ཀུན་མཁྱེན་ཇོ་ནང་པའི་རྣམ་བསྟོད་གཟི་ཡི་དོ་ཤལ་བཞུགས།།

ཀུན་མཁྱེན་ཇོ་ནང་པའི་རྣམ་བསྟོད་གཟི་ཡི་དོ་ཤལ་བཞུགས། །


ངག་དབང་མ་རིག་མུན་སེལ་གྱིས་མཛད།


ན་མོ་གུ་རུ་པྲཛྙཱ་དྷྭ་ཛ་ཀ་ལ་ཙཱཀྲ་ཡ།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་པར་ཐར་བའི་བསྟོད་པ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རིགས་ལྡན་སྤྲུལ་བའི་སྐུ་ཆེན་པོས་བདག་གི་རྒྱུད་བྱིན་གྱིས་རླབས་ཤིང་རྗེས་སུ་བཟུང་དུ་གསོལ།

ཨེ་མ་ཧོ།
ཡེ་བཞུགས་ཆོས་སྐུ་གཤེགས་སྙིང་རྟག་པའི་དཔལ། །
མི་འགྱུར་བདེ་ཆེན་གཉུག་མ་ལྷན་ཅིག་སྐྱེས། །
སྐུ་ཞིང་རྒྱ་མཚོའི་བདག་ཉིད་རྡོ་རྗེའི་ཁམས། །
མཆོག་གི་དང་པོའི་སངས་རྒྱས་དཔལ་ལ་འདུད། །

འོད་གསལ་བདེ་ཆེན་ཀུན་གསལ་ཡངས་པ་ལ། །
སྟོང་པ་རྣམ་ཀུན་དགའ་མས་འཁྱུད་པ་ཡི། །
ཟུང་འཇུག་སྒྱུ་མའི་གར་གྱི་ལེགས་བཞེངས་པ། །
དཔལ་ལྡན་ཀ་ལ་ཙཱཀྲས་ལེགས་ཚོགས་བསྙིལ། །

རྒྱལ་བ་ཀུན་ལས་བརྩེ་བ་པད་དཀར་བཞིན། །
ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་ན། །
སྙན་པའི་བ་དན་རྣམ་པར་གཡོ་བ་ཡིན། །
ཐུབ་དབང་བསྟན་པའི་བདག་པོ་སྤྱི་བོས་བསྙེན། །

ཆུ་ཤེལ་ཞུན་མའི་བ་གམ་བརྩེགས་པའི་གནས། །
ཆོས་རྒྱལ་རིགས་ལྡན་འཁོར་ཚོགས་དཔལ་གྱིས་ཕྱུག །
གཤེགས་སྙིང་མངོན་པའི་ཟབ་ལམ་ཉམས་བཞེས་པའི། །
རིག་འཛིན་ཕོ་མོ་ས་ཆེན་རྡུལ་ལ་འཕྱང་། །

རྒྱ་གར་གྲུབ་དབང་བྱེ་བའི་ཁྱུ་མཆོག་ཆེ། །
དུས་ཞབས་ཆེ་ཆུང་འཁོར་ཚོགས་འབུམ་སྡེའི་དཔུང་། །
མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །
མ་དག་ལས་རླུང་དྷུ་ཏིའི་དབྱིངས་སུ་བསྐྲད། །

གངས་ཅན་སཱ་ལའི་སྨན་ལྗོངས་དམ་པ་རུ། །
པཎ་ཆེན་ཟླ་མགོན་འབྲོ་ལོ་ཡབ་སྲས་ཀྱི། །
ཐུགས་སྲས་གྲུབ་ཆེན་ཡུ་མོ་སློབ་ཚོགས་རྣམས། །
རླུང་སེམས་དབང་ཐོབ་གྲུབ་དབང་སྙན་པ་མཐོ། །

ངེས་དོན་བསྟན་སྐྱོང་ཇོ་མོ་ནགས་རྒྱལ་མས། །
ཀུན་སྤངས་གདན་དྲངས་ཡབ་སྲས་རྣམ་གསུམ་ལ། །
ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་ཞེས། །
བསིལ་ལྡན་ལྗོངས་སུ་རྣ་བའི་རྒྱན་དུ་གྱུར། །

མདོ་རྒྱུད་དུ་མར་ལུང་གིས་བསྔགས་པ་ཡི། །
ཀུན་མཁྱེན་རྟ་བདུན་དབང་པོའི་གཟུགས་སྐུ་ཉིད། །
གླིང་བཞིའི་དཔལ་དུ་རྣམ་པར་འཆར་བའི་མོད། །
རྟག་ཆད་མུན་པ་བསལ་བའི་སྣང་བ་སྤྲོས། །

དེ་བཞིན་གཤེགས་པ་པདྨ་བརྒྱའི་སྤྱན་མཚན། །
མཆོད་ཅིང་བསྟོད་ལ་རབ་བྱུང་སྨོན་ལམ་བཏབས། །
མི་རིང་སངས་རྒྱས་སླར་ཡང་ས་བཅུའི་ཚུལ། །
འགྲོ་དོན་ལེགས་མཛད་པདྨའི་ཕྲེང་ལ་འདུད། །

བསྐལ་མང་སྔོན་ནས་ཝཱ་རཱ་ཎ་སཱི་རུ། །
བྱང་སེམས་སྲིད་མཐའི་ཚུལ་འཛིན་སངས་རྒྱས་ཏེ། །
ཆོས་འཁོར་བསྐོར་བས་དགེ་སློང་དུང་ཕྱུར་གྲོལ། །
བདེ་གཤེགས་ཆོས་སྣང་ཆེན་པོར་བཞེངས་ལ་འདུད། །

སངས་རྒྱས་མེ་ཏོག་ལས་བྱུང་ཞེས་བྱའི་དྲུང་། །
རིན་ཆེན་མེ་ཏོག་སྤོས་ཆར་རབ་གཏོར་ཤིང་། །
ཆོས་ཉིད་གཤེགས་སྙིང་དོན་ཞུས་རབ་ཏུ་བྱུང་། །
སེམས་ཅན་མང་གྲོལ་རིན་ཆེན་འབྱུང་གནས་འདུད། །

སྤྱན་གཟིགས་སེང་རོལ་མདོ་ལས་བྱུང་བ་ཡང་། །
སྔོན་བྱུང་བདེ་གཤེགས་མཛད་པ་བཅུ་གཉིས་མཐར། །
རིང་བསྲེལ་འོད་ལས་འགྲོ་དོན་དཔག་མེད་མཛད། །
འོད་ཟེར་མངོན་འཕགས་དཔལ་ལ་དང་བས་འདུད། །

ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །
འོད་མངའི་སྤྲུལ་པ་བདག་ཅག་སྟོན་པའི་དྲུང་། །
མ་འོངས་བོད་ཁམས་འདྲེན་གསུངས་ཚད་མེད་པའི། །
འགྲོ་བ་དྲངས་མཛད་སྤྱན་རས་གཟིགས་ལ་འདུད། །

སྔོན་འདས་སངས་རྒྱས་ཀླུ་རིག་སྒྲོན་མེའི་དྲུང་། །
རང་གཤིས་དོན་དམ་ཆོས་སྐུའི་ཆོས་གཏམ་གླེང་། །
ཤཱཀྱའི་བསྟན་ལ་ཆོས་ཀྱི་རྒྱལ་མཚན་འཛུགས། །
ལུང་བསྟན་རྒྱལ་པོ་བརྩོན་འགྲུས་ཀླུ་ལ་འདུད། །

དེ་བཞིན་གཤེགས་པ་སྒྲ་གཅན་དཔལ་གྱི་དྲུང་། །
མཆོད་ཅིང་བཀུར་བས་གོའུ་ཏམ་བསྟན་པ་ལ། །
ངེས་དོན་མདོ་སྡེའི་དགོངས་དོན་འཆད་འགྱུར་ཞེས། །
ལུང་བསྟན་གླིང་བཞིའི་འཁོར་བསྒྱུར་དེ་ལ་འདུད། །

བདེ་སྟོང་རོལ་མདོ་ལས་བསྟན་འོད་སྲུང་མདུན། །
མུ་སྟེགས་རྒྱལ་པོའི་བཀའ་བཞིན་ཉན་ཐོས་ཆེ། །
མདའ་མཚོན་མེ་ལས་འཇིག་མེད་རྒྱལ་ཁམས་ཡང་། །
ཆོས་ལ་བཀོད་པའི་བློ་འཆང་ཞེས་ལ་འདུད། །

སྔོན་ཚེ་ཚོང་པ་ལྔ་བརྒྱ་སྲིན་གླིང་འཕྱན། །
དེད་དཔོན་ཐབས་རྙེད་ཡར་ཚེས་བཅོ་ལྔ་ལ། །
རྟ་མཆོག་མཁའ་ལ་འཕུར་ཏེ་འཇིགས་ལས་སྐྱབས། །
ཅང་ཤེས་བྷ་ལ་ཧ་ཞེས་དེ་ལ་འདུད། །

བཅོམ་ལྡན་མ་ཆགས་པདྨའི་སྤྱན་གྱི་དུས། །
རིག་བྱེད་སྟོན་པས་འཚེ་བའི་ཆོས་བྱེད་ཚེ། །
ཐབས་ཀྱིས་བཏུལ་ཞིང་སྟོན་པའི་བསྟན་ལ་བཙུད། །
བྱང་སེམས་རི་དྭགས་རུ་རུར་སྐྱེས་ལ་འདུད། །

བཅོམ་ལྡན་གདུགས་དམ་པ་ཡི་བསྟན་ལ་ཞུགས། །
ནམ་མཁར་འཕགས་ཏེ་མུ་སྟེགས་ཟིལ་གྱིས་མནན།་།
ཐམས་ཅད་ནང་པའི་བསྟན་ལ་འཇུག་པར་བྱས། །
རྒྱལ་སྲས་སེམས་དཔའ་པར་ཙི་ཀ་ལ་འདུད། །

སངས་རྒྱས་ཡེ་ཤེས་ཏོག་ཉིད་གུས་མཆོད་དེ། །
ཆོས་ཀྱི་སྙིང་པོ་ངེས་དོན་གཤེགས་སྙིང་ཞུས། །
བཙུན་མོ་ཁབ་བཞེས་རྒྱལ་འབངས་ཆོས་བཞིན་བསྐྱངས། །
རྒྱལ་བུ་འཇིག་རྟེན་དབང་ཕྱུག་རྗེ་ལ་འདུད། །

སྔོན་ཚེ་བཅོམ་ལྡན་སྨན་པའི་རྒྱལ་པོའི་མདུན། །
རྒྱལ་འབངས་འཁོར་བཅས་རབ་བྱུང་བསྙེན་པར་རྫོགས། །
བདེན་བཞིའི་ཆོས་ཚུལ་བསྒོམ་པས་འབྲས་བུ་ཐོབ། །
བསོད་ནམས་ལྡན་ཞེས་རྒྱལ་སྲས་གང་ལ་འདུད། །

དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོའི་དྲུང་། །
ལོ་ནི་བཅུ་གཉིས་ཐན་པ་བྱུང་བ་ལ། །
གུས་མཆོད་ཞུ་གསོལ་ཆར་དང་ལོངས་སྤྱོད་བབས། །
མངའ་ཐང་རབ་རྒྱས་འོད་བཟང་རྒྱལ་བུར་འདུད། །

བདེ་གཤེགས་སེངྒེའི་ང་རོའི་བསྟན་པ་ལ། །
ཆོས་ཞུས་ཏིང་འཛིན་སྒོམ་ལ་དུག་མདའ་བསྣུན། །
ཆོས་གཏམ་གྱིས་འདས་རྒྱལ་པོས་མཆོད་གནས་མཛད། །
ངོ་མཚར་རྨ་བྱ་མཛེས་ལྡན་དེ་ལ་འདུད། །

དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོའི་དྲུང་། །
རབ་མཛེས་བུ་མོས་དུས་བཏབ་གདུང་བ་ན། །
སེམས་དཔའ་སྲོག་བཏང་རྒྱལ་འབངས་རྣམས་ཀྱིས་མཆོད། །
དགེ་སློང་མཛེས་པའི་བློ་གྲོས་གང་ལ་འདུད། །

སྔོན་དུས་རྒྱལ་བ་མི་འཁྲུགས་པ་ཡི་དྲུང་། །
རྒྱལ་འབངས་གསོད་གཅོད་དབུལ་ཕོངས་ཀྱིས་མནར་བས། །
སྦྱིན་པའི་ཚིམ་མཛད་སྡེ་འབངས་ཆོས་ལ་བཀོད། །
རྒྱལ་བུ་མཛེས་ལྡན་སྐྱེས་པའི་རབས་ལ་འདུད། །

རྒྱལ་བ་ཟླ་བའི་དབང་པོའི་བསྟན་པ་ལ། །
དགེ་སློང་དབེན་པར་གཡེང་ལ་ལེགས་བསྐུལ་ཏེ། །
མི་རྟོགས་ནམ་མཁའི་རྣལ་འབྱོར་སྒོམ་ནས་གྲོལ། །
གླང་ཆེན་ཕྲུ་གུ་སྟོབས་རྒྱན་སྐྱེས་ལ་འདུད། །

སྔོན་དུས་བདེ་གཤེགས་གསེར་ཐུབ་བཞུགས་པའི་ཚེ། །
དྲང་སྲོང་དབེན་པར་ཚུལ་ཁྲིམས་འཆལ་བ་ལ། །
རྗེས་བཟུང་ལྟ་སྤྱོད་གཙང་མའི་བདེ་ལ་བཀོད། །
བྱ་མཆོག་ངང་མཛེས་ཁྲིམས་གཙང་ཁྱོད་ལ་འདུད། །

སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ། །
འཁོར་བསྒྱུར་མེ་ཏོག་འཕགས་ཀྱིས་མཆོད་པའི་མཐུས། །
རྒྱལ་སྲས་མང་བྱུང་ཀུན་ཀྱང་བྱང་ཆུབ་ཐོབ། །
པདྨ་ལས་འཁྲུངས་སྤོས་གླང་སེམས་དཔར་འདུད། །

བཅོམ་ལྡན་སེངྒེའི་རྣམ་རོལ་བསྟན་པ་ལ། །
མུ་སྟེགས་གླང་རྦད་སྤྲུལ་བའི་སེངྒེས་བཏུལ། །
རྒྱལ་འབངས་ཆོས་བསྟན་དགེ་སྦྱོང་འབྲས་བུ་ཐོབ། །
ཉན་ཐོས་ཚུལ་འཛིན་མཛེས་བཟང་སྐྱེས་ལ་འདུད། །

བདེ་གཤེགས་སེངྒེའི་རྒྱལ་མཚན་ཐུགས་ཀྱི་སྲས། །
ཡངས་པ་ཅན་གྱི་ནད་ཡམས་ཞི་བྱས་ཤིང་། །
ལི་ཙ་མཐོང་དགའ་ལ་སོགས་འགྱུར་ལུང་བསྟན། །
ཟླ་བའི་བློ་གྲོས་སྐྱེས་པའི་རབས་ལ་འདུད། །

དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོའི་དྲུང་། །
མཆེད་གཉིས་རབ་བྱུང་ངེས་དོན་ཆོས་གཏམ་གླེང་། །
གཉུག་སེམས་དོན་རྟོགས་བླ་མེད་བྱང་ཆུབ་བརྙེས། །
རྒྱལ་སྲས་མྱ་ངན་མེད་ལ་དང་བས་འདུད། །

གསེར་ཕྱེ་བརྡལ་བའི་མདོར་གསུངས་ཞིང་མཆོག་ནི། །
པདྨ་དཀར་ཞེས་སྣོད་བཅུད་ཡ་མཚན་གནས། །
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བསྟོད་ཕྱག་ཡུལ། །
སངས་རྒྱས་ཟླ་བའི་རྒྱལ་མཚན་བཞེངས་ལ་འདུད། །

ལྷ་མོ་དྲི་མེད་ཞུས་མདོར་ལེགས་མཐོང་རྒྱལ། །
དུས་དེར་མུ་སྟེགས་དུ་རུ་ཥྐ་ཡི་ཚོགས། །
ཟིལ་མནན་ཆོས་ཀྱི་འགྲོ་ཕན་བླ་མེད་མཛད། །
རྒྱལ་བའི་རྗེས་བཟུང་ནོར་ཕྲེང་རྒྱལ་པོར་འདུད། །

བདེ་གཤེགས་ཀླུ་དབང་རྒྱལ་པོའི་བསྟན་པ་ལ། །
སྲོག་ལས་གཅེས་པའི་བསམ་འཕེལ་དབང་གི་རྒྱལ། །
མི་རྗེ་ལ་གནང་འཛམ་གླིང་དབུལ་ཕོངས་བསལ། །
ཀླུ་རྒྱལ་ཡོན་ཏན་མཐའ་ཡས་སྐྱེས་ལ་འདུད། །

སངས་རྒྱས་བུ་ར་ཤ་ཡི་སྐུ་གཟུགས་ཉིད། །
བརྒྱད་ཁྲི་བཞི་སྟོང་ཚོན་རིས་མཛེས་བྱས་ཏེ། །
མཐའ་འཁོབ་རྒྱལ་ཕྲན་དེ་རྙེད་ཆོས་ལ་བཙུད། །
ཆོས་ཀྱི་རྒྱལ་པོ་ས་ཐུལ་དེ་ལ་འདུད། །

འདས་དུས་སངས་རྒྱས་འོད་སྲུང་བསྟན་པ་ལ། །
རྒྱལ་བ་མཆོད་ཅིང་མཆོད་རྟེན་མཐོང་གྲོལ་བཞེངས། །
ཤཱཀྱའི་བསྟན་ལ་དེ་བཞིན་སྨོན་ལམ་བཏབས། །
དྷརྨ་ཨ་ཤྭ་ཀར་སྐྱེས་རབས་ལ་འདུད། །

སྔོན་བསྐལ་རྒྱལ་བ་གསེར་ཐུབ་བསྟན་པ་ལ། །
སངས་རྒྱས་འཁོར་བཅས་ལེགས་མཆོད་མུ་ཏིག་གིས། །
མཆོད་རྟེན་བཞེངས་ཤིང་དབུལ་ཕོངས་སྡུག་བསྔལ་བསལ། །
མུ་ཏིག་སྙིང་པོ་རྒྱལ་སྲས་མཆོག་ལ་འདུད། །

སྟོན་པ་སྤྲིན་གྱི་སྒྲོན་མེའི་རྒྱལ་པོའི་དུས། །
རྒྱལ་པོའི་བཙོན་ལས་བཀྲོལ་ཅིང་སྦྱིན་པ་མཛད། །
སངས་རྒྱས་འཁོར་བཅས་མཆོད་བཀུར་དཔག་མེད་བགྱིས། །
རྒྱལ་བུ་སྙིང་རྗེའི་སྤྲིན་ཆེན་དེ་ལ་འདུད། །

སྟོན་པ་ཤཱཀྱའི་རྒྱལ་པོའི་སྐུའི་གམ་དུ། །
རྒྱལ་སྲིད་སྤངས་ནས་ངེས་དོན་མདོ་སྡེ་ཞུས། །
འཁོར་བཅས་ལྷ་ཡིས་བསུས་ཏེ་ཞིང་དུ་གཤེགས། །
ལི་ཙ་མཐོང་ན་དགའ་ལ་གུས་པས་འདུད། །

རྣམ་འདྲེན་བཞི་པ་ཤཱཀྱའི་ཞིང་ཁམས་ལ། །
ཀླ་ཀློའི་ཆོས་བཏུལ་ངེས་དོན་བསྟན་པ་སྤེལ། །
ཀླུ་རྣམས་རྗེས་བཟུང་ཐེག་ཆེན་རྒྱས་པར་བྱས། །
འཕགས་པ་ཀླུ་སྒྲུབ་དཔལ་གྱི་སྙིང་པོར་འདུད། །

རྩ་རྒྱུད་ལུང་ལྟར་ཤམྦྷ་ལ་ཡི་ཞིང་། །
རྡོ་རྗེའི་རྣལ་འབྱོར་ཟབ་ལམ་ཕྱོགས་སུ་བརྡལ། །
བསྡུས་རྒྱུད་རྒྱས་འགྲེལ་དྲི་མེད་འོད་ཅེས་མཛད། །
རིགས་ལྡན་པདྨ་དཀར་པོར་བཞེངས་ལ་འདུད། །

ཤེར་ཕྱིན་བརྒྱད་སྟོང་པ་རུ་གསལ་བ་ཡི། །
ངོ་མཚར་སྟོང་ལྡན་གྲོང་ཁྱེར་ཚལ་དབུས་སུ། །
ཤེར་ཕྱིན་ཟབ་མོས་རྟག་ངུ་ལ་སོགས་གྲོལ། །
སྤོས་ལྡན་ཆོས་འཕགས་བྱང་སེམས་དེ་ལ་འདུད། །

མདོ་སྡེ་མཛངས་བླུན་ལུང་ལས་གསལ་བ་བཞིན། །
གངས་ཅན་ལུགས་གཉིས་མངའ་ཐང་དགུང་ལ་འཕྱུར། །
ཡི་གེའི་སྲོལ་བཏོད་མཐའ་བཞི་དབང་དུ་བསྡུས། །
བོད་རྗེ་སྲོང་བཙན་སྐྱེ་བ་བཞེས་ལ་འདུད། །

བདག་ཅག་སྟོན་པའི་བསྟན་པ་སྤེལ་བ་ཡི། །
ངོ་མཚར་བརྟུལ་ཞུགས་སྤྱོད་པའི་གང་འདུལ་གྱི། །
རྒྱ་བོད་རྔ་ཡབ་གླིང་སོགས་བདེ་ལ་བཀོད། །
སློབ་དཔོན་པད་འབྱུང་ཉིད་དུ་སྐྱེས་ལ་འདུད། །

