དཔེ་ཆ་ལྟ་རྒྱུ་ལས་སླ་བའི་ལས་ཀ་ཞིག་མེད།
མི་འགའ་རེ་དཔེ་ཆ་ལྟ་རྒྱུར་ཧ་ཅང་དཀའ་སྣང་འཆར་གྱིན་འདུག དོན་དངོས་སུ་དཔེ་ཆ་ལྟ་རྒྱུ་ལས་ལྷག་པའི་ལས་སླ་མོ་ཞིག་མེད་པ་རེད། ཁྱེད་ཅག་བརྙན་འཕྲིན་ལྟ་རྒྱུ་དང་། ཁ་པར་ལྟ་རྒྱུར་དཀའ་སྣང་འདུག་གམ། དཀའ་ལས་ཡོད་མེད་སྟེང་ནས་བཤད་ན་དཔེ་ཆ་ལྟ་རྒྱུ་དང་ཁ་པར་ལྟ་རྒྱུ་གཅིག་པ་རེད། འོན་ཀྱང་སེམས་ཀྱི་འཛིན་སྟངས་ཀྱི་ཐོག་ནས་དཀའ་ལས་ཡོད་མེད་ཧེ་བག་ཤོར་སོང་བ་རེད། མི་ཞིག་གི་སྐེ་ལ་བྱུ་རུ་རྒྱ་མ་ཁ་ཤས་བཏགས་བཞག་ན་དགའ་བཞིན་དུ་འགྲོ་བ་དང་། རྡོ་སྒོང་རྒྱ་མ་ཁ་ཤས་བཏགས་བཞག་པ་ན་དཀའ་སྣང་ཆེན་པོ་འཆར་གི་རེད། སེམས་ཀྱི་སྟེང་ནས་གཅིག་རྒྱན་དུ་བུད་སོང་བ་དང་གཅིག་ཤོས་ཁུར་དུ་བུད་སོང་བའི་རྐྱེན་གྱིས་དཀའ་སྣང་ཡོད་མེད་ཁྱད་པར་ཐོན་སོང་བ་རེད། དེས་ན། མང་པོ་ཞིག་དཔེ་ཆ་ལྟ་རྒྱུ་དཀའ་སྣང་འཆར་བ་ཡང་དཔེ་ཆ་དེ་རྒྱན་དུ་བླངས་མ་ཐུབ་པར། སློབ་སྦྱོང་གནོན་ཤུགས་ཀྱི་ཁུར་བོ་ཞིག་གི་འདུ་ཤེས་ཀྱི་ཐོག་ནས་བྱེད་ཀྱིན་ཡོད་པའི་མཚོན་རྟགས་རེད། མལ་སའི་ནང་ལས་འཇམ་ཅག་གེར་ལུས་བདེ་བག་ཕེབས་ཀྱིས་སྔོན་བྱོན་དམ་པའི་གསུང་རབ་ཟབ་མོ་ལ་ལྟ་རྟོག་བྱེད་རྒྱུ་ལས་ལྷག་པའི་ངལ་གསོ་ཡག་པོ་ཞིག་གཏོང་ཐབས་མེད་པ་ལྟ་བུ་རེད། སྔོན་བྱོན་གྱི་མཁས་གྲུབ་གོང་མ་ཚོའི་གཞུང་ལ་ལྟ་བ་དེ། མཁས་གྲུབ་དེ་དག་དང་བགྲོ་གླེང་བྱས་པའམ། མཁས་གྲུབ་དེ་དག་གི་དགོངས་ཚུལ་ལ་ཉན་པ་རེད།
དཔེ་ཆ་རྣམས་མཆོད་བཤམས་ཀྱི་ཡུལ་ཙམ་མ་རེད།
དཔེ་ཆ་དཔེ་ཀློག་རྒྱག་རྒྱུའི་གོམས་གཤིས་ཆགས་དགོས་པ་རེད། རྗེ་ཙོང་ཁ་བ་ཆེན་པོས། ང་ཤི་བའི་རྗེས་སུ་ང་དང་མ་འཕྲད་སྙམ་པའི་ཡིད་གདུང་བ་རྣམས་ཀྱིས། ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་དང་། ང་འཕྲད་པ་དང་ཁྱད་པར་སྤུ་ཙམ་མེད། གསུངས་པ་བཞིན། མཁས་གྲུབ་དམ་པ་རྣམས་ཀྱི་སྐུའི་ཚབ་གསུང་གི་དོད་དུ་བཞག་པ་དེ་གང་རེད་ཅེ་ན། གསུང་གི་དཔེ་ཆ་འདི་ཚོ་རེད། དཔེ་ཆ་རྣམས་བཤམས་བཞག་རྒྱུ་མ་རེད། ཁ་ཕྱེས་ཏེ་ལྟ་ས་དང་སློབ་ས་བྱེད་དགོས་པ་རེད། གཞུང་ཆེན་པོ་རྣམས་བརྩམས་པའི་དོན་འབྲས་གང་ཡིན་འཆད་ཡོང་དུས། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དགོས་སོགས་ཆོས་བཞིའི་སྟེང་ནས་འབྲེལ་བཤད་བསྐྱོན་ཡོད་པ་རེད། དེང་གི་ཆར་བོད་ཀྱི་བླ་མ་འགས་སློབ་གསོ་ལྟར། རིག་གནས་སློབ་དགོས་ཀི་མ་རེད། རིག་གནས་སློབ་ན་སྐྱོན་ཡིན་པ་རེད་ཤོད་དང་། འཛམ་བུ་གླིང་གི་དཔྱོད་ཤེས་ཚང་མ་ཧང་སང་འགྲོ་རྒྱུ་རེད། ཡིན་ན་ཡང་། ད་དུང་ང་ཚོའི་ས་ཁུལ་ན་ཅི་ཟེར་ན་ཆོག་ཆོག་ཏུ་ལྷག་ཡོད་པ་རྗེས་ལུས་ལས་ཀྱང་རྗེས་ལུས་ཡིན་པའི་དན་རྟགས་རེད། བོད་ཀྱི་ས་ནས་ཀྱང་མི་འགྱངས་བར་གཉིད་ལས་རིམ་གྱིས་སད་ནས་གོ་རྟོགས་ཐོབ་པ་ཞིག་འགྱུར་འགྲོ་ངེས་པ་རེད།
ཕྱིའི་རྒྱལ་ཁབ་ཀྱི་བསྒྱུར་རྩོམ་ཁག་ལ་མ་ལྟ།
ཁ་སང་དེ་རིང་གི་དུས་སྐབས་ལ་དབྱིན་ཡིག་དང་རྒྱ་ཡིག་ལ་མཁས་པ་མང་པོས་དབྱིན་ཡིག་དང་རྒྱ་ཡིག་གི་རྩོམ་ཡིག་མང་པོ་བོད་ཡིག་ཐོག་བསྒྱུར་གནང་མཛད་ཀི་ཡོད། ལས་ཀ་དེ་དངོས་གནས་ཡག་པོ་རེད། ཡིན་ན་ཡང་། ནང་བའི་ཆོས་སྒོར་རབ་ཏུ་བྱུང་བ་ཞིག་གིས་བསྒྱུར་རྩོམ་ཁག་ལ་མ་ལྟ། བསྒྱུར་རྩོམ་མང་པོའི་ནང་དུས་ཚོད་དམ་འཛིན་བྱེད་ལུགས་དང་སློབ་སྦྱོང་དགོས་སྟངས་སོགས་ཡག་པོ་བཤད་ཡོད་ན་ཡང་། དེ་ནི་ནང་བའི་རིག་གཞུང་ཞིག་གི་དོ་ཟླ་གཞི་ནས་མེད། དེའི་ཕྱིར་ནང་བའི་རིག་གཞུང་མང་པོ་ཕར་གཡུགས་ནས་ཨ་གསར་གྱིས་བསྒྱུར་རྩོམ་ཁག་ལ་ལྟ་མ་འདུག