གཉིས་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
དེ་ལྟར་གླེང་བླང(སློང)བའི་དགེ་མཚན་ཡོངས་སུ་སྤེལ་ནས་བདག་ཉིད་ཀྱི་རིགས་རུས་དང་འབྲེལ་བའི་གཏམ་ཅུང་ཟད་ཅིག་བརྗོད་ན། {འཇམ་དབྱངས་ཐུགས་རྗེའི་དཀྱིལ་འཁོར་ལས། །རབ་སྤྲོས་གངས་ཅན་པདྨོའི་ཚལ། །སྐལ་བཟང་མཛད་པ་འཇིག་རྟེན་གྱི། །མིག་གྱུར་རྡོ་རྗེ་གྲགས་པའི་མཚན། །ཅེས(ཞེས)ཏེ།} སྐད་གཉིས་སྨྲ་བ་མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཞེས་མཚན་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐུའི་རིགས་སུ་འཁྲུངས་ཤིང་ཐུགས་ཀྱི་སྲས་སུ་གྱུར་པ་ནི། སྐད་གཉིས་སྨྲ་བ་ཆོས་རབ་ཡིན་ལ། དེ་ཉིད་ཀྱི་སྐུའི་རིགས་ལ་རྭ་ཤར་ནུབ་གཉིས་སུ་གྱེས་པ་ལས། ནུབ་པར་མཚན་གསོལ་བ། སློབ་དཔོན་ཆེན་པོ་རྭ་ཡེ་ཤེས་སེང་གེ་དང༌། དེའི་སྲས་རྭ་འབུམ་སེང་ཏེ(སྟེ)། ཡབ་སྲས་དེ་དག་ནི་སྤྲུལ་པའི་སྐྱེས་མཆོག་ལུང་དང་རྟོགས་པ་མཐའ་ཡས་པའི་མངའ་བདག་ཆེན་པོ་ཡིན་ནོ{ཡིན་ལ། འོན་ཀྱང་ཕྱིས་རྒྱུད་ཆད་ནས་འཕེལ་བ་ནི་མེད་དོ། །}
རྭ་ཤར་པར་གྲགས་པ་ནི་ཆོས་རྗེ་དྷརྨ་སེང་གེ་བ་ཡིན་ལ། དེའི་སྲས་དཀོན་མཆོག་སེང་གེ །དེའི་སྲས་ཤེས་རབ་རྒྱལ་མཚན་སྟེ(ཏེ)། དེ་གསུམ་ཡང{གཤིན་རྗེ་གཤེད་ཀྱི(ཀྱིས)ཞལ་གཟིགས་པ། ནག་པོ་བསྐོར(སྐོར)གསུམ་ལ་ཤིན་ཏུ}མཁས་ཤིང་ནུས་པ་ཐོབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཤ་སྟག་ཏུ་བྱོན་ནོ། །
རྭ་ཤེར་རྒྱལ་ལ་སྲས་གསུམ་མངའ་བ་ལས། དཀོན་མཆོག་རྒྱལ་མཚན་སྐུ་མཆེད་ནི་གཡས་རུ་ནུབ་མདར་འཁྲུངས་ཤིང༌། གཙང་རོང་དང་རུ་མཚམས་སུ་འགྲོ་བའི་དོན་མཛད་པ་ཞིག་བྱུང་ཞེས་གྲགས་ལ། སྲས་ཆེ་བ་རིན་ཆེན་རྒྱལ་མཚན་ནི། ཡར་འབྲོག་འཕྲང་དུ་ཡོན་བདག་མོ་ནམ་མཁའ་འབུམ་ཞེས་བྱ་བ་ལ་འཁྲུངས་ཤིང༌། ཆེར་སྐྱེས་ནས་ཡབ་ལ་གཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ་དང་མགོན་ནག་ལ་སོགས་པའི་རྒྱུད་ལུང་མན་ངག་ཐམས་ཅད་གསན་ཏེ་མཁས་པར་སྦྱངས། དུས་འཁོར་ལ་སོགས་པ་ཡབ་ཆོས་གཞན་ཡང་ཅི་རིགས་པ་མཁྱེན། སྨན་སྤྱད(དཔྱད)དང་སྐར་རྩིས་ལ་སོགས་ལ་མཁས་པ་ཞིག་བྱུང༌།