གངས་ལྗོངས་གྲུབ་དབང་ཁྱུ་ཚོགས་བཀའ་བརྒྱུད་བསྟན། །
འབྲི་གུང་དགོངས་གཅིག་ཟབ་དོན་སྙིང་པོའི་བསྟན། །
དགེ་འདུན་འབུམ་སྡེའི་ཚོགས་ལ་ལེགས་པར་བསྟན། །
འཇིག་རྟེན་མགོན་པོར་སྐྱེས་ལ་གུས་པས་འདུད། །

དེ་ལྟར་སྐྱེས་རབས་ངོ་མཚར་ཟླ་བྲལ་བ། །
སློབ་དང་མི་སློབ་རིམ་དང་ཅིག་ཆར་སྤྲུལ། །
མདོ་སྡེ་སྣ་ཚོགས་ལས་བྱུང་བདེན་པའི་གཏམ། །
སྐྱེས་ཆེན་གོང་མའི་གསུང་བཞིན་མདོ་ཙམ་བཀོད། །

ད་ནི་རྔ་བོ་ཆེ་སོགས་མདོ་ལུང་བཞིན། །
ཆོས་རྗེ་བླ་མ་ཀུན་མཁྱེན་ཇོ་ནང་པའི། །
གངས་རིའི་ལྗོངས་འདིར་ངེས་དོན་སྤེལ་བའི་ཚུལ། །
བོད་མིས་བཀའ་དྲིན་དྲན་ཕྱིར་ཅུང་ཙམ་བརྗོད། །

སཱ་ལའི་ལྗོངས་འདིར་འཕགས་པ་པད་དཀར་འཛིན། །
སྙིག་མའི་འགྲོ་ལ་མགོན་སྐྱབས་སྒྱུ་མའི་གར། །
རྒྱལ་བའི་དགོངས་པ་དྲི་མེད་སྟོན་པའི་རྗེ། །
རྟོན་བཞི་ལྡན་པ་མདོ་རྒྱུད་ལུང་བསྟན་ཚུལ། །

ལྷོ་ཕྱོགས་དོལ་པོ་ཞེས་བྱའི་ཀ་ཡོ་རི། །
འོད་སྲུང་མཚུངས་བའི་དགེ་སློང་དམ་པ་འབྱུང་། །
ཆོས་ཕྱིར་སྲོག་གཏོང་ནུས་ལ་བདུད་སྡེ་འཇོམས། །
དེ་ལ་སོགས་པ་དཀོན་མཆོག་སྤྲིན་མདོར་གསུངས། །

རྔ་བོ་ཆེ་མདོར་ངའི་མིང་ཉེར་འཆང་བའི། །
དགེ་སློང་ཡང་དག་ཆོས་ཀྱི་གཏམ་སྨྲ་ཞིང་། །
རིགས་ཁམས་གཤེགས་སྙིང་འོད་གསལ་རྟག་པའི་སྒྲ། །
ཆོས་ཀྱི་རྔ་བརྡུང་ཆོས་དུང་འབུད་པར་བསྟན། །

མྱང་འདས་མདོ་ལས་ཆུ་བོ་གཡས་འཁྱིལ་གྱི། །
ལྷོ་ཕྱོགས་ངའི་མིང་དགེ་སློང་ཆོས་སྦྱིན་དང་། །
ཕར་ཕྱིན་རྒྱུ་ཡི་ཆོས་རྣམས་རབ་སྟོན་ཅིང་། །
གསང་སྔགས་འབྲས་བུའི་ཉེ་ལམ་གསལ་ཞེས་བསྟན། །

བྱང་ཕྱོགས་ཁ་བ་ཅན་གྱི་ཀ་ཡོ་རི། །
ས་བདག་ཡེ་ཤེས་དབང་ཕྱུག་ཡབ་སྨྲོས་ལ། །
སྤྱན་རས་གཟིགས་བལྟམས་འབྲེལ་ཚད་དོན་ལྡན་འགྱུར། །
ཨ་དྲ་ཤི་ལ་བཀོད་པའི་མདོ་ལས་གསུངས། །

ངའི་འཁོར་ནང་ནས་མཆོག་གྱུར་གྱ་ནོམ་པ། །
ཆོས་ཀྱི་སྒྲོན་མེ་ཐོག་པ་ལི་ཙ་བཱི། །
མ་འོངས་བྱང་ཕྱོགས་ང་ལྟར་གྲགས་ཤིང་མཁྱེན། །
དེ་ལྟར་ཀ་ཡ་གོ་རིའི་མདོ་ལས་བྱུང་། །

གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས་ནི། །
གདོང་དམར་ཆུ་བོ་ཕྲེང་མཛེས་ཀ་ཡོ་རི། །
ཡབ་ཡུམ་མཚན་སྨྲོས་སངས་རྒྱས་མིང་ཅན་འབྱུང་། །
ངེས་དོན་སྙིང་པོའི་དུང་འབུད་དར་ཕྱར་གསུངས། །

བོད་རྗེ་སྲོང་བཙན་སྒམ་པོའི་ཞལ་ལུང་ལས། །
མི་བདག་ཛྙཱ་ན་ཤྭ་རའི་རྒྱལ་བོའི་བུ། །
ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལ་འབྱུང་། །
སྐྱེས་མཆོག་བསྟན་འཛིན་ཀུན་མཁྱེན་མཚན་གྲགས་གསུངས། །

ཀ་ཡོ་རི་ལ་ཀུན་མཁྱེན་མཚན་གྲགས་ཤིང་། །
བཀྲ་ཤིས་སྒོ་མང་གཙང་ནག་ཕུག་ཏུ་བཞེངས། །
དེ་ཡི་བསྟན་པ་ཕྱོགས་གཞན་དག་ནས་དར། །
བསྟན་པ་རིན་ཆེན་གང་གཱའི་ཆུ་བའི་རིང་། །

བློན་རྣམས་ཡོན་ཏན་ང་མཉམ་བཙུན་མོ་རྣམས། །
སྲིང་མོའི་ཚུལ་འཛིན་དགེ་སློང་མར་གྱུར་ཏེ། །
རྒྱལ་བའི་རྟེན་མཆོག་གྲགས་རྒྱལ་གནས་སུ་བཞེངས། །
དེ་སྐད་བཀའ་ཆེམ་བཀའ་ཁོལ་མ་ལས་བྱུང་། །

ཨོ་རྒྱན་པདྨའི་འཁྲུངས་རབས་ཆོས་འབྱུང་ལས། །
དོལ་ཡུལ་མཁར་ཆེན་དཔལ་དང་གཙང་བ་ནི། །
རིང་མོའི་སྤྲུལ་པ་ཇོ་ནང་དགོན་གནས་སུ། །
དོལ་བུ་སངས་རྒྱས་ཀུན་དགའ་ལེགས་ཞེས་འབྱུང་། །

བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ལས། །
བདག་གི་སྤྲུལ་པ་ཀུན་མཁྱེན་ཇོ་ནང་ཞེས། །
བོད་ཁམས་འདི་ན་མཁས་ཤིང་གྲུབ་བརྙེས་པའི། །
བསྟན་པའི་སྲོག་འཛིན་མདོ་སྔགས་བདག་པོར་འགྱུར། །

ཀུན་སྤངས་ཆེན་པོས་རི་ཁྲོད་འདི་རུ་ནི། །
བུ་ལས་ཚ་བོ་དེ་ལས་ཡང་ཚ་བཟང་། །
མ་འོངས་བཟང་ལྡན་གོང་མར་ཆོས་འཆད་ཅིང་། །
བཟང་ལྡན་འོག་མར་མཆོད་རྟེན་ཆེར་བཞེངས་གསུངས། །

བོད་ཡུལ་གྲུབ་རྒྱལ་ཐང་སྟོང་རྒྱལ་པོ་ཡིས། །
ཁོ་བོ་སྔ་མ་ཀུན་མཁྱེན་དོལ་པོ་ཟེར། །
ཐུབ་པའི་བསྟན་པ་གངས་ལ་ཉི་ཤར་ལྟར། །
མཛད་ཅིང་མཆོད་རྟེན་ཆེན་པོར་བཞེངས་པར་གསུངས། །

དེ་ལྟའི་ཆེས་མཚར་རྡོ་རྗེའི་བཀའ་ལུང་གི །
སྙན་པའི་རོལ་མོ་འབུམ་གྱི་བརྗོད་པའི་ཚུལ། །
འཇིག་རྟེན་འདི་ན་ཨུ་དུམ་ཝ་ར་བཞིན། །
བླ་མ་ཁྱེད་འདྲ་དཀོན་ཞེས་ཡོངས་སུ་གྲགས། །

བསིལ་ལྗོངས་ཚད་མའི་སྐྱེས་ཆེན་ཟླ་བྲལ་བ། །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་རྗེ། །
རྒྱལ་བ་གཉིས་པ་དེ་ཡི་རྟོགས་བརྗོད་ཚུལ། །
འགྲོ་ཀུན་རྗེས་སུ་འཛིན་ཕྱིར་ཅུང་ཙམ་བཀླག །

འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་རླབས་གནས། །
བོད་ཡུལ་མངའ་རིས་དོལ་པོའི་ཀ་ཡོ་རི། །
ཆུ་བོ་ལྗོན་ཤིང་ཕྲེང་མཛེས་གྲོང་བཞིའི་དབུས། །
ཆོས་ནོར་སྡེ་བཞིའི་དཔལ་གྱི་འབྱོར་བ་རྒྱས། །

བདེ་མཆོག་རྣམ་རོལ་ཡེ་ཤེས་དབང་ཕྱུག་དང་། །
རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཚུལ་ཁྲིམས་རྒྱན། །
གསོ་སྦྱོང་ཁྲུས་མཛད་མཁའ་ལས་ཧྲཱིཿཡིག་དཀར། །
མ་ཡི་སྤྱི་གཙུག་གནས་ལས་ལེགས་པར་ཞུགས། །

ཨེཿ ཝ་ཐིག་དྲུག་སྟོང་ཆེན་འགྱུར་མེད་ལྔ། །
ཨ་ཧཾ་ཐབས་ཤེས་འོད་གསལ་ཡིག་ཚོགས་དག །
ཆོས་དབྱིངས་རྡོ་རྗེའི་མུན་སེལ་སྒྲོན་མེ་ཤར། །
ཞེས་སོགས་ངོ་མཚར་ཆོས་སྒྲ་ཀུན་མཐུན་གྲགས། །

འོད་དང་འོད་གསལ་ཕྲེང་བ་མཁའ་ལ་ཤར། །
ས་གཞི་བྱིན་ཆགས་ལོ་ལེགས་འཁྲུགས་རྩོད་མེད། །
མ་ཡི་སྐུ་ལུས་ཤེལ་བུམ་མར་མེ་ལྟར། །
གསལ་མཐོང་དགའ་བདེའི་སྣང་བས་དུས་ཀུན་ཁྱབ། །

ཆོས་ཀྱི་སྒྲ་དང་མ་ཎིའི་མདངས་འོད་གསལ། །
མ་ཡུམ་རྨི་ལམ་རང་ལུས་གཞལ་ཡས་ཁང་། །
རབ་དཀར་མིག་མི་འཛུམ་པ་བཞུགས་ཤིང་འཁོད། །
མར་མེའི་ཟེར་བརྒྱ་ཕྱོགས་བཅུར་འཕྲོ་བ་རྨིས། །

ད་དུང་ལྷ་མང་བསྐོར་དང་མཆོད་པ་ཕུལ། །
དངོས་སུ་ཡུམ་གྱིས་སྨྱོ་ནད་ཅན་སོགས་ལ། །
ས་སོགས་གནང་བས་འཇིགས་ལས་གྲོལ་བའི་ཚུལ། །
ཕན་བདེའི་གླེང་མོལ་ངོ་མཚར་ཟླ་མེད་བྱུང་། །

རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་གི་དཔྱིད། །
བྱང་ཆུབ་མཆོད་རྟེན་ལྷ་ལམ་ཁྱབ་པ་ལས། །
འོད་སྣ་ལྔ་ཡིས་འཛམ་གླིང་ཡོངས་ཁྱབ་ཅིང་། །
འོད་དེས་འགྲོ་ལ་དགའ་བདེའི་དཔལ་རབ་བྱིན། །

ལྷ་ལམ་དབྱིངས་སུ་སྣང་གསལ་འོད་སྣང་གིས། །
བོད་མུན་བསལ་ཞིང་བ་དན་ལྷ་ལམ་སྒྲེང་། །
རྒྱལ་བ་སྲས་བཅས་དགྱེས་ཤིང་དུང་འབུད་པས། །
རྫོགས་ལྡན་ཆོས་ཀྱིས་ཁྱབ་པ་ལྕམ་སྲིང་རྨིས། །

དཔྱིད་ཟླ་ར་བའི་ཡར་ཚེས་བརྒྱད་པ་ལ། །
རབ་དཀར་མདངས་ལྡན་ཁྱེའུ་ཡ་མཚན་པ། །
མ་ལ་གནོད་མེད་ལེགས་བལྟམས་མཛེས་ཆ་རྫོགས། །
ཕྱག་ཟུང་དཀྱིལ་དུ་པདྨའི་རི་མོ་གསལ། །

སྤྱན་ཟུང་ཨུཏྤལ་རྣ་བ་སྲབ་འཇམ་ལྡན། །
ཐུགས་ཀའི་དཀྱིལ་དུ་དཔལ་བེའུ་རི་མོ་བཀྲ། །
ཡིག་དྲུག་དབྱངས་ཀྱིས་ཕྱོགས་མཐར་ཁྱབ་པ་ཡིས། །
ལྷ་ཀླུ་མི་རྣམས་དགའ་བའི་པདྨོ་འཛུམ། །

མཁའ་གླང་སྦུབས་ནས་ཀླུ་རྒྱལ་མི་མགོན་གྱིས། །
གཞོན་ནུའི་སྐུ་ལ་བདུད་རྩིས་ཁྲུས་གསོལ་དང་། །
ཌ་ཀིས་གླུ་ལེན་དཔའ་བོ་དཔའ་མོས་ཚོགས། །
མེ་ཏོག་ཆར་དང་ལྷ་ཡིས་ན་བཟའ་ཕུལ། །

ས་ཆེན་གཡོས་ཤིང་འཇའ་འོད་རོལ་མོའི་སྒྲ། །
ནོར་བུ་སྙིང་པོ་ཞེས་པའི་རང་སྒྲ་དང་། །
སེམས་དཔའི་སྐུ་ལས་དྲི་བཟང་ཕུལ་དུ་བྱུང་། །
དག་སྣང་ལྡན་རྣམས་མཚན་དཔེ་གསལ་བར་མཐོང་། །

དེ་ལྟ་ནའང་སྙིང་རྗེའི་གཞན་དབང་གིས། །
མ་ལུས་འགྲོ་བའི་ཁམས་དབང་རྗེས་འགྲོ་བ། །
ཕྱི་ནང་གསང་བའི་མཛད་མཐའ་མི་མངོན་ཡང་། །
ཚུར་མཐོང་དད་ལྡན་གདུལ་བྱའི་དེ་སྣང་ཙམ། །

སྐྱེ་མཆོག་གང་དེ་མཐོང་ཐོས་དྲན་རེག་གི །
སྐྱེ་བོ་ཐམས་ཅད་བདེ་སྐྱིད་ནད་མེད་ཅིང་། །
དབུལ་ཕོངས་སྡུག་ལས་གྲོལ་བ་སེམས་དཔའི་ཆོས། །
རྒྱལ་སྲས་ཆེན་པོའི་ངང་ཚུལ་ལྷུན་གྱིས་གྲུབ། །

ན་ཚོད་ཆེས་ཕྲ་ཟླ་བ་གཉིས་ཙམ་ན། །
ཡི་གེ་དྲུག་མ་ལ་སོགས་གཟུངས་མང་གསུངས། །
ཡུལ་མི་ཀུན་ཀྱང་བསྔགས་པའི་མེ་ཏོག་འཐོར། །
ལྕམ་སྲིང་དེ་དག་སེམས་དཔའི་རོལ་བར་གྲགས། །

དགུང་གྲངས་མེ་ལ་སྐྱིད་སྟེང་བླ་མ་ཡིས། །
ཤེས་རབ་མགོན་པོ་ཞེས་པའི་ཅོད་པན་གནང་། །
འཇིག་རྟེན་དབང་ཕྱུག་བདག་ཅག་འགྲོ་བའི་མགོན། །
དེ་འདྲའི་ངོ་མཚར་ལྡན་པ་ཨེ་མ་རྨད། །

དེ་ནས་རང་དོན་ཐོས་བསམ་སྒོམ་པའི་ཚུལ། །
རྒྱལ་སྲས་མྱུ་གུ་ན་ཚོད་ཆུང་ངུའི་དུས། །
བཤེས་གཉེན་རླན་གྱིས་ཕྲན་པའི་འདུ་བྱེད་དེས། །
ས་བརྡོལ་ལྗོན་པ་མཐོ་རིས་དཔལ་དུ་ཆས། །

དགུང་གྲངས་དུས་ལ་བླ་མ་སྐྱིད་སྟེང་ལས། །
འཇམ་དཔལ་དམར་པོའི་དབང་ཞུས་སྒྲུབ་པ་མཛད། །
ཞལ་མཐོང་པོ་ཏིའི་ཆར་བབས་དབྱངས་ཅན་མའི། །
རྣམ་པར་མཐོང་བས་ཤེས་རབ་རང་རྡོལ་བྱུང་། །

ཡི་གེ་འབྲི་ཀློག་ལྷ་རིས་གོ་ལའི་འགྲོས། །
མངོན་པ་དུས་འཁོར་ལུགས་ཀྱི་རྩིས་རིགས་དང་། །
སྒྲ་རིག་བཟོ་གསོ་སྙན་དངགས་སྡེབ་སྦྱོར་སོགས། །
རིག་གནས་རྣམས་ལ་མཁས་པའི་རྩེ་མོར་གྱུར། །

དགུང་གྲངས་ཕྱོགས་ལ་གསང་སྔགས་རྙིང་མ་ཡི། །
རིག་འཛིན་ཚུལ་བཟང་བྱང་སེང་ལ་སོགས་དྲུང་། །
མ་ཧཱ་ཡོ་ག་ཡང་དག་ཐུགས་སྒྲུབ་སྐོར། །
སྔ་འགྱུར་ཆོས་ལ་མཁས་པའི་སྦྱངས་པ་བྱས། །

བྱང་ཆུབ་སེམས་ཀྱི་ཀྱོ་བ་རྣོན་པོ་ཡིས། །
ལེགས་དྲངས་རིང་ནས་གཅེས་པའི་མ་རྣམས་ཀྱི། །
ཚེ་སྲོག་བཀུམ་པའི་བསད་ཤའི་ཚོགས་གཏོར་དང་། །
སྐུ་ཚེར་བསད་པའི་ཤ་ཁྲག་རིང་དུ་སྤངས། །

དགུང་གྲངས་དྲག་པོར་མཁས་བཙུན་ཚུལ་སྙིང་སོགས། །
དགེ་འདུན་འཚོགས་ལས་རབ་བྱུང་གཙུད་ཕུད་བྲེག །
དབུ་ལྗོན་འཐོར་ཕྱོགས་འཇའ་འོད་མེ་ཏོག་ཆར། །
ཤེས་རབ་འབུམ་ཞེས་དགེ་བསྙེན་མཚན་དུ་གསོལ། །

དགེ་ཚུལ་མཚན་ལ་ཤེས་རབ་རྒྱལ་མཚན་དཔལ། །
ཀ་རི་ཀ་སོགས་འདུལ་ལུང་རྣམ་གྲངས་གསན། །
ཁྲིམས་གཙང་ཉེས་རྡུལ་ཆ་དང་མི་འགྲོགས་པའི། །
རིན་ཆེན་ལྷུན་པོའི་བང་རིམ་གྱེན་དུ་འཕྱུར། །

འདི་དུས་ཙམ་ན་སྒྲོལ་མ་དཀར་ལྗང་གིས། །
ཇོ་ནང་དཔལ་དུ་འབྱོན་པར་མང་བསྐུལ་ཀྱང་། །
སྐྱི་སྟོན་འཇམ་དབྱངས་དྲུང་དུ་ཕར་ཚད་མངོན། །
ཀུན་བཏུས་དང་བཅས་ཅིག་ཆར་སྦྱངས་བས་གྲགས། །

དགུང་ལོ་ཉི་ཤུར་གློ་བོ་ས་སྐྱར་བྱོན། །
བློ་གྲོས་རྩལ་འགྲན་ཕར་ཚད་མངོན་སུམ་དང་། །
སྤྱོད་འཇུག་སངས་རྒྱས་ཐོད་པ་རྡོར་ཕྲེང་རྒྱུད། །
ཅིག་ཆར་བཟུང་བས་མཁས་པའི་སྙན་པ་འབར། །

ཤཱཀྱ་འབུམ་དང་བདག་ཆེན་རྣམ་གཉིས་ལས། །
རྒྱུད་སྡེ་སྤྱི་རྣམ་བརྟག་གཉིས་རྒྱུད་འགྲེལ་དང་། །
ཚད་མ་རིག་གཏེར་ཕར་ཚད་མངོན་འགྲེལ་ཚོགས། །
རྣམ་མང་ལེགས་གསན་ཚིག་དོན་ཁོང་དུ་ཆུབ། །

དགུང་གྲངས་ཉེར་གཅིག་ཡབ་ཡུམ་ཆས་བསྐུར་ཞིང་། །
བཤད་སྟོན་ཆེར་མཛད་ས་སྐྱའི་མཚན་ཉིད་པས། །
ཞུས་ངོར་མདོ་ཕྱོགས་བཀའ་པོད་རྣམས་གསུངས་ཚེ། །
མཁའ་ལ་སྒྲ་འོད་མེ་ཏོག་ཅིར་ཡང་ངོམ། །

དབྱར་ཆོས་མངོན་ཕར་རྣམ་ངེས་འདུལ་བ་རྣམས། །
དུས་གཅིག་བསྟན་པས་རབ་དགྱེས་འབུལ་ཆེན་བཀྱག །
དགུང་གྲངས་ཉེར་གཉིས་ཞ་ལུར་བསོད་གྲགས་ལས། །
བསྙེན་རྫོགས་འདུལ་སྐོར་གསན་ཞིང་གསལ་བར་རྟོགས། །

