན་མང་ཞེས་བྱིན་རྟེན་རྩ་ཆེན་འདི་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་ཕུལ།

རྟེན་འདི་བཞེངས་མཁན་གྱི་ཛམ་ཐང་སྒར་པ།

ཁང་དམར་གསེར་སྐུ་འདི་ཉིད་བཞེངས་མཁན་ནི་ཛམ་ཐང་སྒར་པ་ལ་སྐུ་ཕྲེང་བཅུ་བཞུགས་པ་ལས་སྐུ་ཕྲེང་གཉིས་པ་ཆོས་རྗེ་དཔལ་འབྱོར་བཟང་པོའམ་རྒྱལ་བ་སེངྒེ་གང་ཉིད་ཡིན། ཆོས་རྗེ་གང་ཉིད་ནི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ལུང་གིས་ཟིན་པ་ལྟར། ཕྱི་ལོ་༡༥༠༩ལོའི་ས་མོའི་སྦྲུལ་ལ་ངོ་མཚར་བའི་བལྟས་དུ་མ་དང་བཅས་མཚན་དཔེའི་སྐུ་རིན་པོ་ཆེ་བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་འཁྲུངས་པར་གྲགས། དགུང་གྲངས་གསུམ་པ་ན་སྔགས་ཀྱི་ཆོས་སྒོར་ཞུགས་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཞལ་བསྟན་ཏེ་ཁམས་གསུམ་ཟིལ་གནོན་དུ་བྱིན་རླབས་མཛད། དགུང་གྲངས་ལྔ་པ་ན་རིགས་གསུམ་མགོན་པོས་ཞལ་གཟིགས་བྱུང་། དགུང་གྲངས་བརྒྱད་པ་ན་ཡི་གེ་འབྲི་ཀློག་སོགས་ལས་བརྩམས་ཏེ་ཐུན་མོང་གི་རིག་གནས་ཀུན་ལ་ནང་བྱན་ཆུད་པར་བྱས། དགུང་གྲངས་བཅུ་པ་ན་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་གྲངས་བཅུ་གསུམ་ཟིན་པ་ན་ཛམ་ཐང་སྒར་བ་ཆོས་རྗེ་སྐུ་ཕྲེང་དང་པོ་ཚད་མ་པ་རྒྱལ་བ་བཟང་གི་ཐུགས་ཀྱི་སྲས་པོ་ཚེས་བཅུ་རཏྣ་ཀིརྟིས་ཛམ་ཐང་སྒར་བའི་སྐུ་ཕྲེང་གཉིས་པར་ངོས་འཛིན་བྱས་ཏེ་ཁྲི་སྟོན་སོགས་རྒྱ་ཆེར་བྱས། དགུང་ལོ་བཅོ་ལྔའི་སྟེང་གྲུབ་པའི་དབང་ཕྱུག་ལྕགས་མདུད་སོགས་མཚན་ལྡན་བཤེས་གཉེན་མང་པོ་ཞབས་ཟུང་སྤྱི་བོས་བཀུར་ཏེ་མདོ་ཕྱོགས་བཀའ་པོད་རྣམས་དང་སྔགས་ཕྱོགས་རྒྱུད་སྡེ་སོགས་གཞུང་ལུགས་མང་པོར་སྦྱངས་པ་གནད་དུ་སྨིན་པ་མཛད། ཁྱད་པར་དུ་ཚེས་བཅུ་རཏྣ་ཀིརྟི་མཆོག་རྡོ་རྗེ་སློབ་དཔོན་དུ་བཀུར་ཏེ་སྦྱོར་བ་ཡན་ལག་དྲུག་ཉམས་བཞེས་གནང་ནས་ཉམས་ལེན་རྟོགས་པའི་དབང་ཕྱུག་གི་རྣམ་ཐར་བདག་གིར་བཞེས། དགུང་གྲངས་བཅུ་བདུན་ཟིན་པ་ན་དུས་ཀྱི་འཁོར་ལོ་རྒྱུད་རྩ་འགྲེལ་དང་བཅས་པའི་དགོངས་དོན་གྱི་རྣམ་བཞག་ལེགས་པར་མཁྱེན་ཏེ་སྐལ་ལྡན་སློབ་བུ་ཡོངས་ལ་ལུང་རིགས་ཀྱིས་སྤྲོས་པ་རྒྱ་ཆེར་བསྩལ་བར་མ་ཟད། དམ་པ་གང་གིས་སྐུ་ཚེ་གང་བོར་ཉིན་རེ་ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཚར་རེ་ཞལ་འདོན་གནང་བའི་མཛད་པ་བསྐྱངས། དགུང་ལོ་ཉེར་གསུམ་སྟེང་མཁན་དཀོན་མཆོག་རྒྱལ་བ་སོགས་ཁ་སྐོང་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པ་ལ་འཇུག་རིམ་རྫོགས་པར་བྱས་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ལྟར་སྐུ་ཚེའི་སྟོད་དུ་གནས་རི་འགང་ཆེན་དང་རི་ཁྲོད་བྱིན་རླབས་ཅན་དག་ཏུ་རིམ་གྱིས་འགྲིམས་ཏེ་ལྟོ་སྐྱ་གོས་ཧྲིལ་ངང་ཉམས་ལེན་དང་ཐོས་བསམ་གཙོ་བོར་བྱས་ནས་རྟོགས་པའི་དབང་ཕྱུག་དང་འདུལ་བ་རྡོ་རྗེ་འཛིན་པའི་གོ་འཕང་བདག་གིར་བཞེས། སྐུ་ཚེ་སྨད་ལ་རྒྱ་ནག་གོང་མ་དང་སོག་པོའི་རྒྱལ་བོ་ཡོངས་ཤུའི་བུ་དའི་ཆེན། སོག་རྒྱལ་ཨ་སྦལ། ཐེ་ཐུང་རྒྱལ་བོ་ཆིན་རྒྱལ། བྱང་ཕྱོགས་ཧོར་གྱི་རྒྱལ་བོ་དང་ལྷོ་ཕྱོགས་འཇང་ས་དམ་རྒྱལ་བོ། བཙན་ལྷ་རབ་བརྟན་རྒྱལ་བོ་སོགས་ཀྱིས་དབུ་བླར་བཀུར་ཏེ་རྒྱ་ནག་དང་སོག་པོ། བྱང་ཕྱོགས་ཧོར་གྱི་ཡུལ། ལྷོ་ཕྱོགས་ཡུན་ནན་སོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་མཛད་བརྒྱའི་ཆོས་ཀྱི་འཁོར་ལོ་རིས་མེད་སྐྱེ་འགྲོ་ཡོངས་ལ་སྤེལ་བའོ། ། དགོན་སྡེ་བརྒྱ་དང་བཅུ་གསུམ། མཆོད་རྟེན་བརྒྱ་དང་བཅུ་གསུམ་སོགས་གསར་འདེབས་བྱས་པར་མ་ཟད། གསེར་བྲིས་དངུལ་བྲིས་སོགས་ཀྱི་རྒྱལ་བའི་བཀའ་ཆོས་ཆེན་མོ། རིན་ཐང་གཞལ་དུ་མེད་པའི་ཟབ་ཐང་དང་ལྡེབས་རིས་གྲགས་ཅན། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་མཐོ་བ་ཅན་གྱི་རྟེན་ཁང་བྱིན་ཅན་མང་པོར་བཞེངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་གྲངས་དོན་གཉིས་ཏེ་ཕྱི་ལོ་༡༥༨༠ལོའི་ཟླ་བཅུ་བའི་ཚེས་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ། །