ཡར་འབྲོག་འཕྲང་རིགས་ཀྱི་ནུབ་སྟོད་དུ་གཉན་དང་ཇོ་བོ་ལ་སོགས་པས་སྦྱིན་བདག་བྱས་ནས་གཤིན་རྗེའི་ལྕགས་མཁར་ལ་དཔེ་བྱས་པའི་མཁར་རྩིགས(བརྩིགས)ནས་དེར་བཞུགས་པས། རྭ་ལྕགས་མཁར་བ་ཞེས་ཐོགས་སོ། །སྒྲུབ་པས་ནུས་མཐུ་ཆེན་པོ་ཡང་མངོན་དུ་གྱུར། ཐོང་ལྕགས་ཆག་པ་ལ་ལྗགས་བཏབ་པས་ཞི་ཞིང་འབྲེལ་བ་དང༌། སྐས་ཆག་པ་ལ་སྔགས་བཟླས་པས་འགྲིག་པ་དང་། ཐོག་སེར་དང་ཆོ་འཕྲུལ་ལ་སོགས་པ་ཐོགས་མེད་དུ་གྲུབ་པ་ཞིག་གོ །
འདིར་སྨྲས་པ།
དེ་ལ་རིགས་སྲས་ལྔ་ཙམ་ཡོད་པ་ལས། །
རྡོ་རྗེ་འཛིན་པའི་མཚན་གྲགས་ཐོན་པ་ནི། །
གསུམ་པ་ཆོས་དབྱིངས་པ་ཉིད་ཡིན་ཞེས་ཐོས། །
སྔགས་ཀྱི་ལག་ལེན་བཤད་བཀའ་ལ་སོགས་པ། །
ལྷད་མེད་ཚིག་གི་བརྒྱུད་པ་མ་ཉམས་ཤིང༌། །
བསྒྲུབས་པའི་བྱིན་རླབས་རྒྱུན་ཡང་ཆེ་བར་ཡོད། །
ཡར་འབྲོག་ཕྱོགས་དང་གཙང་རོང་ལ་བཞུགས་པའི། །
རྭ་ཡི་རིགས་རྒྱུད་མང་པོ་ཡོད་པ་རྣམས། །
ཕན་ཚུན་ཐུགས་མཐུན་གྲྭ་རིགས་མང་བ་དང༌། །
ཡོན་བདག་ལ་སོགས་ཕུན་སུམ་ཚོགས་པར་བྱུང༌། །
{རྭ་རྣམས་གདན་ས་ཕག་མོ་གྲུབ་པ་དང་། །
འབྲི་ཁུང་པ་ལ་མོས་ཞེན་ལྷག་པར་ཆེ། །
སྤྱན་སྔ་འབྲི་ཁུང་གླིང་པའང་ཤིན་ཏུ་དགེས། །
གདན་མཐོང་ལ་སོགས་ཆེ་བར་མཛད་དོ་སྐད། །
ནམ་ཞིག་དུས་ཀྱི་འཁྲུག་པ་མི་བཟད་པ། །
ས་འབྲས་དགེ་འདུན་སྡེར་བཅུས་བརྩོད(རྩོད)པ་བྱུང་། །
འབྲི་ཁུང་མཐིལ་དུ་གླིང་ལོག་བྱུང་བའི་ཚེ། །
གོང་མའི་ཁྲིམས་ཀྱིས་རྭ་ཡི་རིགས་སྐྱེས་པ། །
ལ་ལ་གོང་པོ་ལ་ལ་མ་རྩེ་དང་། །
ཁ་ཅིག་ལྷོ་བྲག་འགའ་ཞིག་མདོ་ཁམས་སོ། །
ཐ་དད་ཡུལ་རྣམས་ཀུན་ཏུ་འཕྱན་པར་གྱུར། །
ཆོས་དབྱིངས་རྡོ་རྗེ་དཔལ་ལྡན་ས་སྐྱ་རུ། །
ལོ་བདུན་བར་དུ་གཏེའུའི་ཚུལ་དུ་བཞུགས། །
སྔར་ནས་ཐུགས་སྲས་སྤྱན་སྔ་རིགས་ལྡན་གྱི། །
སྙན་པ་ཐོས་ཤིང་མོས་པ་ཆེར་ཡོད་པས། །