སླར་ཡང་སྐྱི་སྟོན་སོགས་ལས་མདོ་རྒྱུད་སྐོར། །
གྲངས་མང་གསན་སྦྱང་དབང་ལུང་མན་ངག་ཚོགས། །
དཔག་མེད་ཞུས་ཤིང་རང་བྱུང་རྡོ་རྗེ་ཡིས། །
མ་འོངས་ལྟ་གྲུབ་ཟླ་བྲལ་འབྱུང་བར་གསུངས། །

བསམ་ཡས་གསང་ཕུ་འབྲི་གུང་ཆོས་ལུང་སོགས། །
སྔ་ཕྱིར་དབུས་གཙང་གྲྭ་སྐོར་མང་མཛད་དེ། །
མཁས་མང་ཟིལ་མནན་ལུང་རིགས་ཐོག་མེད་པས། །
མ་བགྲོས་ཀུན་མཁྱེན་མཚན་སྙན་འབྲུག་ལྟར་ལྡིར། །

དེ་ནས་གཞན་དོན་ཆུ་ཀླུང་རྡོལ་བའི་ཚུལ། །
ས་སྐྱའི་འཚོགས་ལ་མདོ་མང་བཤད་ལུང་མཛད། །
མཁའ་ལས་སྒྲ་འོད་མེ་ཏོག་ཆར་བབས་ཤིང་། །
བླ་མ་སངས་རྒྱས་མཐོང་བའི་ངེས་ཤེས་འཁྲུངས། །

གངས་རིའི་ལྗོངས་འདིར་བཀའ་བསྟན་འགྱུར་རོ་ཅོག །
ལེགས་པར་གཟིགས་པས་དོན་རྣམས་ཐུགས་སུ་ཆུད། །
དད་ལྡན་གདུལ་བྱའི་ཚོགས་ལ་དབང་མན་ངག །
ལེགས་གནང་གཞན་ཕན་མཛད་པ་རྣམ་པར་དག །

ཐོས་པའི་རྗེས་འཇུག་སྒྲུབ་པའི་ཉམས་ལེན་ཡང་། །
ཀྱེ་རྡོར་བསྒྲུབས་པས་དཀྱིར་འཁོར་མེ་ཏོག་གྱུར། །
ཡི་དམ་ལྷ་ཚོགས་ཞལ་མཐོང་བུམ་ཆུ་ཁོལ། །
མངོན་རྟོགས་བླ་མེད་བསྐྱེད་རིམ་གྲུབ་པ་ཐོབ། །

སྔ་ཕྱིར་ཕྱག་ཆེན་རྫོགས་ཆེན་གཅོད་སྐོར་དང་། །
ཆོས་དྲུག་ལམ་འབྲས་རིས་མེད་བསྟན་པའི་བཅུད། །
གསོལ་བའི་དེ་མཐུན་དགོངས་དོན་རྟོགས་པ་བརྙེས། །
སྐྱེས་ཆེན་པདྨའི་ཚལ་ལས་བདུད་རྩི་གསོལ། །

དགུང་ལོ་སོ་གཅིག་ཆུ་ཁྱིའི་གནམ་ལོ་ལ། །
གྲངས་མེད་རྒྱལ་བའི་མདུན་སར་ལས་སྨོན་སད། །
རྫོགས་ལྡན་ཀུ་མུད་དགོད་པའི་ཇོ་ནང་དུ། །
དད་པའི་བུང་བ་གཡོས་པས་འཕུར་ལྡིང་རྩེས། །

ངེས་དོན་ཟབ་མོའི་སྦྲང་ཆར་འབེབ་འོང་ཞེས། །
ཞིང་བའི་ཚོགས་རྣམས་སྐྱིད་གླུ་གྱེར་དང་ལྷན། །
སྐྱེས་ཆེན་ཉམས་ལ་སྤྱན་གཟིགས་པད་དཀར་སོགས། །
གནས་དེར་རྫོགས་ལྡན་ཆོས་ཆར་འཇོ་བ་མཐོང་། །

ཕྱོགས་ལྷུང་ར་རིས་དག་པའི་ཟླ་གཞོན་ཉིད། །
རིགས་ལྡན་བླ་མ་ཡོན་ཏན་རྒྱ་མཚོའི་དྲུང་། །
ཕྱག་རྟེན་དུང་དཀར་ལ་སོགས་མཎྚལ་བཏེགས། །
དུས་འཁོར་དབང་ཞུས་དགེ་ལེགས་ཅིར་ཡང་འབྱིན། །

གཟིམས་ཁང་བདེ་བ་ཅན་གྱི་སྤྱིལ་བུ་རུ། །
སྒྲུབ་པའི་རྒྱལ་མཚན་བསྒྲེངས་བས་གཟིགས་སྣང་དང་། །
ཟབ་ལམ་སོར་བསམ་སྲོག་རྩོལ་ཉམས་རྟོགས་ཉིད། །
རྒྱུད་ལས་བསྟན་པ་ཇི་བཞིན་མངོན་དུ་བྱས། །

སླར་ཡང་ཆོས་རྗེ་བླ་མ་དེ་ཉིད་ལས། །
སེམས་འགྲེལ་སྐོར་གསུམ་རྒྱ་གཞུང་སེམས་དཔའི་ཆོས། །
སྦྱོར་དྲུག་ལུགས་སྲོལ་བཅུ་ཕྲག་ཕྱེད་ལྷག་གི །
གདམས་པ་མནོས་ཤིང་ཉམས་རྟོགས་སོ་སོར་འཁྲུངས། །

ལྷ་སར་བྱོན་ཏེ་ཕྱག་མཆོད་སྨོན་ལམ་མཛད། །
ཆོས་རྗེའི་སྐུ་ལས་འོད་ཟེར་ཕྱོགས་མཚམས་སྤྲོས། །
འོད་ཟེར་རྩེ་ལ་སྤྱན་གཟིགས་མཐའ་མེད་བཞུགས། །
དེ་འདྲའི་ངོ་མཚར་འཛུམ་ལུང་ཆོས་རྗེས་མཐོང་། །

དེ་ནས་ཐུགས་སྲས་ཆོས་གྲགས་དཔལ་ཉིད་ཀྱིས། །
ཞུས་ངོར་དུས་འཁོར་འགྲེལ་ཆེན་རྡོར་ཕྲེང་དང་། །
ངེས་དོན་དགོངས་འགྲེལ་བྱམས་ཆོས་ལྔ་ཡི་ཚོགས། །
རྒྱལ་བའི་དགོངས་པ་མཐར་ཐུག་བཞིན་དུ་བསྟན། །

རིགས་བདག་བླ་མས་ཆོས་ཀྱི་རྒྱལ་ཚབ་ཏུ། །
མངའ་གསོལ་མཛད་ལ་དགོངས་གནང་ཞུ་བ་གསོལ། །
བཀའ་ལྡོག་མ་ནུས་ཞལ་བཞེས་ཐུགས་མཉེས་ཏེ། །
མན་ངག་མཐའ་དག་ལྷག་ལུས་མེད་པར་གནང་། །

ས་སྐྱར་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས། །
སྤྱན་དྲངས་ཞུ་གསོལ་ཀ་ལ་ཙཱཀྲའི་དབང་། །
བསྩལ་བས་མེ་ཏོག་ཆར་འབེབ་རོལ་མོའི་སྒྲ། །
ལྟས་མང་ལེགས་བྱུང་སྤྱི་བོའི་བླ་མར་བཀུར། །

གཟིམས་ཁང་མཁའ་སྤྱོད་གནས་ལ་ལོ་གཅིག་ཏུ། །
ཐུགས་དམ་རྡོ་རྗེའི་རྣལ་འབྱོར་བརྩོན་པའི་མཐུས། །
སྲོག་འཛིན་མཐར་ཕྱིན་ཞིང་ཁམས་དཔག་མེད་མཇལ། །
ཟུང་འཇུག་རྟོགས་པ་བརྙེས་པའི་མཛད་ཚུལ་གནང་། །

དགུང་གྲངས་སོ་ལྔ་མེ་སྟག་སྟོན་དཔྱིད་ལ། །
དུས་ཁྲིད་ཆེན་མོ་ངེས་དོན་མདོ་བཅུ་དང་། །
བྱམས་ཀླུའི་བསྟན་བཅོས་རྒྱུད་འགྲེལ་དང་མཐུན་པར། །
གཞི་འབྲས་དབྱེར་མེད་ཟབ་ཆོས་སྲོལ་བཟང་ཕྱེས། །

ཐུགས་དམ་ཟབ་མོའི་ཏིང་འཛིན་མཐུ་བྱིན་གྱིས། །
གཟུགས་སྐུ་སྒྱུ་མའི་རོལ་པ་ཐ་དད་པ། །
པད་དཀར་འཆང་དང་ཤཱཀ་ཐུབ་ཀླུ་སྒྲུབ་མཚོན། །
རིགས་དྲུག་འགྲོ་ལ་ཁམས་མཐུན་ཆོས་གཏེར་གནང་། །

ཚེ་རབས་སྨོན་ལམ་ལུང་བསྟན་དུས་སྨིན་ཅིང་། །
དཔལ་ལྡན་བླ་མ་རྣམས་ཀྱི་མཆོད་སྡོང་ཆེ། །
བྱ་བ་ལས་ཀྱི་འཁོར་ལོའི་དཔལ་ཡོན་ཅན། །
འཛམ་གླིང་རྒྱན་གཅིག་བཞེངས་པའི་དགེ་ལེགས་དཔྱིད། །

ཨོ་རྒྱན་པདྨས་བཟང་ལྡན་འོག་མ་རུ། །
བྱིན་རླབས་རྒྱལ་ཆེན་སྡེ་བཞིས་སྲོག་ཤིང་བཙུགས། །
རྡོ་རྗེ་འཆང་དང་དཔའ་བོ་ཌ་ཀཱི་ཡིས། །
ཐུགས་རྟེན་བཞེངས་བའི་ཤེས་བརྗོད་ཨེ་མ་ཧོ། །

ཆོས་རྗེ་ས་ཆོག་མཛད་པར་ཆས་པའི་དུས། །
སྐད་ཅིག་དུས་ཀྱི་འཁོར་ལོའི་སྐུར་བཞེངས་པ། །
ཀུན་གྱིས་ལེགས་མཐོང་འུར་གྱིས་མཇལ་ཁ་ཞུས། །
སློབ་ཚོགས་ཐུགས་ཡིད་ཚིམ་པའི་བྱིན་རླབས་གནང་། །

མཁའ་དབྱིངས་རྟ་མགྲིན་ཡང་གསང་བྱིན་རླབས་ཕབས། །
ས་ཡི་ལྷ་མོས་ས་གཞི་དངོས་ཕུལ་ཞིང་། །
ཀླུ་ཡི་རྒྱལ་པོས་ཅན་ལུང་གཏེར་ཆུ་ཕུལ། །
ཀྵེ་ཊ་པ་ལས་རྡོ་གཏེར་རང་བྱུང་གནང་། །