ཆོས་རྗེ་ཁོང་གི་སློབ་ཆེན་ཁག་ནི་ཐུགས་ཀྱི་སྲས་པོ་དཔལ་གྱི་མཚན་ཅན་བཅུ་གསུམ་དང་། ཀརྨ་ཞྭ་དམར་ན་རིམ་ལྔ་པ་དཀོན་མཆོག་འབངས་དང་། འཛམ་གླིང་སྒར་བ་ཀརྨ་ཞྭ་ནག་དགུ་པ་དབང་ཕྱུག་རྡོ་རྗེ། གུ་ཤྲཱི་བཞི་བ་རྒྱལ་མཚན་གྲགས་པ་དོན་གྲུབ་སོགས་དང་། སོག་པོའི་ནང་སོ་ཀརྨ་བླ་མ། མི་ཉག་ཏུ་བཞུགས་པ་ས་སྐྱའི་བླ་མ་ནམ་མཁའ་རྒྱལ་མཚན་སོགས་ལུང་བསྟན་ལས་བྱུང་བ་ལྟར་སློབ་ཚོགས་འདུས་སྡེ་མང་པོ་བཞུགས།

ཆོས་རྗེ་གང་ཉིད་དབུ་བླར་བཀུར་བའི་རྒྱལ་བོ་ཁག་ནི་རྒྱ་ནག་གོང་མ་མིང་ཧྲི་ཙུང་གིས་1507-1567 明世宗朱厚熜ཆོས་རྗེ་གང་ཉིད་དབུ་བླར་ཕེབས་དགོས་པའི་གསེར་ཡིག་འབྱོར་བ་ལྟར། ཕྱི་ལོ་1550ལོར་རྒྱ་ནག་གོང་མའི་རྒྱལ་སར་པེ་ཅིན་གསེར་མཁར་དུ་བྱོན་ནས་དེར་འདུས་པའི་རྒྱལ་བོ་བློན་ཆེན་ཁག་ལ་ཟབ་ཆོས་མང་པོར་བསྩལ། རྒྱ་ནག་གོང་མས་ཀྱང་大善法王ཞེས་པའི་མཚན་གནས་དང་བ་སོའི་ཐམ་ག་སྟག་ཉལ་འབྲོང་རྒུར་སོགས་ལེགས་སྐྱེས་སྣ་ཚོགས་ཀྱིས་མཆོད་པ་རྒྱ་ཆེར་ཕུལ། མཆོག་ཏུ་དགེ་བའི་ཆོས་རྒྱལ་ཞེས་མཚན་གནས་བསྩལ་བ་དེའི་དབང་གིས་ཀུན་མཁྱེན་ཕྱོགས་རྒྱལ་བའི་སློབ་མ་དྲུང་རཏྣ་ཤྲཱིས་བཏབ་པའི་དགོན་ཆེན་ཛམ་ཐང་དགོན་འདི་ལ་ཆོས་རྗེ་དགོན་ཆེན་ཞེས་མཚན་གནས་བསྩལ་བ་ཡིན་ནོ། །སོག་པོའི་རྒྱལ་བོ་ཡོངས་ཤུའི་བུ་དའི་ཆེན་གྱིས་ཀྱང་དབུ་བླར་བཀུར་ཏེ་མི་ཕམ་མགོན་པོ་ཞེས་མཚན་གསོལ་ཞིང་ཐམ་ག་དང་བཀའ་ཡིག་སྣ་ཚོགས་ཕུལ། སོག་རྒྱལ་ཨ་སྦལ། ཐེ་ཐུང་རྒྱལ་བོ་ཆིན་རྒྱལ་སོགས་ཀྱིས་ཀྱང་དམ་པ་གང་ཉིད་གཙུག་གི་སྤྱི་བོར་བཀུར་ཏེ་སོག་ཡུལ་ཀརྨ་ལྷ་ཁང་སོགས་གསར་འདེབས་བྱས། དེ་ལྟར་ས་གནས་སོ་སོའི་རྒྱལ་བོ་མང་པོའི་དབུ་བླར་ཕེབས་པས་ལུགས་གཉིས་ཀྱི་དབང་ཆ་ཆེས་མཐོ་བར་གྱུར་ནས་སྐུ་ཐོགས་དེར་སྟོད་ན་རྒྱལ་བ་ཀརྨ་ཡབ་སྲས་དང་། སྨད་ན་རྒྱལ་བ་སེངྒེ་ཞེས་པའི་མཚན་གྱི་སྙན་པ་རྒྱས།