མཇལ་བར་སེམས་ཀྱང་དེ་སྐབས་སྐུ་ནོངས་པས། །
ནམ་ཞིག་ལ་སྟོད་རྒྱལ་གྱི་ཤྲི་རུ། །
ཆོས་རྗེ་ཟུར་ཕུག་པ་ཡི་དྲུང་དུ་བྱོན། །
ཕྱག་ཆེན་བསྒོམས་པའི་ཐུགས་ལ་ཕན་པར་བྱུང་། །
སྔོན་དུས་ལོངས་སྤྱོད་ལྡན་པའི་མི་ཆེན་ཞིག །
བར་དུ་མཐོ་དམན་དར་རྒུད་ཅི་ཡང་བྱུང་། །
ཡིད་ཆད་སྡུག་བསྔལ་མང་པོ་བྱས་མོད་ཀྱང་། །
ཟབ་མོའི་ཆོས་དང་མ་འཕྲད་པ་ཡིས་ལན། །
ད་ནི་ཕ་རྒོད་བླ་མའི་བཀའ་དྲིན་གྱིས། །
ཐམས་ཅད་ཆོས་སྐུའི་ངང་དུ་ཨ་ལ་ལ། །
ཞེས་སོགས་ཉམས་རྟོགས་མགུར་དུ་ཕུལ་བའི་ཚེ། །
དུ་མ་རོ་གཅིག་རྟོགས་པར་སླེབ་བོ་གསུང་། །
ཕྱི་ནས་རང་གི་ཡུལ་དུ་གདན་ཕབ་ནས། །
འགྲོ་བའི་དོན་ཡང་ཅི་རིགས་བྱུང་བར་མངོན། །}
དེ་ཡི་སྲས་ནི་བརྩོན་འགྲུས་སེང་གེ་ཡིན། །
གསང་ཕུར་འཇམ་དབྱངས་ཤཱཀྱ་གཞོན་ནུ་ལ། །
ཕར་ཚད་བསླབས་ཤིང་ཕ་མེས་ཆོས་ལ་མཁས། །
འབའ་ར་བ་ལས་རླུང་ཕྱག་ཞུས་ཏེ་འབྱོངས། །
{འབའ་ར་བ་ལ་ལྷན་ཅིག་སྐྱེས་སྦྱོར་ཞུས། །
ཕྱག་ཆེན་གཏུམ་མོ་ལྷན་ཅིག་འབྱོངས་ཞེས་ཟེར། །}
དེ་ལ་སྲས་གཉིས་ཆོས་ཀྱི་བསམ་འགྲུབ་དང༌། །
ཆོས་ཀྱི་བཀྲ་ཤིས་ཞེས་བྱས་རྙིང་མ་བསླབས། །
ཁ་ཐུན་ཚེ་བདག་འཆར་ཁ་ལ་སོགས་པའི། །
གཤིན་རྗེ་གཤེད་དང་ཕུར་པ་ཇོ་མོ་ལུགས། །
ཉང་གི་གཏེར་ཆོས་སོགས་ལ་མཁས་པར་བྱས། །
ཚེ་བདག་བསྒྲུབས་པས་ནུས་པ་ཆེ་བར་བྱུང༌། །
དང་པོའི་སྲས་ནི་ཤེས་རབ་སེང་གེ་དང༌། །
ཕྱི་མའི་སྲས་ནི་ཚེ་བདག་སྐྱབས་ཞེས་བརྗོད། །
ཕྱི་མས་ལ་སྟོད་ཕྱོགས་སུ་བྱོན་ཞེས་ཟེར། །
དང་པོའི་སྲས་ནི་ཀུན་དགའ་སེང་གེ་ཡིན། །
མངོན་དགའི་ཆོས་སྡེར་པོད་ཆེན་བཞི་ལ་བསླབས། །
ཕྱི་ནས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། །
གཞན་ཡང་བླ་མ་མང་པོ་བསྟེན་པ་ལས། །
གསང་སྔགས་གསར་མའི་ཆོས་ལུགས་མང་པོ་ཐོས། །
ཕ་མེས་རྣམས་ལ་ལས་ཚོགས་སྣ་ཚོགས་པའི། །
ལག་ལེན་ཁྲིགས་ཆགས་མཐོང་བརྒྱུད་ཡོད་ན་ཡང༌། །
{གསང་སྔགས་རྙིང་མའི་དབང་ཆོས་ལས་གཞན་པའི། །}
