ཀུན་སྤངས་ཆོས་གྲགས་དཔལ།

ཀུན་སྤངས་ཆོས་གྲགས་དཔལ།


འཇམ་དཔལ་རྣམ་རྒྱལ་གྱིས།

བླ་མ་དམ་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་རྣམ་ཐར་ལ་རིགས་ལྡན་རྒྱལ་བ་ཇོ་བཟང་བས་མཛད་པའི་ཡབ་སྲས་བཅོ་ལྔའི་རྣམ་ཐར་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ་ཞེས་བྱ་བ་རུ་ཅུང་རྒྱས་ཙམ་དང་། གཞན་པའི་ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་དུས་འཁོར་ཆོས་འབྱུང་དང་། ལ་སྟོད་གཡས་རུ་བྱང་པའི་གདུང་རབས་ཁག་ཏུ་ཉུང་ངུ་རེ་ཡོང་གིན་ཡོད་ལ། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་ལས་ཀྱང་ཟུར་ཙམ་རེ་མཐོང་ཐུབ། འདིར་དེ་དག་ལས་ཁོང་གི་མི་རྒྱུད་ངོ་སྤྲོད་དང་། འཁྲུངས་འདས་ཀྱི་ལོ་ཚིགས། མཐར་ཇི་ལྟར་འདས་པའི་ཚུལ་རྣམས་ཕྱོགས་བསྡུས་སུ་བཀོད་པ་ལ།

ཁོང་གི་མི་བརྒྱུད།

དང་པོ་ཁོང་གང་དུ་འཁྲུངས་བའི་གདུང་བརྒྱུད་ནི། རིགས་ལྡན་རྒྱལ་བ་ཇོ་བཟང་བས་མཛད་པའི་ཡབ་སྲས་བཅོ་ལྔའི་རྣམ་ཐར་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ་ཞེས་བྱ་བ་རུ། འཁྲུངས་ཡུལ་ནི་ར་ལུང་དུ། ཡབ་བལ་པོ་རཏྣ་མཱ་ཏི་ཞེས་བྱ་བ། གཙང་ཉང་སྟོད་དུ་ལྷ་བཟོར་བོས་ནས། སྲས་མོ་ཡེ་ཤེས་སྒྲོན་ཞེས་བྱ་བ་དང་བསྡེབས་པ་ལ། ནོར་ཕྱུགས་ཡང་ཀྱང་བུ་མེད་པས། ལོགས་སུ་བག་མ་ལེན་ཆས་བྱེད་པའི་ཚེ། ཡེ་ཤེས་སྒྲོན་སྡུག་བསྔལ་མི་བཟད་པས་གཟིར་བས། རྒྱ་གར་གྱི་པཎྜི་ཏ་ཞི་བ་བཟང་བོས་མཁྱེན་ནས། དེ་ལ་ཐུགས་བརྩེ་བར་དགོངས་པའི་ཕྱིར་ཞི་བར་གཤེགས་ནས། ར་ལུང་དུ་དེའི་ལྷུམས་སུ་ཞུགས་ནས། ཆུ་མོ་ལུག་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་སྐུ་བལྟམས་སོ། །ཞེས་བལ་པོ་རཏྣ་མཱ་ཏི་ཞེས་བྱ་བའི་ལྷ་བཟོ་ཞིག་གི་སྲས་ཡིན་པར་གསུངས། གང་ལྟར་ཁོང་གཙང་ལ་སྟོད་བྱང་པའི་དཔོན་བརྒྱུད་དུ་འཁྲུངས་པ་ཡིན་ལ། དེ་ཡང་སྔོན་རྒྱའི་རྒྱལ་པོའི་ལག་ནས་སྟོབས་ཀྱིས་རྒྱལ་ས་བཟུང་སྟེ། རྒྱལ་ཁམས་ཆེན་པོ་ལ་མངའ་མཛད་པ་མི་ཉག་སེའུ་རྒྱལ་པོ་ཞེས་བྱ་བ་བྱུང་། དེ་ནས་རྒྱལ་རབས་དྲུག་པ་རྒྱལ་རྒོད་དང་། མཁས་གྲུབ་ཆེན་པོ་རྡོ་རྗེ་གདན་གྱི་མཁན་པོ་ཙཱ་མི་ལོ་ཆེན་སངས་རྒྱས་གྲགས་སོགས། ཆེ་བཙུན་རིམ་པར་བྱོན་པའི་བརྒྱུད་པ་རིགས་ཆེ་ཞིང་མཐོ་བ་དག་རིམ་གྱིས་གཙང་ལ་སྟོད་དུ་ཡོང་སྟེ་ད་ལྟའི་ངམ་རིང་གད་ཁ་གྲོང་རྡལ་ར་ལུང་གྲོང་ཚོའི་ར་ས་རྒད་པོ་ལུང་ཞེས་བྱ་བར་ཡུལ་བཟུང་ནས་གཞིས་ཆགས་པ་ནས་ལ་སྟོད་བྱང་དུ་མི་ཉག་རྒྱལ་རྒྱུད་ཀྱི་གདུང་ཐོག་མ་བྱུང་བ་དང་། གདུང་རྒྱུད་དེ་རྣམས་རེ་ཞིག་ནས་ར་ས་རྒད་པོ་ལུང་ནས་ད་ལྟའི་ངམ་རིང་རྫོང་གད་ཁ་གྲོང་རྡལ་ར་ལུང་གྲོང་ཚོའི་སྟག་སྡེ་སེང་གེ་ལུང་ཞེས་བྱ་བར་སྤོས་ནས་གཞིས་ཆགས་ཏེ་མི་བརྒྱུད་རིམ་པར་མཆེད་པ་ཡིན་པར་བཤད། མི་ཉག་གི་རྒྱལ་རྒྱུད་ལ་སྟོད་གཙང་དུ་བྱོན་པའི་ཁྲོད་ནས། ད་ལྟ་ཡིག་ཆ་ཁག་ནས་མཚན་མཐོང་བའི་དཔོན་པོ་ཐོག་མ་དེ། ལྷ་བཙན་ལེགས་པ་ཞེས་པ་དེ་ཡིན་ཞིང་། དེ་ལ་བུ་དགུ་བྱུང་བའི་གཙོ་བོ་དེ་མི་ཉག་སེང་གེ་དར། དེའི་སྲས་ཀུན་དགའ་གྲགས། དེའི་སྲས་ཡོན་ཆེན་རྡོ་རྗེ་དཔལ། ཡོན་ཆེན་རྡོ་རྗེ་དཔལ་གྱིས་ས་སྐྱ་གོང་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་བཏུགས། དེ་དག་ནི་དཔལ་ལྡན་གཡས་རུ་བྱང་པའི་གདུང་རབས་དང་། ཆོས་སྡེའི་མཁན་རབས་ཀྱི་སྡོམ་ཞེས་བྱ་བ་རུ། (རྫོང་པ་དཔལ་ལྡན་ཆོས་སྐྱོང་གི་སློབ་བརྒྱུད་ཅིག་གིས་མཛད་སྙམ་ཟེར་བ་ཙམ་ལས་མཛད་བྱང་མ་རྙེད་པའི་དཔེ་རྙིང་ཞིག) མི་ཉག་ཆེན་པོ་ལྷ་བཙན་ལེགས་པ་ལ། །སྲས་མཆོག་ཞུ་སྤྱང་སྤུན་དགུ་ཞེས་བྱ་བྱུང་། །དགུ་ཡི་ཐུ་བོ་མི་ཉག་སེང་གེ་དར། །དེ་སྲས་ཀུན་དགའ་གྲགས་ཏེ་དེ་སྲས་ལ། །ཡོན་བདག་ཆེན་པོ་རྡོ་རྗེ་དཔལ་ཞེས་བྱ། །རྗེ་བཙུན་ཆེན་པོའི་ཞབས་ལ་སྤྱི་བོས་གཏུགས། །དེ་སྲས་དཀོན་མཆོག་གྲགས་ལ་སྲས་གསུམ་སྟེ། །དཔལ་འབུམ་སངས་རྒྱས་སྐྱབས་དང་དཔལ་མགོན་གྲགས། །འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏའི། །ཞབས་ལ་གཏུགས་ཏེ་སྦྱིན་པའི་བདག་པོ་མཛད། །གཅེན་གྱི་སྲས་དྲུག་གྲགས་དཔལ་སྲི་ནོན་དཔལ། །དགེ་དཔལ་རྒྱལ་མཚན་དཔལ་དང་ཀུན་རྒྱལ་དང་། །དཔོན་ཆེན་ཡོན་བཙུན་ཆེན་པོ་གྲགས་པ་དར། །འདིས་ནི་སི་ཏུའི་ལས་ཁ་དངུལ་དམ་དང་། །བྱང་གི་ཁྲི་སྐོར་ཐུས་སྐོར་འཛིན་པ་དང་། །དབུས་གཙང་འབྱར་གོ་རྩ་བའི་དཔོན་ཆེན་དང་། །ངམ་རིང་ཆོས་སྡེ་ཆེན་པོ་འདེབས་པ་མཛད། །ཡོན་སྲི་སྲས་ལ་ཁྲི་དཔོན་དཔལ་ལྡན་མགོན། །དེ་སྲས་དཔལ་ཤེ་ལ་སོགས་མི་བརྒྱུད་འཕེལ། །ཀུན་རྒྱལ་སྲས་ལ་ཡོན་བདག་རྒྱལ་མཚན་དང་། །གུ་ཤྲཱི་ནམ་རྒྱལ་ཀུན་སྤངས་ཆོས་གྲགས་དཔལ། །གཅུང་གིས་གུའི་གུང་ལས་ཁ་ཐོབ་གྱུར་ཅིང་། །བཟང་ལྡན་ཆོས་སྡེའི་བཤད་གྲྭ་ཆེན་པོ་བཙུགས། །ཞེས་མི་བརྒྱུད་རིམ་པར་བྱུང་བ་ལས། གོང་གི་ཡོན་ཆེན་རྡོ་རྗེ་དཔལ་གྱི་སྲས་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏའི་ཞབས་ལ་གཏུགས་ཏེ་སྦྱིན་པའི་བདག་པོར་གྱུར་བའི་ཡོན་ཆེན་དཀོན་མཆོག་གྲགས་དང་། དེའི་སྲས་དཔལ་འབུམ་དང་། སངས་རྒྱས་སྐྱབས་དང་། དཔལ་མགོན་གྲགས་གསུམ་གྱི་ཆེ་བ་ཡོན་ཆེན་དཔལ་འབུམ་བྱང་ཕྱོགས་སྐྱ་བོ་ཁ་གདངས་ཀྱི་མཚོ་སྟོད་ར་ས་རྒད་པོ་ལུང་དུ་བྱོན་ནས་ཡུལ་བཟུང་བར་སྲས་དྲུག་བྱུང་བ་ནི། ཡོན་ཆེན་གྲགས་དཔལ། སྲི་ནོན་དཔལ། དགེ་བ་དཔལ། རྒྱལ་མཚན་དཔལ། དཔོན་ཀུན་དགའ་རྒྱལ་མཚན། དཔོན་ཆེན་ཡོན་བཙུན་ཆེན་པོ་གྲགས་པ་དར་རྣམས་སོ། །ཡོན་བཙུན་ཆེན་པོའི་གཅེན་དཔོན་ཀུན་དགའ་རྒྱལ་མཚན་གྱིས་བཙུན་མོ་སྔ་ཕྱིར་བསུས་པ་དག་ལ་སྲས་ཡོན་བདག་རྒྱལ་མཚན་དང་། གུ་ཤྲཱི་ནམ་མཁའ་རྒྱལ་མཚན། བདག་ཆེན་བཟང་པོ་དཔལ་གྱི་བཙུན་མོར་གྱུར་བ་མ་ཅིག་ཤར་ལ་ཟུག་མ། ཏ་དབེན་བློ་གྲོས་རྒྱལ་མཚན་གྱི་མ་ཡུམ་མ་ཅིག་བསོད་ནམས་དཔལ་སོགས་བྱུང་བ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་བོའི་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ནི་བཙུན་མོ་གསུམ་པ་བྱང་ཆུབ་ལྡན་གྱི་སྲས་སུ་འཁྲུངས། སྔ་རྗེས་སུ་དཔང་ལོ་ཙཱ་བ་དང་། དཔལ་ལྡན་སེང་གེ བུ་དོལ་ལ་སོགས་པའི་མཁས་གྲུབ་མང་དུ་བསྟེན། འདུལ་མངོན་ཚད་མ་སྒྲ་རིག་སོགས་ལ་མཁས་པའི་གྲགས་པ་ཐོབ། དཔལ་ངམ་རིང་གི་བཟང་ལྡན་དང་། དགའ་རོང་། ཆུད་ཁ་སོགས་དུས་མཉམ་དུ་བཏབ་ནས་བསྟན་པའི་བརྒྱུད་ལ་ཕན་པ་ཆེར་མཛད། ཕྱིས་གོང་ནས་གུའི་གུང་གི་ལུང་དང་འཇའ་ས་ཕུལ་བས། གུའི་གུང་ཆོས་གྲགས་དཔལ་བཟང་དུ་གྲགས། ཞེས་བྱང་པའི་གདུང་རབས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་སོགས་ལས་རྣམ་ཐར་མདོར་བསྡུས་འདི་ཙམ་བྱུང་ཡང་དེ་དག་ཏུ་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་ཁ་ཅན་མ་བྱུང་།

འཁྲུངས་འདས་ཀྱི་ལོ་ཚིགས།

གཉིས་པ་འཁྲུངས་འདས་ཀྱི་ལོ་ཚིགས་ནི། ཀུན་སྤངས་ཆེན་པོ་ཁོང་དགུང་ལོ་གྱ་གཅིག་ལ་བཞུགས་ཡོད་པ་གཅིག་མཚུངས་སུ་གསུངས་མོད། འཁྲུངས་ལོ་མི་འདྲ་བ་གཉིས་བྱུང་ཡོད། གཅིག་ནི་ཀུན་སྤངས་ཆོས་གྲགས་དཔལ་ཀུན་མཁྱེན་ཆེན་པོར་འཛུམ་ཆོས་ལུང་དུ་ཐོག་མར་མཇལ་དུས་དགུང་ལོ་ཉེར་ལྔ་ཡིན་པར་བཤད་པ་ཡོད། དེ་ནི་ཀུན་མཁྱེན་ཆེན་པོའི་དགུང་ལོ་སོ་གཉིས་པ་ཡིན་པར་གསལ་བས་དེ་ལྟར་ན་རབ་བྱུང་ལྔ་བའི་ས་ཁྱི ༡༢༩༨ ལ་འཁྲུངས་པ་དང་། འདས་ལོ་རབ་བྱུང་དྲུག་པའི་ས་རྟ ༡༣༧༨ ཡིན་དགོས། གཉིས་པ་རིགས་ལྡན་རྒྱལ་བ་ཇོ་བཟང་བའི་ཡབ་སྲས་བཅོ་ལྔའི་རྣམ་ཐར་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ་ཞེས་པའི་ཀུན་སྤངས་ཆོས་གྲགས་དཔལ་གྱི་རྣམ་ཐར་དུ་འཁྲུངས་ལོ་ཆུ་ལུག ༡༢༨༣ ལ་བྱས་ནས་དགུང་ལོ་གྱ་གཅིག་པ་ཆུ་ཡོས ༡༣༦༣ ལ་འདས་ཚུལ་གསུངས་ཡོད། དེ་ལ་ཁོ་བོས་རེ་ཞིག་འཁྲུངས་འདས་ཀྱི་ལོ་ཚིགས་ཕྱི་མ་འདི་ཉིད་ཁུངས་ལྡན་དུ་བཟུང་ཆོག་པར་ཚོད་དཔགས་བྱས་པ་ཡིན། རྒྱུ་མཚན་ནི། ཀུན་སྤངས་ཉིད་ཀྱིས་མཛད་པའི་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཁྱད་འཕགས་སུ། དཔྱིད་ཀར་ཡོན་ཏན་པའི་དྲུང་དུ་དུས་འཁོར་གྱི་དབང་ཞུས་པའི་ཚེ། ཆོས་རྗེ་ལ་ཡོན་ཏན་པ་ཤིན་ཏུ་མཉེས་ནས། ན་བཟའ་བེར་ཐུལ་གཅིག །ཡང་ལོང་གི་ཞྭ་སེར་གཅིག །འཁར་རྔ་ལ་སོགས་གནང་སྦྱིན་ཆེན་པོ་མཛད་དེ། ཁྱེད་ཀྱིས་དགོན་པ་འདིར་ཚོགས་པ་རྣམས་ལ་ཆོས་གསུངས་པར་ཞུ་གསུངས་པས། དེ་ནས་ཆོས་རྗེས་ཡོན་ཏན་པའི་དྲུང་དུ་ཕྱག་ཕུལ་ནས་གསུངས་པ། བདག་ལ་དེ་འདྲ་འོང་བའི་ལུགས་མི་བདོག་པས། གསུངས་དེ་ལྟ་བུ་མ་བྱོན་པར་ཞུ། ཞེས་སོགས་ཞུ་བ་ནན་ཅན་ཕུལ་ཡང་མ་གསན་པའི་སྟེང་དུ། ཁོ་བོ་ལ་སོགས་ཆེ་བགྲེས་རྣམས་ཀྱིས་ཕྱག་ཕུལ་ནས། ད་ནི་ཅིས་ཀྱང་ཡོན་ཏན་པའི་བཀའ་དང་དུ་ལེན་པར་ཞུ། ཞེས་ཞུ་བ་ནན་ཅན་ཕུལ་ནས། བླ་མ་སླར་མ་མཉེས་པའི་རྒྱུར་འགྲོ་དགོངས་ནས་གང་ནུས་ཤིག་ཁས་བླང་གསུངས་ནས། ཆོས་རྗེ་ཡོན་ཏན་པ་ལ་སོགས་ཐམས་ཅད་ཤིན་ཏུ་དགྱེས་པའི་མཉེས་ཚོར་ཆེན་པོ་དཔག་ཏུ་མེད་པ་བྱུང་ངོ་། ། ཞེས་གསུངས་པ་འདི་རབ་བྱུང་ལྔ་བའི་ཆུ་ཁྱི ༡༣༢༣ སྐོར་གྱི་རྣམ་ཐར་ཡིན་འདུག་པས་ཁོ་བོ་སོགས་ཆེ་བགྲེས་རྣམས་ཀྱིས་ཞེས་པའི་གསུང་ཟུར་དེས་འཁྲུངས་ལོ་ཕྱི་མ་འདི་ལ་ཡིད་རྟོན་ཐུབ་རུང་དུ་ཡོད་སྙམ་པ་ཤར། གཞན་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་སུ་ཀུན་སྤངས་འདས་ཚུལ་ཐོན་ཡོད་པ་འོག་ནས་འབྱུང་། དེས་ན་ཏཱ་སི་བྱང་རྒྱལ་འདས་ལོ ༡༣༦༤ ཡིན་པ་དང་། ཀུན་སྤངས་ཆོས་གྲགས་དཔལ་དེའི་སྔོན་ནས་འདས་ཡོད་པ་གསལ་བོ་ཡིན་པ་དང་། ལྷག་པར་དུ་ཁོང་དགྲོང་མཁན་བྱང་པ་ཏ་དབེན་ནམ་མཁའ་བསྟན་པའི་རྒྱལ་མཚན་ཡིན་ན་ཏ་དབེན་འདས་ལོ་དང་སྦྱར་ཚེ་འདས་ལོ་ཕྱི་མ་འདི་ཉིད་ཡིན་དགོས་པ་གསལ་བོར་ཆགས་པ་བཅས་སོ། །

ཇི་ལྟར་འདས་པའི་ཚུལ།

མཐར་ཇི་ལྟར་འདས་པའི་ཚུལ་ནི་རིགས་ལྡན་རྒྱལ་བ་ཇོ་བཟང་བའི་ཡབ་སྲས་བཅོ་ལྔའི་རྣམ་ཐར་དུ། ཆུ་བཟང་དུ་བྱོན་ཏེ་བཤད་སྒྲུབ་ཀྱིས་དུས་འདའ་བར་མཛད་པའི་ཚེ། དགུང་ལོ་གྱ་གཅིག་བཞེས་བའི་དུས། དཔལ་སྟེང་གི་དགོན་པར་བཤད་སྟོན་དུ་གདན་འདྲེན་པ་རྣམས་འོངས་ནས། སྲོག་གི་བར་ཆད་འོང་སྲིད་དེ་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ནའང་སྒྱུ་མའི་སྲོག་ལ་མི་བལྟའོ། །ཞེས་གསུངས་ནས། བྱོན་པའི་ལམ་ཀར་བདུད་སྡིག་ཅན་གླང་དར་མའི་