ཆོས་རྗེ་གང་གི་ལུགས་གཉིས་ཀྱི་མངའ་དབང་བསྒྱུར་སའི་ས་གནས་ཁག་ནི་མདོ་ཁམས་ཐང་བརྒྱད་ཀྱི་མངའ་བདག་དང་ལྷ་བསྲུང་རྩེ་ལྔའི་གཙུག་གི་ནོར་བུ་གྱུར་པ། མདོ་སྨད་ཐང་ཆེན་བརྒྱད་ལ་སྤྱི་རྫོང་བརྒྱད་དང་ས་མདོ་རེ་ལ་རྫོང་ཕྲན་བཅས་ཕལ་ཆེར་མདོ་ཁམས་སྨད་ཕྱོགས་སུ་མངའ་དབང་བསྒྱུར་བའོ། །

རྟེན་འདི་ཇི་ལྟར་བཞེངས་པའི་ཚུལ།

ཛམ་ཐང་དགོན་ཆེན་གྱི་ཁང་དམར་ཕོ་བྲང་དུ་བཞུགས་པའི་ནང་རྟེན་གྱི་གཙོ་བོ་ཁང་དམར་གསེར་སྐུ་ནི་ཛམ་ཐང་སྒར་བ་ཆོས་རྗེ་རྒྱལ་བ་སེངྒེ་གང་ཉིད་དགུང་ལོ་སོ་དྲུག་སྟེ་ཕྱི་ལོ་༡༥༤༥ལོར་ཆོས་རྗེ་གང་ཉིད་ནས་དབུ་འཛིན་མཛད་དེ་སྟོན་མཆོག་ཐུབ་པའི་དབང་པོ་གང་ཉིད་དགུང་གྲངས་བཅུ་དྲུག་པའི་སྐུ་ཚད་ཅན་ཟངས་གསེར་ལས་བསྐྲུན་པ་རྒྱ་མཐོ་བཅུ་གཉིས་ཡོད་པའི་སྐུ། མགྲིན་པ་ཡན་ཆད་རང་བྱུང་དུ་ལེགས་པའི་འཁྲུངས་པའི་སྐུ་ངོ་མཚར་ཅན། བལ་བོའི་བཟོ་རྩལ་མཁས་པས་བསྐྲུན་པ། ཐོག་བརྩེགས་གསུམ་ཙམ་ཡོད་པ་སེང་ཁྲི་སོགས་རྒྱ་ཁྱོན་ཆེ་བ་འོག་གི་འཛུལ་སྒོའི་ཕུག་གི་དབུས་སུ་བསྐོར་བ་བྱེད་སའི་ཙན་དན་སྦྲུལ་སྙིང་གི་ཀ་བ་ཡོད་པ་དང་། གཙུག་ཏོར་ནས་ཁྲི་གདན་གྱི་བར་སངས་རྒྱས་བྱང་སེམས་སོགས་སྐྱེས་ཆེན་རྣམས་ཀྱི་རང་བསྲེལ་འཕེལ་གདུང་ཤིན་ཏུ་མང་པོ་དང་། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པའི་ཕྱུར་བུར་གཏམས་པའོ། གཟུངས་འཇུག་ལ་ཆོས་སྐུའི་རིང་བསྲེལ། སྐུ་གདུང་རིང་བསྲེལ། སྐུ་བལ་རིང་བསྲེལ། ཉུང་དུ་ལྟ་བའི་རིང་བསྲེལ་ཏེ་རིང་བསྲེལ་རྣམ་བཞི་དང་། ཁྲོ་ཕུ་ལོ་ཙཱ་བྱམས་པ་དཔལ་གྱི་ཕྱག་ཚ་བཅས་ཆོས་བརྒྱུད་སོ་སོའི་ནང་རྟེན་ཁྱད་འཕགས་མང་པོ་བཞུགས། དེ་ནས་རྟེན་རྣམས་ལ་རབ་གནས་ཆོས་རྗེ་སྒར་བ་གང་ཉིད་དང་སློབ་དཔོན་རྒྱལ་མཚན་སེང་གེས་དབུར་བཅས་བུ་ཆེན་བཅུ་གསུམ་དང་དགེ་སློང་ཕྱི་ནང་ཚུལ་ལྡན་བརྒྱ་ཕྲག་གཅིག་གིས། གསང་འདུས། དགྱེས་རྡོར། དུས་འཁོར་སོགས་རྒྱུད་སྡེའི་དཀྱིལ་འཁོར་མང་པོའི་ཞལ་ཕྱེས་ཏེ་བསྒྲུབ་མཆོད་ཞག་བདུན་བར་དུ་མཛད་ཅིང་ཉིན་རེ་བཞིན་རབ་གནས་ཕྱག་ལེན་ཐེབས་ངེས་མཛད་པས་ཀུན་ཡིད་ཆེས་ཤིང་ངོ་མཚར་བའི་ལྟས་ཀྱང་དཔག་མེད་བྱུང་ལ། དེ་ལས་ཁང་དམར་གསེར་སྐུ་ཐུབ་པའི་དབང་པོའི་སྐུ་གཟུགས་ལས་འོད་ཟེར་གྱི་ཚོགས་དུ་མ་གསེར་བཙོ་མའི་མདོག་ལྟ་བུ་གློག་འོད་འཁྱུག་པ་བཞིན་བྱུང་བས་ས་དང་ནམ་མཁར་ཁྱབ་ཅིང་འོད་ཀྱི་ཕུང་པོའི་དཀྱིལ་ནས་སྙན་པའི་སྒྲ་གདངས་ལ། འདི་ལྟར་ཚིགས་སུ་བཅད་པ་བྱུང་བ་སྟེ།