ཕ་ཆོས་རྣམས་ཀྱི་དབང་བཀའ་བར་དུ་ནུབ། །
ཆོས་རྗེ་ངག་དབང་པ་ལ་དབང་རྣམས་ཞུས། །
མོས་ཞེན་དབང་གིས་རྡོ་རྗེ་འཇིགས་བྱེད་བསྒྲུབས། །
རེ་མ་ཏཱི་ཡི་ཞལ་ཡང་མཐོང་བར་གྲགས། །
སྐབས་དེར་ཡར་འབྲོག་ཁྲི་དཔོན་དང་ཟློས་ནས། །
གཡོར་པོ་སྟོད་ཀྱི་ཕྱོགས་ན་སློབ་མ་དང༌། །
ཡོན་བདག་མང་དུ་ཡོད་པའི་ཕྱོགས་སུ་ཕྱིན། །
དགྲ་བོའི་ཡུལ་དུ་མཐུ་རྟགས་མང་དུ་བསྟན། །
གནས་གཞི་རི་ཁྲོད་ཆུང་ངུ་མང་དུ་བཏབ། །
སྡིག་བཤགས་དོན་དུ་བཅོམ་ལྡན་ཀུན་རིག་གི །
བསྙེན་སྒྲུབ་བྱས་ཤིང་གཞན་ཡང་བྱེད་དུ་བཅུག །
གདུང་ལ་རྡོ་རྗེ་སེམས་དཔའ་རང་བྱོན་བྱུང༌། །
དེ་ལ་སྲས་གཉིས་སེང་གེ་དཔལ་ལྡན་དང༌། །
ཆོས་ཀྱི་སེང་གེར་འབོད་པ་རྣམ་པ་གཉིས། །
ཕྱི་མས་ཀུན་མཁྱེན་སངས་རྒྱས་འཕེལ་བ་ཡི། །
ཆོས་གྲྭར་བྱོན་ཞིང་རབ་འབྱམས་སྨྲ་བ་དང༌། །
རིག་གནས་ཕྲ་མོ་ཡང་ནི་མང་པོ་མཁྱེན། །
ཡི་དམ་དམར་ནག་འཇིགས་གསུམ་ཡུན་རིང་བསྒྲུབས། །
རབ་འབྱམས་སྨྲ་བ་འཇམ་དཔལ་གྲགས་པ་ལ། །
བོ་དོང་ལུགས་ཀྱི་ཆོས་ལུགས་མང་པོ་གསན། །
གཡས་རུ་ཤངས་སུ་ཕ་རྒོད་བསོད་བཟང་ལ། །
ཤངས་ཆོས་ཡོངས་རྫོགས་ཞུས་ནས་ཡུན་རིང་བསྒོམས། །
ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོ་དང༌། །
དཔལ་མགོན་མ་ནིང་དམ་ཅན་མང་པོར་བཅས། །
བསྒྲུབས་པས་གྲུབ་སྟེ་མཐུ་རྩལ་དཔག་ཏུ་མེད། །
དྲག་པོའི་ལས་གྲུབ་དགེ་སློང་ཡིན་ན་ཡང༌། །
ལས་སུ་མཐུ་གཏད་སེར་བ་དག་ལ་བརྩོན། །
གཡོ་རུ་གཞུང་དུ་དགྲ་བོའི་མཁར་ཁྱིམ་ལ། །
དགུན་དུས་གནམ་ལྕགས་ལན་གསུམ་བསྟུད་མར་ཕབ། །
ཡུལ་དཔོན་ལ་སོགས་གནོད་བྱེད་ཐམས་ཅད་སྟོངས། །
འོན་ཀྱང་ནཻ་གུའི་འཕོ་བ་ཐེབས་ནས་གཤེགས། །
སེང་གེ་དཔལ་གྱི་བུ་གཉིས་བྱུང་བ་ནི། །
འཇམ་དབྱངས་བློ་གྲོས་དང་ནི་འཇམ་དབྱངས་བཟང༌། །
འཇམ་དབྱངས་བཟང་པོས་ཆོས་རྗེ་བསོད་གྲགས་ལ། །
སྦྱོར་དྲུག་ཞུས་པས་ཉམས་རྟོགས་བཟང་པོ་སྐྱེས། །
སྔ་མས་གཙང་གི་ཕུང་པོ་རི་བོ་ཆེར། །
རྗོགས་ཆེན་ཡུན་རིང་བསྒོམས་པའི་ལོ་རྒྱུས་སྣང༌། །
དང་པོའི་སྲས་ནི་བདག་གི་བླ་མ་ཡིན། །
མེས་པོའང་ཡིན་ཏེ་རིག་སྔགས་འཆང་ཆེན་པོ། །
མཚན་ནི་ཚུལ་ཁྲིམས་རྣམ་རྒྱལ་ཞེས་པ་ཡིན། །
བྱིས་པའི་དུས་ན་ཆོས་གྲགས་རྒྱ་མཚོའི་དྲུང༌། །
ཡིག་དྲུག་བཟླས་ལུང་ཙམ་ཞིག་གསན་ཅེས(ཞེས)གསུང༌། །
ཆོས་རྗེ་འཕྲིན་ལས་པ་ལ་ཕར་ཚད་བསླབས། །
རླུང་སེམས་དབྱེར་མེད་ལ་སོགས་ཆོས་འགའ་ཞུས། །
དབུས་སྨྱོན་པ་དང་པདྨ་གླིང་པ་དང༌། །
ཟུར་དབོན་པ་དང་སོ་སྟོན་ཀུན་གཞོན་སོགས། །
སྔ་ཕྱིར་ཕྱག་རྫོགས་བླ་མ་མང་པོ་བསྟེན། །
རྙིང་མའི་ཕྱོགས་ལ་མཁྱེན་པ་ཤིན་ཏུ་ཆེ། །
འཇིགས་བྱེད་ལ་སོགས་གཤེད་སྐོར་རྣམས་དང་ནི། །
སྟོད་འབྲུག་སྐོར་དང་ངན་སོང་སྦྱོང་རྒྱུད་སོགས། །
གསར་མའང་མཁྱེན་ཅིང་སྐར་རྩིས་སྨན་དཔྱད་དང༌། །
རྟེན་འབྲེལ་ཕྲ་མོ་སྣ་ཚོགས་མང་དུ་མཁྱེན། །
རྡོ་རྗེ་འཇིགས་བྱེད་ཕྱག་ན་རྡོ་རྗེ་དང༌། །
མ་ནིང་ནག་པོ་བསྒྲུབས་པས་རྟགས་ཀྱང་ཐོན། །
སྔ་ཕྱིའི་ཡུལ་ལྷ་བྲན་དུ་འཁོལ་བར་མཛད། །
མཁྱེན་བརྩེ་ནུས་མཐུ་གསུམ་ཀ་མངའ་བའི་ཕྱིར། །
འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེར་མཛད། །
གང་འདིའི་དྲིན་ལས་བདག་གི་ཕ་ཡིས་ཀྱང༌། །
ཐོག་སེར་ལ་སོགས་ནུས་པ་འགའ་རེ་ཐོན། །
དེ་དག་རྫུན་མེད་བཤུལ་ནི་ད་ལྟའང་ཡོད། །
དེ་ལྟར་ཁོ་བོའི་རུས་པའི་བྱུང་ཁུང(འབྱུང་ཁུངས)ནི། །
རྭ་ལོའི་རིགས་ལས་བྱུང་བ་ཡིན་ཞེས་གླེང༌། །
ངེད་ཀྱི་ཕ་མེས་རྒྱུད་འདི་ཆོས་ནས་གཞལ་ན་ལོ་ཙཱ་ཆེན་པོ་དང་། ཆོས་མཁས་པ་དང་། མཐུ་བོ་ཆེའི་རྒྱུད་པ་དེ་ཡིན། འཇིག་རྟེན་གྱི་དཔལ་འབྱོར་ནི། རྭ་ལོ་ཆེན་པོ་ཆོས་རྒྱལ་ཁྲི་རལ་དང་འདྲ་བར་གྲགས་པ་དེ་ལགས། དེ་རྗེས་རྭ་ལོ་འབུམ་སེང་དང་ཤེར་རྒྱལ་ཡན་ཆད་ཀྱང་འཕྲིན་ལས་དཔག་ཏུ་མེད། དཔེར་ན་བླ་ཆེན་འཕགས་པས་ལྡོང་སྟོན་དང་། རོང་པ་རྒ་ལོ་གཉིས་རྭའི་བུ་ཆེན་སློབ་བརྒྱུད་ཡིན་པ་དེ་བླ་མར་ཁུར་བ་ལྟ་བུ་ཡིན། བོད་ཀྱི་བླ་མ་བཟང་ཚད་རྭའི་ཆོས་འོག་ཏུ་མ་ཆུད་པ་མེད་པ་དེས་མཚོན།