སྤྲུལ་བ་བྱང་བ་སིངྷི་ཞེས་བྱ་བ་དང་ཕྲད་པས། རལ་གྲི་ངར་མ་ཤུབས་ནས་ཕྱུང་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་ནས། ཅི་ལྟར་རྒྱབ་ཀྱང་ཕ་བོང་ལྟར་ཆོད་མ་ནུས་སོ། །གྲྭ་བ་རྣམས་བྲོས་ནས། ཁོང་གསོད་པའི་ཐབས་མ་རྙེད་པའི་དུས་ན། བྱང་ཆུབ་སེམས་དཔས་འདི་སྙམ་སྟེ་སྒྱུ་མའི་སྲོག་འདིས་ཅི་བྱ། ཁོ་རང་གི་བསམ་པ་བཞིན་དུ་བགྱིའོ་སྙམ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྒྱོབ་ཅིག་གསུངས་ནས་མཆན་ཁོང་ལ་བརྒྱབ་པས་ཁྲག་འོ་མར་གྱུར་ཏོ། །ལན་གསུམ་བརྒྱབ་པས་བྱང་སེམས་ཤངས་ཁུང་ནས་དཀར་ལ་དྭངས་པ་ཤར་ཤར་དུ་བབས་པ་དང་། ས་གཞི་མི་བཟོད་བཞིན་དུ་གཡོས་ནས། སྡིག་ཅན་མ་དགའ་སྟེ། བྲོས་པའི་རྗེས་སུ་གྲྭ་བ་རྣམས་ངུ་འབོད་བཞིན་དུ་འདུག་ནས་བལྟས་པས་གསང་བའི་རྩེ་མོར་དམར་པོ་ཅུང་ཟད་བྱུང་འདུག། ནམ་མཁར་འཇའ་ཚོན་སྣ་ཚོགས་ཀྱིས་ཁྱབ་པ་དང་། བར་སྣང་ཐམས་ཅད་དུ་ལྷའི་མེ་ཏོག་ཆུ་ཤོག་ཙམ་གྱིས་བུ་ཡུག་ཏུ་འབབ་པ་དང་། ས་གཞིའི་ཁམས་སུ་དྲི་བཟང་ཁྱད་པར་ཅན་ལྡང་བ་དང་། སྤུར་ཆུ་བཟང་དུ་གདན་དྲངས་ནས། མ་ཏི་པཎ་ཆེན་དང་། ཆོས་རྗེ་ཕྱོགས་པ་སོགས་ཡོངས་འཛིན་མང་བོ་འདུས་ནས་སྤུར་སྦྱངས་པ་དང་། གདུང་ཁང་གི་ཞལ་ཕྱེ་བས། དཔྲལ་བར་ཚེ་དཔག་མེད། སྤྱི་བོར་གཙུག་གཏོར་རྣམ་རྒྱལ། རྣ་ལྟག་གཉིས་ལ་སྒྲོལ་མ་དཀར་ལྗང་། ཕྱག་ངར་གཉིས་ལ་འཇམ་སེར་ནག དུང་དཀར་ནས་འབྲུ་ཙམ་གསུམ། གྲུ་མོ་གཉིས་ལ་འཇམ་དཔལ་དང་ཡིད་བཞིན་འཁོར་ལོ་རྣམས་བྱོན། རིང་བསྲེལ་ཁྱད་པར་ཅན་དཔག་ཏུ་མེད་དོ། གཤེགས་རྫོངས་དུས་མཆོད་བྱེད་པ་དང་། གཤེགས་དང་གཤེགས་པའི་དུས་ཐམས་ཅད་དུ་ནམ་མཁའ་ལ་སྒྲ་ཆེན་པོ་དང་། འཇའ་འོད་དང་རོལ་མོ་ལ་སོགས་ངོ་མཚར་དཔག་ཏུ་མེད་དོ། །ཞེས་ལ་སྟོད་བྱང་བའི་དཔོན་བརྒྱུད་དུ་འཁྲུངས་བའི་ཀུན་སྤངས་ཆོས་གྲགས་དཔལ་བྱང་པ་སི་ཏུས་བཀྲོངས་བར་བཤད་ཡོད་ལ། དགྲོང་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དགྲོང་མཁན་བྱང་བ་སི་ཏུ་དེ་སུ་ཡིན་པ། དེ་བྱང་བ་སི་ཏུ་ཡིན་ནམ་སིདྷི་ཡིན་པ་སོགས་གསལ་བོ་མ་མཐོང་། ཡོན་བཙུན་གྲགས་པ་དར་གྱི་སྲས་སི་ཏུ་རྡོ་རྗེ་མགོན་པོ་ཡིན་པར་ཚོད་དཔག་བྱེད་མཁན་ཡོད་ནའང་ཁོང ༡༢༩༨ ལ་འཁྲུངས་ནས ༡༣༤༤ ཙམ་ལ་འདས་པར་བཤད་པས་དེ་ཡིན་ཚུལ་མེད་ལ། སི་ཏུ་རྡོ་རྗེ་མགོན་པོའི་སྲས་ཏ་དབེན་ནམ་མཁའ་བསྟན་པའི་རྒྱལ་མཚན་རེད་ཅེས་བཤད་པ་ཡོད་ཚོད་རེད་འདུག དེ་ནི་ལོ་ཚིགས་དང་ཡིག་ཆ་གུང་བསྒྲིགས་ཏེ་བལྟས་ཡོང་ན་ཡིན་ཆོག་པ་འདྲ་ཞིག་ཏུ་མཐོང་། ཐོག་མར་དེའི་འཁྲུངས་འདས་ལོ་ཚིགས་ལ་རྒྱུས་ལོན་ཞིག་བྱས་ན། འཁྲུངས་ལོ་ནི་རབ་བྱུང་ལྔ་བའི་ཆུ་ཕག ༡༣༢༣ ཡིན་པར་ཡིག་ཆ་ཁག་ཏུ་གསལ། འདས་ལོ་ལ་གུང་ཐང་རྒྱལ་རབས་སུ། ཁྲི་བཀྲ་ཤིས་ལྡེ་དང་བདག་མོ་བསོད་ནམས་འབུམ་ལ་སྲས་ཁྲི་ཕུན་ཚོགས་སྡེ་ས་ཕོ་སྟག་གི ༡༣༣༨ ལོར་བལྟམས། དེ་ལ་སྲས་གཉིས་མངའ་བའི་གཅེན་ས་སྐྱར་བཞུགས་སྐབས་ཇོ་མོ་རེ་མདའ་མ་དང་མཐུན་པས་ཁྲི་མཆོག་གྲུབ་ལྡེར་གྲགས་པ་དང་། བཙུན་མོ་དངོས་བྱང་ཏ་དབེན་གྱི་སྲས་མོ་ནམ་མཁའ་འབུམ་ཁབ་ཏུ་བཞེས་པར་སྲས་ཁྲི་རྒྱལ་བསོད་ནམས་སྡེ་ལྕགས་ཕག ༡༣༧༡ ལོར་འཁྲུངས། གྱོས་པོ་ཏ་དབེན་གྱི་ལོག་པའི་བསམ་པས་ཕྲ་མ་བཅུག་ནས་ཞང་སྣ་ཚགས་པ་སྨོན་ལམ་རྒྱལ་མཚན་གྱིས་ཁྲི་ཕུན་ཚོགས་ལྡེ་དགུང་ལོ་སུམ་ཅུ་སོ་གསུམ་ལྕགས་ཁྱི་ལོར་བཀྲོངས། ཏ་དབེན་གྱིས་གུང་ཐང་གི་རྒྱལ་སྲིད་ལོ་ལྔ་བཟུང་སྟེ། སྒོ་མང་མཐིལ་ལ་རྟ་ར་བྱས། གུང་ཐང་ལ་ཤིན་ཏུ་འཚེ་བ་ཆེ་ཞིང་མཐར་ཁོ་རང་ཡང་སྐྱིད་རོང་དུ་ཕྱིན་པར་རོང་པ་རྣམས་དང་འཁྲུགས་ཏེ་མདའ་དགུ་ལུས་ལ་ཟུག་ནས་མཚམས་སུ་ཚེའི་དུས་བྱས་པ་སོགས་གསལ། དེས་ན་ཏ་དབེན་གྱིས་རང་གི་མག་པ་དགྲོང་དགོས་པའི་རྒྱུ་རྐྱེན་ལོག་པའི་བསམ་པས་ཕྲ་མ་བཅུག་ནས་ཞེས་པ་ཙམ་ལས་མི་གསལ་ཡང་། མག་པ་ཁྲི་ཕུན་ཚོགས་སྡེ་ཇོ་མོ་རེ་འདའ་མ་དང་མཐུན་ལུགས་ལ་བསམ་ན་སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀར་ཞང་ཞུང་ལ་བག་མར་བཏང་བའི་ལོ་རྒྱུས་དང་ཆ་འདྲ་བ་ཞིག་བྱུང་བ་མིན་ནམ་སྙམ། གང་ལྟར་ཏ་དབེན་ལྕགས་ཕག་ནས་ལོ་ལྔ་སོང་བའི་ཤིང་ཡོས ༡༣༧༥ ལ་འདས་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད། དེ་ལྟར་ན་ཆོས་གྲགས་དཔལ་དགུང་ལོ་གྱ་གཅིག་པ་ཆུ་ཡོས ༡༣༦༣ ལ་བྱང་པ་ཏ་དབེན་ལོ་ཞེ་གཅིག་ཙམ་ལ་ཁེལ་ཡོད་པས་དེ་དུས་བཀྲོངས་བ་ཡིན་ཆོག །ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་དུ། བྱང་པ་དཔོན་ཆེན་པ་འདི་པ། རྩ་བ་དཔོན་ཆེན་ཡོན་བཙུན་པའི་རྒྱུད་པར་སོང་། ཕ་རྡོ་རྗེ་མགོན་པོ་ནས་རང་རེ་དང་འཛོལ་བར་སོང་། བླ་མ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དང་། རང་རེ་འཁོན་པའི་རྩ་བ་ཡིན་ཞིང་། ས་སྐྱའི་ཡང་ཕུང་འདྲེ་ཐམས་ཅད་ཀྱི་ཐིལ་དུ་ཞུགས། བླ་མ་ཁང་གསར་བ་དང་། བླ་མ་ཀུན་སྤངས་པ་བཀྲོངས་པའི་ངན་ལྟོ་བྱས་འདུག་པས། དེ་གཉིས་ལ་ངན་བྱེད་པའི་མི་ལ་རང་རེ་ཡང་བློ་གཏད་བྱེད་པར་དཀའ་བས་གོ་དགོས། ཞེས་གསུངས་པ་ལ་དཔག་ན། ཀུན་སྤངས་ཆོས་གྲགས་དཔལ་བཟང་དགྲོང་མཁན་གྱི་སི་ཏུ་དེ། ཏ་དབེན་ནམ་མཁའ་བསྟན་པའི་རྒྱལ་མཚན་ཡིན་པ་དང་དེ་ཡང་ས་ཕག་སྡེ་གཟར་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད་ཆོག་པ་ཞིག་ཡིན་ནམ་སྙམ། དེ་ལྟར་ཁོང་གི་མི་རྒྱུད་ངོ་སྤྲོད་དང་། འཁྲུངས་འདས་ཀྱི་ལོ་ཚིགས། མཐར་ཇི་ལྟར་འདས་པའི་ཚུལ་རྣམས་ཕྱོགས་བསྡུས་སུ་བཀོད་པ་དཔྱད་གཞི་ཙམ་དུ་ཕུལ་བ་ལགས། རྣམ་ཐར་གཞན་ཆོས་རྗེ་ཇོ་བཟང་ཆེན་པོ་རྒྱལ་བ་དཔལ་ཞེས་བྱང་པ་ཆོས་རྒྱལ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་སོགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་དབང་དང་བརྒྱུད་པའི་གཙོ་བོར་གྱུར་བའི་བླ་མ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་ཡབ་སྲས་བཅོ་ལྔའི་རྣམ་ཐར་སོགས་ལས་ཤེས་པར་བྱའོ། །


ཕྱི་ལོ ༢༠༢༤ ༤ ༢༧ ལ་ཕྲན་འཇམ་དཔལ་རྣམ་རྒྱལ་གྱིས་བྲིས། བཀྲ་ཤིས། དགེའོ། །
ནང་དོན་ཡོངས་ཁུངས། དུང་དུང་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།