དེ་བཞིན་ཤིང་ལྷས་ཤིང་གཏེར་ནགས་རྒྱལ་མས། །
རིན་ཆེན་སྣ་ཚོགས་མཆོད་པའི་གཏེར་ཁ་སོགས། །
དེ་རྣམས་མཐུན་སྣང་དངོས་སུ་བྱུང་བའི་ཆོས། །
དུས་བཟང་སྐལ་བཟང་སྣང་བ་བསམ་ལས་འདས། །

དེ་ཡང་སེང་ཁྲིའི་ཕྱོགས་དང་གཉྫིའི་བར། །
མཉམ་སོར་ཁྲི་ནི་ཉིས་བརྒྱ་བཅོ་ལྔ་ཡོད། །
དེ་འདྲ་མི་ནུས་མང་པོས་བཤོལ་ནའང་། །
ཆོས་རྗེས་སྔོན་སྨོན་ལས་མཐུས་འགྲུབ་ངེས་གསུངས། །

རྒྱལ་བའི་ཐུགས་རྟེན་བཞེངས་པའི་ཕན་ཡོན་ཡང་། །
མདོ་རྒྱུད་རྣམས་ལས་བསྟན་ཚུལ་བཀའ་གནང་སྟེ། །
སྤྲུལ་པ་འབུམ་ཕྲག་བཀྱེས་ཏེ་རྡོ་ཤིང་ཆུ། །
ལས་ཀ་སྣ་ཚོགས་མཛད་པས་དབུགས་དབྱུང་ཐོབ། །

དེ་མཐུན་ཕྱོགས་ཀྱི་བཟོ་བོ་སྣ་ཚོགས་དང་། །
དངོས་རྫས་རྣམ་མང་ཕུལ་བའི་ཡོན་བདག་ཀྱང་། །
ལྷོ་སྤྲིན་ཕྱུག་མོ་བཞིན་དུ་རབ་འདུས་ཤིང་། །
ཉིན་མཚན་རིས་ཀྱིས་ལྷ་འདྲེ་མི་གསུམ་བཞེངས། །

ཆོས་རྗེས་ཆོས་འཆད་ཐུགས་དམ་ཞལ་བཀོད་སོགས། །
སྤྲུལ་བའི་བཀོད་པ་སྒྱུ་མའི་རོལ་རྩེད་ངོམས། །
ནག་ཕྱོགས་བར་ཆད་སེ་གོལ་ཙམ་གྱིས་བསྐྲད། །
ལས་མི་ཕལ་བར་སྒོམ་གྱི་རྟོགས་པ་འཁྲུངས། །

ཀླུ་རྒྱལ་ནོར་རྒྱས་གསེར་ཕྱེ་ཕུལ་བ་དང་། །
ཆང་རྫ་གང་གིས་རྟེན་མཆོག་གྲུབ་པའི་བར། །
ཀུན་ལ་སྐོམ་པའི་གདུང་བ་བསལ་བས་ན། །
རྫ་མ་དྲིན་མོ་ཆེ་ཞེས་མིང་དུ་གྲགས། །

བོ་དོང་ཐང་བོ་ཆེ་སོགས་འབུམ་ཕྲག་ཙམ། །
འདུས་པའི་གདུལ་བྱའི་ཚོགས་ལ་སེམས་འགྲེལ་སོགས། །
ཞལ་ཕྱེས་རང་སྟོང་གཞན་སྟོང་ཁྱད་པར་ཆོས། །
བདེན་གཉིས་གཤག་རལ་མཛད་པའི་སྒོ་འཕར་ཕྱེས། །

རང་ཅག་སྟོན་པ་ཤཱཀྱའི་རིང་བསྲེལ་གཙོའི། །
གཟུངས་སྔགས་ལ་སོགས་སྐུ་འབུམ་གཟུངས་འཇུག་དང་། །
ལྷ་ཁང་བརྒྱ་ཕྲག་ལྷ་གྲངས་བསམ་མི་ཁྱབ། །
ལོ་བཞིའི་ཁོངས་སུ་ཕྱི་ནང་ཁྱད་མཚར་གྲུབ། །

ཆོས་རྗེ་ཡབ་སྲས་སློབ་ཚོགས་རྒྱ་ཆེ་བས། །
ཆོ་ག་མང་པོའི་སྒོ་ནས་རབ་གནས་ཚེ། །
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཚོགས། །
རྒྱ་མཚོར་ཁ་བ་འབབ་བཞིན་གཟིགས་སྣང་བྱུང་། །

ལེགས་བྱས་བསོད་ནམས་སྟོང་གིས་རྟེན་མཆོག་བཞེངས། །
གཉུག་སེམས་ཞལ་མཐོང་གཤེགས་སྙིང་ལྟ་དགོངས་བརྙེས། །
ལྷུན་པོ་བཞེངས་བས་རྒྱ་མཚོ་རྡོལ་སྙམ་སྟེ། །
རྫོགས་ལྡན་སྙིང་པོའི་རྟོགས་པ་མཐའ་ནས་རྡོལ། །

ཆོས་རྗེ་ཉིད་ལ་དུས་ཀྱི་འཁོར་ལོའི་གཙོས། །
ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཞལ་གཟིགས་དང་། །
སངས་རྒྱས་བྱང་སེམས་ཞལ་མཇལ་ཆོས་གསུངས་ཤིང་། །
གུར་མགོན་རྣམ་སྲས་ལ་སོགས་བཀའ་བཞིན་སྒྲུབ། །

ལོ་ཙཱ་རྣམ་གཉིས་ཆོས་རྗེའི་དགོངས་པ་བཞིན། །
དུས་འཁོར་འགྲེལ་ཆེན་ཇོ་འགྱུར་ཟླ་བྲལ་དང་། །
ཆོས་རྗེ་བླ་མས་རྒྱུད་མཆན་ཁྱད་འཕགས་མཛད། །
དེ་དག་འཛམ་གླིང་སྤྱི་ཡི་ནོར་བུ་ཡིན། །

དེ་ནས་ཆོས་རྗེ་སྐུ་མཆེད་ལྕམ་སྲིང་བཅས། །
ཕ་ཡུལ་དུ་བྱོན་འགྲོ་དོན་ཉི་ལྟར་གསལ། །
ཆོས་རྒྱལ་སྲོང་བཙན་རྗེ་ཡི་ལུང་བསྟན་བཞིན། །
བཙུན་མོ་བློན་བཅས་སྤྲུལ་བའི་འཁོར་དུ་མངོན། །

ཐུགས་དམ་ངང་ནས་ཤམ་བྷ་ལ་རུ་བྱོན། །
མ་ལ་ཡ་ཡི་ལོ་མ་རློན་པ་འོང་། །
ཕོ་བྲང་སྣོད་བཅུག་རི་མོ་གསལ་བོ་བྲིས། །
ཞིང་དེའི་བསྟོད་པ་ཡི་གེའི་ལམ་དུ་བཀོད། །

ཤེར་ཕྱིན་མདོ་དང་ཕལ་བོ་ཆེ་ཡི་མདོ། །
རྣམ་པར་བཤད་པའི་བར་ཐའི་དགོངས་པ་ཉིད། །
གཅིག་ཏུ་ངེས་ཤིང་ཤེར་ཕྱིན་སངས་རྒྱས་ཀྱི། །
དོན་དམ་ཆོས་སྐུ་ཡེ་ཤེས་ཆེན་པོར་གསུངས། །

ས་ཟླའི་ཉ་ཡི་སྔ་དྲོའི་ཆ་ལ་ཡང་། །
རྒྱལ་བ་འོད་མི་འགྱུར་བའི་སྣོད་བཅུད་ཞིང་། །
སངས་རྒྱས་རང་སྣང་འཕྲུལ་བའི་ཡ་མཚན་ཆ། །
ལེགས་མཐོང་བདེ་ལྡན་ཞིང་ལ་བསྟོད་སྨོན་མཛད། །

ཇོ་ནང་དཔལ་གྱི་སྐྱིད་ཕུག་སྐུ་འཚམས་བཞུགས། །
དུས་འཁོར་དབང་ཆོག་ཡེ་ཤེས་རྒྱ་མཚོ་དང་། །
དབང་གི་ལེགས་བཤད་དབང་མདོར་ས་བཅད་སྡོམ། །
རྡོ་རྗེ་ཕྲེང་བའི་དབང་ཆོག་ལ་སོགས་མཛད། །

གཟིམས་ཁང་བདེ་ཅན་ཐུགས་དམ་འོད་གསལ་དང་། །
རྒྱལ་སྲས་ཆོས་འཕགས་རྟག་ངུ་མཐུ་ཆེན་སྟོབས། །
ཚེ་དཔག་མེད་མགོན་ཞལ་མཇལ་དབུགས་དབྱུང་བསྩལ། །
མྱུར་མཛད་མགོན་པོས་བསྟན་བསྲུང་ཁས་བླངས་མཛད། །

བློ་སྦྱོང་རྒྱལ་སྲས་ལམ་གྱི་ཉམས་ལེན་དང་། །
བཟོད་པའི་ཆོས་འཁོར་བསྐོར་བའི་དུས་ཞིག་ལ། །
དམག་མང་ལྷག་པས་སྐུ་ལ་མདའ་མཚོན་གྱིས། །
ཅི་ཙམ་བསྡེག་ཀྱང་གནོད་མེད་བཤགས་སྡོམ་ཕུལ། །

རྟ་མགྲིན་ཞལ་གཟིགས་རྟ་སྐད་དབུས་གཙང་གྲགས། །
ས་སྐྱའི་བླ་ཆེན་ཀརྨ་རང་བྱུང་སོགས། །
ཧོར་དང་རྒྱལ་ཁབ་མང་པོས་བླ་མར་བཀུར། །
ཆོས་བརྒྱད་སྤངས་ཕྱིར་ཕལ་ཆེར་སྐུ་མ་ཐེག །

ས་སྐྱའི་གདན་སར་མཁས་པ་གནས་དྲུག་པ། །
འཇམ་སྟོན་འཇམ་སྒེག་ལ་སོགས་བརྒྱ་སྟོང་ལ། །
ཡུམ་གསུམ་ཐ་མའི་མདོ་སྡེ་དཔང་བཞག་སྟེ། །
རྣམ་ཤེས་ཡེ་ཤེས་དབྱེ་བའི་གཤག་རལ་མཛད། །

དེ་ལྟའི་ཆོས་སྐད་གངས་ལྗོངས་ཁྱབ་བརྡལ་ཏེ། །
ཕྱོགས་རྒྱལ་འབྲི་གུང་ལ་སོགས་རྩོད་བློའི་ཕེབས། །
ཉི་མའི་དྲུང་དུ་སྲིན་བུ་མེ་ཁྱེར་དང་། །
རྒྱ་མཚོར་ཁ་བ་ཇི་བཞིན་དབང་དུ་བསྡུས། །