ཁོ་ཚོས་ཡག་པོ་དང་འཇོན་པོ་ཅི་ཞིག་བཤད་ཀྱང་ཚེ་འདིའི་གཙུག་ལག་རིག་གནས་ཙམ་ལས་ཅི་ཡང་བཤད་མེད། འུ་ཅག་ནང་བའི་ནི་ཚེ་འདི་ལས་ཚེ་ཕྱི་མ་གཙོ་བོ་དང་དེའི་དོན་གཙོ་བོར་འཆད་ཡོད་རྐྱེན། རིན་ཐང་གི་ལྟ་བ་ཡོད་པར་བྱས་ཏེ་དཔེ་དེབ་ཀློག་ཐུབ་ན་ནང་བའི་བསྟན་བཅོས་མང་པོ་ཀློགས། སངས་རྒྱས་ཀྱིས་གསུངས་ན། ང་ལ་དོན་གྱིས་སྐྱབས་སུ་འགྲོ་སྟངས་ནི་ངས་གསུངས་པའི་རིག་གཞུང་ལ་དཔེ་ཀློག་བྱས་ཏེ་དེ་ཉམས་སུ་ལེན་སྟངས་དེ་ཡིན་ཞེས་གསུངས་པ་ལྟར་ཕྱི་རྒྱལ་མགོ་སེར་ཚོའི་དཔེ་དེབ་ཀློག་ནས་ཁོ་ཚོས་བཤད་པ་ལྟར་ལག་ལེན་བྱས་ན་དོན་གྱིས་ཁོ་ཅག་ལ་སྐྱབས་སུ་སོང་བ་མ་ཡིན་ནམ།
རིང་བསྲེལ་རྣམ་པ་གསུམ་ལས་ཆོས་སྐུའི་རིང་བསྲེལ་གང་ཡིན།
ཆོས་སྐུའི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ་སྟེ་རིང་བསྲེལ་རྣམ་པ་གསུམ་ཡོད་པ་ལས། ཆོས་སྐུའི་རིང་བསྲེལ་ཟེར་བ་བཅོམ་ལྡན་འདས་ནས་མཁས་དང་གྲུབ་བརྙེས་ཀྱི་དམ་པ་དག་གི་གསུང་རབ་བྱིན་རླབས་དང་བརྗོད་དོན་གྱིས་ཕྱུག་པ་རྣམས་ལ་ཆོས་སྐུའི་རིང་བསྲེལ་དང་། དབུ་སྐྲ་དང་ཕྱག་སེན་སོགས་ལ་སྐུ་བལ་གྱི་རིང་བསྲེལ་དང་། མྱ་ངན་ལས་འདས་པའི་སྐུ་ཕུང་དང་དེ་བརྟེན་པར་བཞག་པའི་མཆོད་རྟེན་སོགས་ལ་སྐུ་གདུང་གི་རིང་བསྲེལ་ཟེར་བ་རེད། དེས་ན། ཆོས་སྐུའི་རིང་བསྲེལ་ལ་རྩ་ཆེན་པོར་བརྩི་དགོས་ཀི་འདུག་མ་གཏོགས། གསུང་རབ་རྣམས་ལ་ཐོས་བསམ་འཛིན་སྐྱོང་མི་བྱེད་པར་མ་ཟད། གཞན་གྱིས་དཔེ་ཆ་ལྟ་བ་ལ་བཀག་འགོག་བཟོ་བ་མང་པོ་འདུག སྒོར་མོ་ཁྲི་གཅིག་གཉིས་རེས་དཔེ་ཆ་ཞིག་དཔར་བསྐྲུན་བྱས་ཏེ་ཆོས་སྦྱིན་བྱེད་དགོས་ཟེར་ན་བྱེད་མི་དཀོན་སེ་འདྲ་བ། སྐུ་འདྲ་ཆེན་པོ་ཞིག་བཞེངས་ན་སྒོར་མོ་ཁྲི་བརྒྱ་ཉིས་བརྒྱ་བྱས་ཏེ་ཕུལ་མཁན་མང་པོ་འདུག