བཞི་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
དེ་ལྟར་སྨྲ་ཤེས་པ་ནས་རང་ལོ་བཞིའི་སྟེང་དུ་སླེབ(སླེབས)པ་ཚུན་ཆད་དུ། སྨྲ་བརྗོད་ཀྱི་སྒོ་ལ། ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན། ཉེ་གནས་དཔལ་འབྱོར་ཟེར་བ་ཞིག་ཡོད་དེ། རྔོག་རོང་འོག་མ་བ་ཚང་གི་ནང་ལ་སོང་ཟེར་བ་ཞིག་གཞན་གྱིས་རྩེད་མོ་དང་ཀྱལ་ཀ་སོགས་ཀྱིས་དྲིས་པ་ལའང་ཡང་ཡང་སྨྲ་བ་ཞིག་བརྒྱུད་མར་བྱུང་འདུག །
གཞན་འགའ་རེ་ལ་ཡོང་བའི་སློབ་མཁན་དེ་འདྲའི་རིགས་ནི་གཏན་ནས་མེད་པ་རང་སེམས་དཔང་བོ་ཐུབ་པར་ཡོད། {རང་རེ་ལ་སྐྱེ་བ་དྲན་པའི་མངོན་ཤེས་ནི་མེད། ཕྱིས་རྗེ་དམ་པའི་སྐྱེ་བར་གྲགས་པ་འདི་ཡོང་བའི་རྟེན་འབྲེལ་ཅིག(ཞིག)ནི་ཡིན་སྣང་ངོ་། །}
ཕ་མ་དང་ཡུལ་བ་རྣམས་ནི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཞལ་མཐོང་བ་ལྟ་ཅི་སྨོས། མཚན་ཐོས་པ་ཙམ་ཡང་མེད་པས། ཐོག་མར་རེ་ཞིག་རང་བབས་སུ་སྨྲ་བ་ཞིག་ཡོད་པ་ལ། དགེ་འདུན་སྒང་པའི་ཇོ་གདན་འགའ་ཞིག་གིས་རྗེ་དམ་པ་དེ་ཉིད་དབུས་གཙང་ཡོངས་ཀྱི་བླ་མ་ཡིན་ཚུལ་བརྗོད་འདུག་པས། དེ་སྐབས་བུ་གཅིག་པོ་ཡིན་པས། ངེད་རང་ལ་ཡང་དེ་བཞིན་མ་ཟེར་གསུང་བའི་དམ་བཞག་མཛད་ཀྱང༌། བྱིས་པར་སོང་བས་སྔར་བཞིན་ཀ་སྨྲས།
དེ་སྐབས་ཆོས་དབང་བཟང་པོ་བ་གཟིམས་ཁང་དུ་ཡང་ཡང་ཡོང་བ་ཞིག་ཡོད་པ། ཁོང་གི་ཨ་ཁུ་རྗེ་བཙུན་དམ་པ་ལ་མོས་པ་ཅན་ཅིག(ཞིག)ཡོད་པ་ལ་ཁོང་བས་གླེངས་འདུག་ཅིང༌། དེ་སྡེ་བའི་དཔོན་ཡིག་པ་ཡིན་པ་འདུག་པ་ནས། ཡར་འབྲོག་ཏུ་ཁྲི་དཔོན་ཆེན་པོ་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་པོ་ལ་ཞུ་བར་ཕྱིན་པ་བཞིན། སྡེ་པ་རང་ལའང་མནལ་ལམ་བཟང་པོ་ཁྱད་པར་ཅན་བྱུང་གསུང་ཞིང(གསུངས་ཤིང་)། དེ་འཕྲལ་དངོས་ལ་གོས་ཆས་གནང་སྦྱིན་སོགས་ཟབ་རྒྱས་སུ་སྩལ(བསྩལ)།