ཉ་དབོན་ས་བཟང་པཎ་ཆེན་ལ་སོགས་པའི། །
དབུས་གཙང་ཁམས་ཀྱི་སྐྱེས་ཆེན་ཡོད་དོ་ཅོག །
སྦྲང་རྩིའི་རྒྱལ་མཚན་ར་ཡིག་གཉིས་པ་བཞིན། །
ཐམས་ཅད་མ་བོས་འཁོར་དུ་ལྷག་གེར་འཚོགས། །

ཆོས་གྲགས་དཔལ་སོགས་ཕྱོགས་བཞིའི་མཁས་མང་གིས། །
བརྒྱ་འབུལ་མཛད་ཅིང་ཐུགས་ཀྱི་དགོངས་མཚོ་ལས། །
མདོ་སྔགས་མཐར་ཐུག་བཀྲལ་བའི་གངས་ཅན་ནོར། །
ངེས་དོན་རྒྱ་མཚོའི་ཡིད་བཞིན་དབང་རྒྱལ་བསྐྲུན། །

སྣར་ཐང་ལྷ་རྩེ་རྣམས་སུ་ཀུན་རྫོབ་ཀྱི། །
ཆོས་རྣམས་མ་གྲུབ་དོན་དམ་བདེན་ཞེས་དང་། །
ཡུམ་གསུམ་མཆན་འགྲེལ་རྫོགས་ལྡན་ལུགས་སུ་བཀོད། །
སྤྲིན་ནག་ཐོག་སེར་ཡང་གསང་ཁྲོས་པའི་བསྐྲད། །

བདེ་གཤེགས་བརྒྱད་ཀྱི་ཞལ་མཐོང་བསྟོད་སྨོན་དང་། །
ཞིང་ལ་འབུ་སྲིན་རྒྱལ་འགོང་གནོད་པ་ལ། །
ཆོས་རྗེའི་བཀའ་ཤོག་བཀླག་པས་རབ་ཞི་སྟེ། །
མཚན་སྙན་དབྱར་གྱི་ལྔ་གསང་དགོད་པ་བཞིན། །

སྐབས་དེའི་བོད་ཀྱི་མཁས་གྲུབ་མ་ལུས་པས། །
དེས་ཆོས་རྫོགས་ལྡན་ཆོས་ཀྱི་བདུད་རྩི་ནོད། །
བུ་ཆེན་བཞི་དང་ཐུགས་སྲས་བཅུ་བཞིས་མཚོན། །
ཚུལ་ཁྲིམས་ཕར་ཕྱིན་རྫོགས་པས་ཡིན་ནོ་གླེང་། །

མཆིམས་ཀྱི་བློ་བཟང་གྲགས་པ་ལ་སོགས་པས། །
སྤྱན་རས་གཟིགས་དང་པདྨ་དཀར་པོ་སོགས། །
ཆོས་རྗེ་བླ་མ་མཐོང་སྣང་མང་དག་གིས། །
མི་ཕྱེད་དད་པའི་ཐལ་མོ་སྤྱི་བོར་བཀོད། །

གངས་རིའི་ཁྲོད་འདིར་གནམ་ལ་ཉི་ཟླ་ཟུང་། །
ས་ལ་བུ་དོལ་རྣམ་གཉིས་གྲགས་པ་འབར། །
བསྟན་པའི་དག་ཐེར་མཛད་ཅེས་ཞལ་མ་མཇལ། །
ཆོས་རྗེས་ཐལ་སྐད་ཅིག་གི་གཟིམ་ཁང་ཕྱེས། །

ཟླ་གསུམ་ཆར་མ་བྱུང་བས་ཆོས་རྗེ་ལ། །
ཆར་སློང་ཞུས་པས་ཏིང་འཛིན་ཟབ་མོ་ཡིས། །
ཀླུ་རྣམས་བསྐུལ་མཛད་ཆོ་འཕྲུལ་སྣ་ཚོགས་དང་། །
ཞག་གསུམ་ཆར་བྱུང་ལོ་ཏོག་རྩི་ཤིང་འཕེལ། །

དབུས་གཙང་ཡུལ་དུ་ནད་རིགས་མང་མཆེད་པས། །
ཆོས་སྐྱོང་གུར་མགོན་སོགས་བསྐུལ་མཐའ་རུ་བསྐྲད། །
འཛུམ་གྱི་ཆོས་ལུང་རྣམ་རྒྱལ་མཆོད་རྟེན་བཞེངས། །
གྲུབ་ཆེན་ཞལ་མཐོང་ངེས་གསང་དགོངས་པ་བརྙེས། །

མདོ་ཁམས་བྱམས་གསར་རྨ་སེ་སྟོན་པ་སོགས། །
ཐུགས་སློབ་རིམ་པར་ལུང་བསྟན་ཡུལ་དུ་བརྫངས། །
མི་ཉག་ལྷ་སྒང་ཕྱོགས་སུ་རྫོགས་ལྡན་ཆོས། །
དུས་ཀྱི་འཁོར་ལོའི་གྲུབ་དབང་ཁྱུ་ཚོགས་རྡོལ། །

ཆོས་རྗེ་ཚེ་རབས་ཕྲེང་བ་ཚུལ་ཁྲིམས་ཀྱི། །
འདུལ་ཁྲིམས་གཙང་བས་ལྐོག་ནས་ཚུལ་འཆལ་ཡང་། །
རྫུ་འཕྲུལ་ཐབས་ཀྱི་བཟློག་པ་དེ་མཐུ་ཡིས། །
སློབ་མ་སློབ་བརྒྱུད་པདྨའི་སྦུབས་ལྟར་གཙང་། །

ཇོ་ནང་རི་ཁྲོད་གླིང་བཞིར་ཕྱེ་བ་ལ། །
བསམ་གཏན་གླིང་དང་འོད་གསལ་གླིང་ཞེས་སྟེ། །
སྒྲུབ་པ་ཟབ་མོར་གཞོལ་ལ་སྟོང་ཙམ་དང་། །
ཆོས་འཆད་དུས་ན་འབུམ་ཕྲག་འདུས་པར་གསལ། །

ངེས་དོན་གཞུང་མང་འཆད་རྩོད་རྩོམ་གསུམ་དང་། །
དགོན་སྡེ་མང་བཞེངས་ངམ་རིང་ཆོས་སྡེ་རུ། །
བཀའ་པོད་ལྔ་ཡི་འཆད་ཉན་ཡུན་རིང་དང་། །
དུས་འཁོར་གྲུབ་མཐའི་བསྟན་འཆོས་སོ་བཞི་མཛད། །

དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་སྐོར། །
ལེགས་པར་ཞུས་པ་ཁྲི་ཕྲག་ལས་བརྒལ་ཞིང་། །
རྡོ་རྗེའི་རྣལ་འབྱོར་ཞུས་པ་མཐའ་མེད་པས། །
བོད་ཀྱི་རི་སུལ་རྣལ་འབྱོར་ཕོ་མོས་ཁྱབ། །

རྟོན་པ་བཞི་ལྡན་སྙན་པའི་གྲགས་པ་དེས། །
རྒྱ་ནག་རྒྱལ་པོས་བང་ཆེན་མང་པོ་ཡིས། །
ནན་ཏུ་གདན་འདྲེན་ཞུས་ཀྱང་སྤྲུལ་པ་ཡིས། །
སྟོང་ཁུན་རྒྱལ་ཁབ་ངེས་དོན་ཆོས་ལ་བཙུད། །

དེ་ཡང་ཆོ་རྗེ་བླ་མ་ཇོ་ནང་པ། །
བོད་ཁམས་སྤྱི་ཡི་བསྟན་འགྲོའི་མགོན་གཅིག་སྟབས། །
རྒྱལ་འབངས་ཡོངས་ཀྱིས་ནན་དུ་བཟློག་པ་དང་། །
འདི་སྣང་སྲིན་མོའི་གར་ལ་སྐྱོ་བས་སྟེ། །

ཇོ་ཁང་སྐུ་འདྲ་རབ་གནས་རྟེན་འབྲེལ་བརྟགས། །
རྒྱུད་བླའི་འགྲེལ་ཆེན་ཉི་མའི་འོད་ཟེར་མཛད། །
སྐུ་ཚབ་ཐུགས་སྲས་ཆོས་གྲགས་དཔལ་བཟང་གང་། །
རྒྱ་ནག་ལ་བྱོན་འགྲོ་དོན་བསམ་མི་ཁྱབ། །

དབང་ལུང་ཆོས་ཀྱིས་འགྲོ་བ་ཚིམ་བྱས་ཤིང་། །
དབང་ལྷ་འབེབས་པ་ལམ་ཁའི་ཁྱི་ལ་ཡང་། །
བྱུང་ཞིང་དབེན་གསུམ་སྒོམ་པས་ལམ་སྲང་ཁྱབ། །
བོད་ཁམས་ཡོངས་རྫོགས་རིག་འཛིན་ཞིང་དུ་བསྒྱུར། །

ཡར་འབྲོག་གནས་སོགས་ཆོས་ཞུས་ས་སྟེང་གང་། །
ཤམ་པོ་རྩེ་ལ་ཤམྦྷ་ལ་ཡང་གཟིགས། །
གཏུམ་མོ་དབང་ཐོབ་བཤང་གཅིའི་རྒྱུ་བ་ཆད། །
མ་ཟོས་བཀྲེས་མེད་ཟོས་ཀྱང་ཅི་ཡང་འཇུ། །

འཛིན་མའི་ཁྱོན་ལ་ཧི་མ་ལ་ཡ་དང་། །
གངས་དཀར་ཏི་སེ་ཇོ་མོ་གླིང་མ་སྟེ། །
མཐོ་བརྗིད་གྲགས་པའི་ལྷུན་པོ་མང་ན་ཡང་། །
རྒྱལ་བའི་ངེས་གསང་རྙེད་པ་ཁྱེད་མིན་སུ། །

ཟས་སུ་ཙམ་པོ་དཀར་པོ་ཟ་བ་དང་། །
གོས་སུ་བལ་ཕྱིང་དཀར་པོ་གསོལ་ནའང་། །
རང་སེམས་གཉུག་མའི་གཤིས་ལུགས་མ་རྟོགས་པས། །
གངས་ཅན་བོད་པའི་སྐུ་དྲིན་བརྗེད་མི་རུང་། །

དགུང་ལོ་བདུན་ཅུ་ལྕགས་གླང་ཡར་ཚེ་ལ། །
བུ་ཆེན་རྣམས་ལ་ཆོས་སྐལ་སོ་སོར་གནང་། །
ཁྱད་པར་སློབ་མ་ཡང་སློབ་བརྒྱུད་པ་ལ། །
ངེས་དོན་རྒྱ་མཚོ་ཆོས་སྐལ་ཡིན་ནོ་གསུངས། །

ཚེས་དྲུག་ཉིན་ལ་སྐུ་མདངས་གཟི་བརྗིད་རྒྱས། །
འཇའ་འོད་མེ་ཏོག་མཆོད་རྫས་སྒྲ་དབྱངས་ལྡིར། །
རྒྱལ་བ་སྲས་བཅས་མ་ཚོགས་ཌ་ཀིའི་དཔུང་། །
མཁའ་ལ་བྱོན་ཏེ་སྤྱན་འདྲེན་སྟངས་ཀ་མཛད། །