ཕ་མེས་ཕྱིས་ཀྱི་ཚོ་ཁས་དྲག་དཔུང་པ་འཛོམས་པ་དང་ནོར་ཤེད་ངོམ་ཐུབ་པ་རང་མེད་དེ། རང་རང་སོ་སོའི་ཐད་ཀ་དེར་གྲྭ་སློབ་ཡོན་བདག་སྐྱོང་རྒྱུ་ཡོད་ངེས་ཤེས་པའི་འཕྲིན་ལས་དང་། ཡི་དམ་ཆོས་སྐྱོང་ལ་གསོལ་བ་ཐེབས་ཙམ་གྱི་ནུས་མཐུ་ཡོད་ངེས་པ་ཡིན། དེ་ལ་ངེད་ཀྱི་མེས་དང་ཕ་ཡན་ཆད་ཁྱིམ་བཙུན་སྔགས་པ་ཐམས་ཅད་ཀྱང་དགེ་སློང་ལ་ཕར་ཕྱག་འཚལ། རྟེན་གསུམ་ལ་ཞབས་ཏོག་བྱེད། བཟའ་བ་དང་རིན་གྱི་དོན་དུ་སྲོག་ཆགས་ལ་འཚེ་བ་ནམ་ཡང་སྤངས། ལོ་བཅུའི་བར་དུ་ཀློག་སོགས་སྦྱོང༌། ཉི་ཤུའི་བར་དུ་དཔེ་མཛིན(འཛིན)བཤོར། སུམ་ཅུའི་བར་དུ་སྒྲོ་འདོགས་གཅོད། བཞི་བཅུའི་བར་དུ་བཟླས་སྒོམ་སྒྲུབ་ཟེར།
དེ་རྗེས་ཁྱིམ་པ་རྣམས་བག་མའི་བྱ་བ་སོགས་མི་ཆོས་བྱེད། སྔོན་གྱི་བྲམ་ཆེན་པོ་དང་བོད་ཀྱིའང་སྔོན་གྱི་སྔགས་པའི་མིག་ལྟོས་བཟང་པོ་དེ་མ་ཉམས་པར་སྐྱོང་མཁན་རང་ཤས་ཆེ། དེང་སང་ངམ་ཕྱིས་ཀྱི་བླ་མ་རྒྱུད་ཅན་བླ་བྲང་སྔགས་པ་བ་བླ་ཆེན་དང་། བླ་ཆུང་ཁྱུ་གཅིག་སྲོག་གཅོད་ལ་ནི་མི་འཛེམ(འཛེམས)། སྐུ་གསུང་ཐུགས་རྟེན་ལ་རས་ཆོད་བྱེད། མནོ་མ་ཤེས་པའི་བྱས་པ་ནས་ནལ་བུ་རློག །ཁྱིམ་ཐབ་སྔ་མོ་ནས་ལེན་པ་ལ་དཔའ་དཔའ་མོ་བྱེད་པ་དེ་ཚང་མིན། གསར་མའི་སྤྱོད་པ་ཤས་ཆེ་བའི་སྔགས་པ་མཁན་པོ་ཚད་མ་རང་བྱོན། མི་རྒྱུད་དེ་རྭ་ཤར་བ་ཡིན། ཆོས་རྭ་ནུབ་པ་ཡིན། གཉེན་གྲ་སྒྲིག་དང་། རྫུན་རིབ་དང་། ལག་འཕྲུལ་ལ་སྐྱབས་ཚོལ(འཚོལ)མི་དགོས་པའི་སྔགས་པ་ཁ་ཡོད་ལག་ཡོད་རྐྱང་བ་བྱུང་བ་ལགས་སོ། །
{ཆོས་རྗེ་རྭ་ཀུན་དགའ་སེང་གེ་ཡན་ཆད་ཀྱི་བར་སྐབས་ཀྱི་གཏམ་དེ་རྣམས་ནི་ཕ་མེས་ཀྱི་ཡིག་ཚང་བཞིན་བཀོད་པ་ཡིན་ལ། དེ་མན་ཆད་ནི་ཇི་ལྟར་གླེང་བ་ལྟར་རོ། །ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་རིགས་ཀྱི་ཁུངས་གླེང་བའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ། །}
ནང་དོན་ཡོངས་ཁུངས། འོད་འཛིན་རྩོམ་སྟེགས།