སྐུ་བཞེངས་པ་ན་ལོས་བཟང་། འོན་ཏེ། སྐུ་འདྲ་བཞེངས་ན་མིག་གིས་ལྟ་ས་ཆེན་པོ་ཞིག་ཡོད་པ་རེད། དཔེ་ཆ་ཆོས་སྦྱིན་བྱས་བཞག་ན་བཤམས་ནས་འཇོག་བཞག་རྒྱུ་དང་། མི་མང་གི་ཁ་ན་རྟེན་བཞེངས་ཆེན་པོ་བྱས་པའི་མིང་མེད་པའི་རྐྱེན་ལས་བྱེད་མི་དཀོན་པོ་ཆགས་པ་རེད། དེས་ན། ཚོང་ཁེ་ལ་དམིགས་པ་མ་ཡིན་པར་ཀུན་སློང་རྣམ་དག་གིས་དཔེ་ཆ་རེ་པར་སྐྲུན་བྱེད་ཐུབ་ན་ཕན་པ་ཆེན་པོ་འདུག
ལོག་རྩོམ་ལ་མ་ལྟ་དད་པ་ལ་གས་ཆག་ཤོར་ངེས།
སྤྱིར་ཆོས་ལུགས་གང་དང་གང་ཡིན་ཡང་དགག་བཞག་མང་པ་ནི་འཇིག་རྟེན་གྱི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་ལ། ནང་ཆོས་ལ་ཡང་དགག་པ་གཏོང་མཁན་མང་པོ་ཡོད། ནང་ཆོས་ལ་དགག་པ་གཏོང་མཁན་ཡོད་པའི་སྐྱོ་དགོས་པ་གང་ཡང་མེད་ལ། སེམས་ཚེགས་བྱ་དགོས་པ་ཡང་གང་ཡང་མེད། རྒྱུ་མཚན་དགག་པ་གཏོང་མཁན་ཡོད་པས་ནང་ཆོས་འཇིག་མི་ནུས། རེད་དེ། དར་སྲོལ་གསར་བ་ལ་དགའ་བའི་གཞོན་སྐྱེས་གྲྭ་བ་མང་པོས་གསར་རྟགས་བསྟན་ཁུལ་བྱས་ཏེ། ནང་ཆོས་ལ་དགག་པའི་གཏོང་བའི་ལོག་རྩོམ་གྱི་དེབ་མང་པོ་ཉོ་བ་དང་རང་གིས་བལྟས་པ་ཙམ་གྱིས་མ་ཆོག་པར་གཞན་ལ་མང་པོ་བསྟན་གྱིན་ཡོད་མོད། དེ་དག་ལ་གཞི་ནས་མ་ལྟ་རོགས། དེ་དག་གི་ནང་དུ་ནང་ཆོས་ལ་གནད་ཕོག་པའི་དགག་པ་དང་གནས་ལུགས་རྒྱུ་མཚན་ཤུགས་ཆེ་བས་མ་ལྟ་ཟེར་བ་ཁྱོན་ནས་མིན། འུ་ཅག་གི་བསམ་བློ་ནི་རང་ཚུགས་ཟིན་པ་དང་བརྟན་པོ་སོགས་གང་མིན་རྐྱེན། ནམ་ཞིག་ལ་དད་པ་ལོག་ཉེན་ཆེ་བ་རེད། དད་པ་ལོག་པ་དང་ཆོས་མིན་སྨྲ་བ་ལ་གནས་ལུགས་དང་རྒྱུ་མཚན་གང་ཡང་ཡོད་མི་དགོས་ཏེ། འཇིག་རྟེན་འདི་འཇིག་རྟེན་བྱེད་པོས་བྱས་པ་ཡིན་ཟེར་ན་འཐད་པ་དང་། ཉ་སོགས་སྲོག་ཆགས་ཁ་ཤས་དཀོན་མཆོག་གིས་ཟ་རྒྱུར་གནང་བ་རེད་ཟེར་ན་བདེན་པར་སྙམ་པ་སོགས་ཤིན་ཏུ་མང་། དེའི་རྐྱེན་གྱིས་ཐམས་ཅད་ཀྱིས་ལོག་རྩོམ་ལ་མ་ལྟ་དད་པ་ལ་གས་ཆག་ཤོར་ངེས།
ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།