ཆོས་རྗེའི་ཞལ་ལས་འོད་ཟེར་ཕྱོགས་འཚམས་སྤྲོས། །
སླར་བསྡུས་ཚངས་དབྱངས་སྙན་པའི་འདི་སྐད་དུ། །
འདོད་པའི་དབང་སོང་ཉེས་པ་ཕུག་ནས་རྡོལ། །
གཟུང་འཛིན་དབང་གིས་ཁམས་གསུམ་འཁོར་བར་འཕྱན། །

དཀོར་དང་གཉེན་ལ་འཁྲེན་པས་ཐར་བ་མེད། །
ཉམས་ལེན་མ་བྱས་ཁ་བཤད་ཕན་པ་དཀའ། །
ཆོས་ཉིད་ཟབ་མོ་བསྐུར་འདེབས་ཉེས་པ་ལྕི། །
ལྟ་སྤྱོད་སྒོམ་པ་ཡང་དག་ཤིན་ཏུ་གལ། །

སྤྲང་བན་ཁོ་བོ་བདེ་ཆེན་ཞིང་དུ་འགྲོ། །
ཁྱེད་རྣམས་ཆོས་མཐུན་རང་གཞན་དོན་གཉིས་སྒྲུབས། །
ཐུགས་སློབ་རེ་རེ་ཞུ་བ་ཞུ་ལན་གྱི། །
མ་འོངས་ལུང་བསྟན་སངས་རྒྱས་ཞིང་བཅས་གསུངས། །

ཆོས་རྗེ་ཕྱོགས་རྒྱལ་དབུ་ལ་དབུ་ཞྭ་བསྒྲོན། །
རྒྱལ་ཚབ་གཏད་ཅིང་བསྟན་པ་འཛིན་སྐྱོང་གི །
སྐྱེས་ཆེན་གང་བྱུང་གེགས་སེལ་འཕྲིན་ལས་སོགས། །
གསལ་རྒྱས་བསྟན་པ་ཇི་བཞིན་ཐོག་ཏུ་ཁེལ། །

རིགས་ལྡན་རྣམ་སྤྲུལ་རཏྣའི་མཚན་འཆང་བས། །
མ་ཀི་འཛི་ཀར་གུ་བུའི་བསྟན་པ་སྤེལ། །
དུས་ཀྱི་འཁོར་ལོའི་བཤད་སྒྲུབ་དགེ་འདུན་རྒྱས། །
ཡུན་རིང་ཀུན་གྱིས་མཆོད་བཀུར་བྱའོ་གསུངས། །

ང་ཉིད་བསོད་ནམས་བརྒྱ་ཡི་མཚན་ཅན་འོང་། །
ལུང་བསྟན་ཏཱ་ར་ནཱ་ཐའི་འཕྲིན་ལས་འདི། །
འཛམ་ཐང་ལ་སོགས་མདོ་དབུས་ཁམས་གསུམ་དང་། །
ཕྱི་གླིང་གོ་ལའི་ཁྱོན་ལ་གཟི་བརྗིད་ལྷག །

གང་སྐུ་སྟོང་གཟུགས་སྒྱུ་མའི་དཀྱིལ་འཁོར་ཉིད། །
འཕོ་བྲལ་འཇའ་ལུས་སྐུ་རུ་དྭངས་པ་ན། །
འགྲོ་བའི་བསོད་ནམས་ཞིང་དུ་སྐུ་ལུས་དེ། །
བཞུགས་པར་གསོལ་བས་སྔར་བཞིན་མངོན་པར་གྱུར། །

འོད་གསལ་ཐུགས་ཀྱི་རྡོ་རྗེ་ཀུན་ཁྱབ་ངང་། །
མངོན་པར་བཞུགས་ལ་ཞི་བར་གཟིམ་པའི་མོད། །
བྱང་སེམས་ཤངས་རྩེར་གཙང་པོ་འགྲོ་འོང་དབེན། །
དམར་ཆ་ནོར་རྩེ་ཉི་མ་ཤར་དུ་བཟློག །

གདུང་མེ་རང་འབར་ཡེ་ཤེས་འོད་ལྔ་འཕྲོས། །
ཆོས་སྐུ་སྐྱེ་མེད་མི་རྟག་ཟློས་གར་མཚོན། །
རང་བཞིན་དམ་པའི་ཆོས་སྐུ་མངོན་ཚུལ་སོགས། །
གཞོམ་མེད་ནཱ་དའི་རང་སྒྲ་ཀུན་གྱིས་ཐོས། །

མཐུན་སྣང་འཇའ་འོད་སྒྲ་དབྱངས་སྣ་ཚོགས་དང་། །
མེ་ཏོག་ཆར་སོགས་ཡ་མཚན་བརྗོད་ལས་འདས། །
བླ་མ་ཡི་དམ་བྱང་སེམས་མཁའ་འགྲོའི་ཚོགས། །
ངོ་མཚར་མཐོང་སྣང་དེ་ཡང་དཔག་ཏུ་མེད། །

གདུང་རུས་ངོས་ལ་དུས་འཁོར་ཡོངས་རྫོགས་དང་། །
སྐུ་རྟེན་ཡི་དམ་ལྷ་ཚོགས་མང་པོ་བྱོན། །
གསུང་རྟེན་ཧ་ཀྵ་དབྱངས་གསལ་ཐུགས་རྟེན་ཚོགས། །
ངོ་མཚར་རང་བྱུང་ད་ལྟ་དབང་པོའི་ཡུལ། །

དུས་གསུམ་རྒྱལ་བའི་ལུང་བསྟན་ཆོས་ཀྱི་རྗེ། །
ཐུབ་བསྟན་སྙིང་པོ་གསལ་བའི་ཉིན་མོའི་མགོན། །
མི་རྟག་ཆུ་ལྷའི་ཕངས་བར་མནལ་བ་འདིས། །
བདག་སོགས་སྐལ་ངན་མུན་པར་ལུས་པས་སྐྱོ། །

འོན་ཀྱང་གང་གསུང་མན་ངག་བརྒྱུད་པའི་ཆོས། །
མཚན་ལྡན་བླ་མ་གསེར་རིའི་ཕྲེང་བ་ཡིས། །
མ་གོད་མ་སྣད་ཕ་ཕོག་བུ་ལ་གནང་། །
ཚུལ་འདི་བསམ་ན་དགའ་བ་བརྒྱ་ཕྲག་འཕེལ། །

སྟོབས་དང་མངའ་ཐང་ཤུགས་ལ་མ་བརྟེན་པར། །
དུས་ཀྱི་འཁོར་ལོའི་གྲུབ་དབང་ཚང་རྡོལ་བ། །
གང་གི་བསྟན་རྒྱུན་གང་གཱའི་ཆུས་ལས་རིང་། །
ཞེས་པའི་བོད་རྗེ་སྲོང་བཙན་བཀའ་ལུང་མཚར། །

འཕགས་པ་སྤྲིན་ཆེན་མདོ་ལས་བསྟན་པ་ཡང་། །
ཆོས་རྗེ་བླ་མ་མ་འོངས་འཚང་རྒྱའི་ཚུལ། །
ཡེ་ཤེས་འབྱུང་གནས་ཞེས་པའི་སངས་རྒྱས་འབྱུང་། །
སྐུ་ཚེ་མཛད་པ་གདུལ་བྱ་བསམ་མི་ཁྱབ། །

དེ་ལྟར་བསྐལ་བ་གྲངས་མེད་དཔག་མེད་ནས། །
ཡེ་བཞུགས་གདོད་མའི་སངས་རྒྱས་མངོན་ནའང་། །
གདུལ་བྱ་གཞན་སྣང་ཚུལ་ལ་སྤྲུལ་པའི་སྐུ། །
ས་ཆེན་རྡུལ་ལ་ཅོ་འདྲི་ཚད་བཟུང་བྲལ། །

ཚུལ་ཁྲིམས་རྣམ་དག་བདུད་རྩིའི་བུམ་བཟང་འདྲ། །
ལྟ་བ་རྣམ་དག་ཤེལ་གྱི་ལྷུན་པོ་མཚུངས། །
སྒོམ་པ་རྣམ་དག་ཐབས་ཤེས་ཉི་ཟླ་གསལ། །
འཇིག་རྟེན་འདི་ན་ངེས་དོན་བསྟན་པའི་མགོན། །

ཕ་ཅིག་ཆོས་རྗེ་བླ་མ་ཇོ་ནང་པ། །
རྟོན་པ་བཞི་ལྡན་ཐུགས་རྗེའི་འོད་སྣང་གིས། །
བདག་སོགས་སྙིགས་མའི་འགྲོ་བ་མ་བཏང་བར། །
གསུང་གསང་དཔལ་ལ་རོལ་བས་གློ་བ་དགའ། །

དེ་ཡང་རྫོགས་ལྡན་ཆོས་ལ་ངེས་རྙེད་ཅིང་། །
མི་རྟོགས་ཡེ་ཤེས་སྣང་བ་རབ་རྒྱས་ཏེ། །
མཁའ་མཉམ་འགྲོ་ལ་ཕན་བདེ་སྤེལ་བ་དང་། །
སྙིང་པོའི་ཟབ་ཆོས་ས་སྟེང་རྒྱས་གྱུར་ཅིག །

འཛམ་གླིང་བདེ་ཞིང་ཆར་ཆུ་དུས་སུ་འབེབ། །
ལོ་ཕྱུག་ལེགས་ཤིང་ཆོག་ཤེས་བྱམས་སེམས་ལྡན། །
ལུས་སེམས་ཆོས་དང་མཐུན་པར་ལེགས་གནས་ཏེ། །
མི་འགྱང་གཤེགས་སྙིང་རང་ཞལ་མྱུར་མངོན་ཤོག །


ཞེས་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རྣམ་ཐར་གཟི་ཡི་དོ་ཤལ་ཞེས་པ་འདི་ནི། ཆོས་རྗེ་བླ་མ་གངས་ལྗོངས་སུ་ངེས་དོན་སྙིང་པོའི་ཆོས་བརྒྱུད་སྤེལ་བར་སྐུ་བལྟམས་ཏེ་ལོ་འཁོར་(༧༣༡)འདས་པའི་དུས་ཆེན་ཇོ་ནང་དྲུག་མཆོད་ཀྱི་ལེགས་སྐྱེས་སུ། རྒྱལ་བ་གཉིས་པ་གང་ལ་ཡིད་ཆེས་ཀྱི་འདུན་པ་འཕེལ་ཕྱིར་ཏུ། གང་གིས་ལུང་བསྟན་པའི་གནས་མཆོག་ཤར་འཛམ་ཐང་གི་ཆོས་གྲྭའི་རིགས་སྨྲའི་གྲལ་མཐའ་བ་ངག་དབང་མ་རིག་མུན་སེལ་གྱིས་ཕུལ་བས། རྒྱལ་བསྟན་འགྲོ་ཀུན་གྱི་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག་གུ །

ཇོ་ནང་མཐོང་གྲོལ་ཆེན་མོ།

ནང་དོན་ཡོངས་ཁུངས། ཏཱ་ར་ནཱ་ཐའི་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།