བསྐལ་པ་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །
མཐའ་ཡས་འགྲོ་ལ་བྱམས་བརྩེའི་ཐུགས་བསྐྱེད་མཐུས། །
བརྒྱད་ཁྲི་བསྐལ་པ་བཟང་པོའི་ཞིང་ཁམས་ལས། །
རྫོགས་ལྡན་བྱམས་པའི་འབྲེལ་ཚད་ལུང་བསྟན་འབྱུང་། །

ཞེས་པའི་དབྱངས་ཀྱི་སྒྲ་ཤིན་ཏུ་འཇམ་པའི་ཚིག་ལན་ལྔའི་བར་དུ་སྐྱེས་བུ་ཀུན་གྱི་མཐོང་ཐོས་སུ་བྱུང་ངོ་། ། ཆོས་རྗེ་རྒྱལ་བ་སེངྒེ་གང་ཉིད་ཀྱིས་བཞེངས་པ་ནི་སྤྲུལ་སྐུའི་ཆ་བྱད་ཅན་ཡིན་ན་ཡང་། ཕྱིས་སུ་བླ་མ་དམ་པ་བསོད་ནམས་རྒྱ་མཚོས་ལོངས་སྐུའི་ཆས་སུ་བསྒྱུར་ཏེ་དབུ་རྒྱན་རིགས་ལྔ་སོགས་ཟངས་གསེར་ལས་བཞེངས་བསྐྲུན་མཛད། རིག་ནས་གསར་བརྗེའི་དུས་འཁྲུགས་སྐབས་བྱིན་རྟེན་རྩ་ཆེན་འདི་ལ་རྡུང་རྡེག་ཚབས་ཆེན་ཕོག་པས་ཞིག་རལ་དུ་སོང་། ཕྱིས་སུ་རིགས་ལྡན་མ་འགགས་པའི་སྤྲུལ་བ་རྗེ་དབོན་འཇིགས་མེད་རྒྱ་མཚོ་གང་ཉིད་ཀྱི་ཐུགས་བསྐྱེད་རྒྱ་མཚོའི་ཆུ་ཐིགས་ལས་བྱིན་རྟེན་རྩ་ཆེན་འདི་བསྐྱར་བཞེངས་གནང་སྟེ་སྔར་གྱི་རྟེན་རྙིང་པའི་གཟུངས་འཇུག་འགངས་ཆེན་རྣམས་ཀྱི་གཙོས་བཀའ་བསྟན་གཉིས་དང་། སྐུ་གསུང་ཐུགས་རྟེན་དང་རིང་བསྲེལ་མང་པོ། ན་བཟའ་དང་གདུང་རུས་མང་པོ། ཟངས་གསེར་ལས་བསྐྲུན་པའི་དྲི་མེད་རྣམ་གཉིས་བཅས་བཞེངས་བསྐྲུན་བླ་མེད་བྱས་པར་མ་ཟད། རྟེན་འདི་ཉིད་མཇུག་གྲུབ་ནས་རབ་གནས་མཛད་རྗེས་སྔར་གྱི་རྟེན་རྙིང་བའི་མདངས་ཚུར་གསལ་བའི་ལོ་རྒྱུས་བཞུགས། ཕྱིས་སུ་སྦྱངས་པ་མ་འདས་མཆོག་གི་ཡང་སྤྲུལ་རྡོ་རྗེ་སློབ་དཔོན་སྤྲུལ་བསྟན་འཛིན་ཉི་མ་ལགས་ནས་སྔར་ལས་རྒྱ་ཇེ་ཆེ་བཏང་སྟེ་ལྷ་སའི་འགར་བ་གྲགས་ཆེན་འགའ་གདན་དྲངས་ནས་ཟངས་གསེར་དང་རིན་པོ་ཆེ་རྩ་ཆེན་མང་པོས་སྔར་ལས་ལྷག་པའི་བརྗིད་ཉམས་ཅན་དུ་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་བསྐྲུན་པའོ། ། བྱིན་རྟེན་རྩ་ཆེན་འདི་བཞེངས་ནས་ད་ལྟའི་བར་ལོ་འཁོར་བཞི་བརྒྱ་བདུན་ཅུ་དོན་བརྒྱད་ལོན་ཡོད་ལ། ཛམ་ཐང་ཕྱོགས་ཀྱི་ནང་རྟེན་ཤིན་ཏུ་རྙིང་གྲས་སུ་སླེབས་ཡོད།ཁང་དམར་ཕོ་བྲང་།

ཁང་དམར་ཕོ་བྲང་།

རྟེན་འདི་བཞུགས་སའི་ཁང་དམར་ཕོ་བྲང་།

སྤྱིར་ཛམ་ཐང་ཆོས་རྗེ་དགོན་ཆེན་འདིར་ཁང་གསར་དང་ཁང་དམར་སྒྲུབ་ཁང་། བླ་བྲང་དང་ཕ་རིའི་གུང་ཐང་སྒྲུབ་ཁང་དང་རི་ཁྲོད་ཀྱི་གནས་སོགས་མང་པོར་བཞུགས་མོད། དེ་དག་ལས་ཆེས་ལོ་རྒྱུས་སྔ་ཤོས་ནི་བླ་བྲང་ཞེས་པ་དེ་ཡིན་ལ། དེ་ནི་ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་བཟང་གི་སྐབས་སུ་བཞེངས་པ་ཡིན། ཁང་དམར་སྒྲུབ་ཁང་ནི་ཛམ་ཐང་སྒར་བ་རྒྱལ་བ་སེངྒེའི་སྐབས་སུ་བཞེངས་པ་ཡིན། ཁང་གསར་རྣམ་རྒྱལ་གླིང་ནི་ཛམ་ཐང་སྒར་བ་ཆོས་རྗེ་སྐུ་ཕྲེང་ལྔ་པའི་སྐབས་སུ་བཞེངས་པ་ཡིན། ཕ་རིའི་གུང་ཐང་སྒྲུབ་ཁང་ནི་སྦྱངས་བ་སྐྱབས་མགོན་ཀུན་དགའ་ངེས་དོན་གང་ཉིད་དགུང་གྲངས་ང་ལྔ་ཡས་མས་སུ་བཞེངས་པ་ཡིན་ནོ། །

དེ་དག་ལས་ཁང་དམར་ཕོ་བྲང་ནི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཁང་དམར་གསེར་སྐུ་བཞུགས་གནས་ཡིན་ལ། རྟེན་ཁང་དེ་ཡང་ཛམ་ཐང་སྒར་བ་ཆོས་རྗེ་རྒྱལ་བ་སེངྒེས་བཞེངས་བསྐྲུན་བྱས་པ་ཡིན། རྟེན་ཁང་དེར་སྨན་འདམ་ལས་བསྐྲུན་པའི་སྐུ་བརྙན་མང་པོ་དང་གྱང་བྲིས་ལ་བླ་བརྒྱུད་མང་པོ་དང་རྒྱུད་སྡེ་རབ་འབྱམས་ཀྱི་ལྷ་ཚོགས་གང་མང་། གསེར་དང་དངུལ་གྱིས་བྲིས་པའི་རྒྱལ་བའི་བཀའ་འབུམ་བྲག་རི་ལྟར་ཡོད་ལ། ད་རུང་བླ་མ་གོང་མ་མང་པའི་སྐུ་གདུང་མཆོད་རྟེན་ཡང་མང་པོར་བཞུགས། ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་རྣམ་ཐར་རྒྱས་པ་ལྟར་མཛད་པ་ཡོངས་རྫོགས་ཀྱི་བཀོད་རིས། རྗེ་ཏཱ་ར་ནཱ་ཐའི་སྐྱེ་ཕྲེང་དང་། རྣམ་ཐར་ལྟར་ཇོ་ནང་རྟག་བརྟན་དགོན་ཆགས་ཚུལ་སོགས་མཛད་པ་ཡོངས་རྫོགས་ཀྱི་རྒྱས་རིས། སྐྱབས་མགོན་སྦྱངས་བའི་རྣམ་ཐར་རྒྱས་རིས། མགོན་ཁང་གི་སྒོ་གཡས་གཡོན་དུ་གཙང་མདོས་ལྟར་གྱི་ཆོས་སྐྱོང་ཡོངས་རྫོགས་ཀྱི་གཟུགས་བྲིས་སོགས་སོ། །མགོན་ཁང་རབ་འཇིགས་དཔལ་འབར་གླིང་ཞེས་བྱ་བ་ཡང་དེར་ཡོད་ལ། དེའི་ནང་གི་རྟེན་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ་རང་བྱུང་དུ་གྲགས་པ། སྐབས་སྐབས་སུ་ཞལ་མདོག་འགྱུར་ཞིང་ཞལ་ནས་ཁྲག་འཛག་ཅིང་གཟི་བརྗིད་བཟོད་པར་དཀའ་བ་བྱིན་རླབས་ཀྱི་ན་བུན་འཐུལ་བ་ཐོག་ཚད་ཕྱེད་གཉིས་ལྷག་དང་དེའི་འཁོར་ལ་མི་ནག་ཁྱི་ནག་སོགས་ཐོག་ཚད་རེ་རེ་སྨན་འདམ་ལས་བསྐྲུན་པ་བཟོ་རྩལ་ཤིན་ཏུ་མཁས་པ་མགོན་པོའི་སྤྲུལ་བ་ཞིག་གིས་འཇིམ་བཟོ་མཛད་ཅིང་མཐར་ཕྱིན་ནས་རབ་གནས་མཛད་སྐབས་ལྷ་བཟོ་དེ་གུར་གྱི་མགོན་པོའི་སྐུ་བརྙན་ལ་ཐིམས་སོང་བར་གྲགས་པའི་སྐུ་བརྙན་ཐམས་ཅད་ཟིལ་རྔམ་བཀྲག་མདངས་གཟི་བརྗིད་ཆགས་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་སོགས་ཤིན་ཏུ་མང་པོར་བཞུགས་ཡོད་དོ། །རྒྱལ་བའི་རྟེན་ཁང་ལྷུན་གྱིས་གྲུབ་པ་ཁང་དམར་གཙུག་ལག་ཁང་བཞེངས་པའི་དུས་སུ་ཡུལ་མི་ཀུན་ཀྱིས་དགའ་སྟོན་དང་བཅས་བཞེངས་པའི་ཆ་རྐྱེན་མ་ཕུལ་བ་གཅིག་ཀྱང་མེད་ལ། སོ་སོར་རྟེན་འབྲེལ་བརྟགས་པའི་མིང་ཡང་ལེགས་པ་བཀྲ་ཤིས་སྨོན་ལམ་དང་བཅས་རེ་རེ་ཆོས་རྗེ་སྒར་བ་གང་ཉིད་ནས་གནང་། ཕྱི་བཀོད་རྫོགས་པ་དང་ནང་བཞུགས་ཀྱི་སྐུ་རྟེན་སོགས་བཞེངས་སྐབས་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེར་བཏང་ནས་ལས་བཅོལ་གཏད་སྐབས་གསེར་གྱི་གོ་ཁྲབ་ཅན་གྱི་མི་ཆེན་གཉིས་བྱུང་ནས་ཐུགས་ཀྱི་དགོངས་པ་ལ་བར་ཆད་གང་ཡང་མེད་པར་སློབ་དཔོན་པདྨ་དང་མཁའ་འགྲོ་གསང་བ་ཡེ་ཤེས་སོགས་ཀྱི་བྱིན་རླབས་དང་བཅས་མཉམ་དུ་གྲུབ་བོ་གསུངས་ནས་མི་སྣང་བར་གྱུར་ཏོ། །གཞན་གཙུག་ལག་ཁང་གི་སྟེང་འོག་ཏུ་སྦྱོར་དྲུག་པའི་ཐུན་པ་ལོ་གསུམ་ཆགས་མེད་དུ་འདུག་པ་ལ་ཆོས་ཚན་གསུམ་ཡོད་པ་དང་། དེ་མིན་ལོ་ཐུན་ཟླ་ཐུན་སོགས་ལ་འདུག་མཁན་གྲངས་མང་རྒྱུན་མི་ཆད་པའོ། །ཁང་དམར་གཙུག་ལག་ཁང་འདི་ནི་དཔལ་རྒྱལ་བ་ཇོ་ནང་བའི་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ལ་འཆད་ཉན་དང་རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་ལ་ཉམས་བཞེས་གནང་བའི་བསྟི་གནས་ཁྱད་འཕགས་ཞིག་ཡིན་ལ། སྦྱོར་བ་ཡན་ལག་དྲུག་གི་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་སྦྱོར་དྲུག་ཉམས་བཞེས་གནང་སའི་གཞི་རྒྱ་ཆེ་ཤོས་ཀྱི་དབེན་གནས་ཀྱང་ཡིན་ནོ། །

རྩོམ་པ་པོ། ཐུབ་པའི་རྗེས་རབས།

ནང་དོན་ཡོངས་ཁུངས། ལུག་ཚང་དཔལ་ཡོན་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།