དེ་ནས་སྡེ་པ་བསྟན་འཛིན་དྲུང་གིས། མཁན་ཆེན་རིན་པོ་ཆེ་དང༌། རྒྱལ་རྩེ་ནས་བརྩམས་ཏེ། རིགས་སྔགས་འཆང་གི་དབང་ཕྱུག་ཞབས་དྲུང་སྟོབས་རྒྱས་དྲུང་གི་བར་ཚུན་ཆད་ཀྱི། རྗེ་དམ་པའི་ཡོན་བདག་དང་བུ་ཆེན་རྣམས་ཀྱི་སར། གནས་ཚུལ་རེ་ཡང་འབུལ་བ་གནང་འདུག །
ཁྱད་པར་ཆོས་རྗེ་རིག་འཛིན་པ་ཆེད་ཀྱིས་མངགས་པར་གནང་ནས། ཁོང་ལ་རྗེ་དམ་པས་གནང་བའི་དབུ་རྒྱན་བྱ་སྤུ་མ་ཞིག་ཡོད་ཅིང༌། གཞན་ཡང་གོང་དཀར་ཆོས་སྡེ་སོགས་ནས་དབང་རྫས་མང་དུ་གཡར་ནས། འབྲང་ཕུ་གཟིམས་ཁང་གི་སྒོ་རྩར་འོངས། དངོས་ཀྱི་ཐོག་ཁ་ནས་ལྟས(བལྟས)། ཁོང་འདུག་པ་མཐོང་ཏེ(སྟེ)། ཆོས་རྗེ་རིག་འཛིན་པ་སླེབ(སླེབས)འདུག་བྱས་མཚམས། ཁོང་རྣམས་ཀྱིས་ཁྱི་མ་བཀག་འདུག་ཀྱང་ཆོས་རྗེ་ཐལ་བྱུང་དུ་ནང་དུ་ཤོར། དབང་རྫས་དེ་ཀུན་བཀྲམས་ནས། ངེད་ལ་བསྟན་པ་ལ་དབུ་རྒྱན་སྒྲོ་སེར་མ་དེ་བླངས་ཏེ། ང་རང་གི་ཡིན་ཚུལ་སོགས་ཅལ་ཅོལ་མང་དུ་སྨྲས། ཆོས་རྗེས་ངུས་ཤིང་བྱིན་རླབས་ཞུས།
དེ་ནས་མི་རིང་བར་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོའི་དྲུང་ཀྱང(ཡང)ཕེབས་བྱུང་ཞིང༌། གསོལ་ཇ་བཞུགས་གྲལ་ཞིག་འདུག །ངེད་ལ་གདན་དམའ་བ་ཞིག་བྱུང་བས། ཁྲོ་ཞིང་སྡོད་མ་འདོད། ཟུར་ཕུག་ཞིག(ཅིག)ཏུ་ལོགས་སེ་བ་བྱས་ཏེ། ཅང་མ་སྨྲས་པར་བསྡད། ཛོ་ཀི་ཞིག་དང་གསུང་འཕྲོས་མཛད་ཀྱིན་འདུག་པ་ཅུང་ཟད་གོ་བ་སྙམ་བྱེད། དེས་ཀྱང་ཕན་མ་བྱུང༌། བལ་པོ་རྒྱ་གླིང་པ་གཉིས་འདུག་པའི་སར་ཕྱིན། ཞབས་དྲུང་ཡང་དགེས(དགྱེས)རྒྱུ་མེད་ཙམ་ལ་དེ་འཕྲལ་ཕེབས་སོང༌། བཀའ་སྩལ(བསྩལ)ལས་ཀྱང་སྐུ་ཁམས་ནི་དངས(དྭངས)པོ་འདུག་སྟེ། རྗེ་དམ་པ་རང་ནི་མིན་པ་འདྲ་ཞེས་དབུས་ཕྱོགས་ཀུན་ལ་གསུངས་འདུག་ཅིང༌། གོང་དཀར་ན་ཕྱག་རིས་ངོས(དངོས)མ་རང་འདུག་པ་དངོས་སུ་མཐོང༌། {དེ་མཐུན་གྱི་བདག་མོ་འཕྱོང་རྩེའི་གྲོང་སོགས་ལ་ཕེབས་སྒོ་ཕྱག་བྲིས་ཀྱི་དན་རྟགས་ཅན་སོགས་གནང་འདུག་པ། ཕྱིས་དངོས་ཀྱི་མིག་ལམ་དུ་ཡང་འབྱོར། ཕེབས་སྒོ་དེ་ཀུན་ཡང་ཡང་དག་པ་ཁོ་ན་སྟེ།} དངོས(ངོས)ཅག་ལྟ་བུ་བར་དོར་མངོན་པར་རྫོགས་པར་སངས་རྒྱས་པའི་སློབ་དཔོན་སྤྱོད་པ་བ་ཡང་སྲིད་འཛིན་པའི་ཚུལ་སྟོན་པ་ལྟ་ག་ལ་ཞིག །ས་ཐོབ་པའམ་དེ་ལ་ཉེ་བར་བསྙེན་པའི་ངེས་འབྱེད་ཆ་མཐུན་ཙམ་ལ་ཡང་གནས་པ་མ་ཡིན། འོན་ཀྱང་དེ་དང་དེར་བྱིན་གྱིས་བརླབས་ཏེ། འགྲོ་བའི་དོན་སྤྱོད་པ་ཡང་སྲིད་པའི་ཕྱིར་གཅིག་དང་ཐ་དད་པའི་དཔྱད་པ་མི་དགོས་སོ། །
དེ་ནས་མི་རིང་བར་སྨོན་ལམ་གྱི་སྟོབས་ཆེན་པོས་མངོན་པར་བརྒྱན་པ། སྲིད་གསུམ་དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ། མཁན་རིན་པོ་ཆེ་ལུང་རིག(རིགས)རྒྱ་མཚོའི་ཞལ་སྔ་ནས། དེ་གོང་མནལ་ལམ་དུ་ལུང་བསྟན་རིམ་པ་གསུམ་ཙམ་བྱུང་འདུག་པ་དང༌། སྔོན་དུས་རྗེ་དམ་པས་སྔ་ཕྱིའི་ལུང་བསྟན་མང་པོ་གནང་བའི་ཚིགས་བཅད་དུ་ཡང༌། ནམ་ཞིག་རང་གནས་རི་བོའི་ཕུག་ཏུ་མཇལ། །ཞེས་གསུངས་པའི་དུས་ཀྱང་འདི་ཡིན་ཅེས(ཞེས)། ངེད་ཀྱི་གཏམ་གསན་འཕྲལ་ཆོས་ལུང་བྱང་རྩེ་སོགས་ལ་མི་གཏོང་བར་མཛད་དེ། མཆེད་གྲོགས་དཔལ་སྡིངས་པ་དང༌། ག་ཐོག་པ་དཔལ་ཀུན་དགའ་ལེགས་རྒྱལ་གཉིས་ཀྱང་ཞབས་འབྲིང་དུ་འཕྲལ་འབྱོར་བྱུང་འདུག་ཅིང༌། དེ་མཚམས་དཔོན་སློབ་རྣམས་མྱུར་ཤད་དུ་ཕེབས་བྱུང་བ། ཕེབས་འཕྲལ་དངོས་ལ་གདན་མཐོང་སོགས་བཀུར་བསྟི་ཆེས་ཆེ་བ་མཛད། ཟས་སྣ་ཤིང་ཐོག་ལ་སོགས་པའི་སྟོན་མོ་མང་པོ་དང༌། གནང་སྦྱིན་གྱི་སྐྱེས་རྒྱ་ཆེར་སྩལ(བསྩལ)།
དེའི་ནང་བར་ནས་ཞག་འགའ་རེར་རྣམ་འཇོམས་ལ་སོགས་པའི་བཀྲུ་བྱབས་ཀྱིས་ལུས་རིལ་གྱིས་བཀྲུ་བ་ཡང་ཡང་མཛད། ཞག་ལྔ་ཙམ་བཞུགས་ནས་གཞིས་ཀ་གོང་དཀར་དུ་ཕྱག་ཕེབས། གོང་མ་ཁུ་དབོན་དང་མཇལ་འཕྲད་ལེགས་ཚོགས་ཆེ་བར་བྱུང་འདུག་ཅིང༌། ངེད་ཀྱི་སྐོར་བསེད་བཀྲོལ་ཡང་གནང༌། གཞིས་ཁ(ཀ)ནས་ཀྱང་དངོས(ངོས)ཅག་ལ་ཇ་འདྲེན་བྱུང༌། དེ་སྐབས་གནམ་གང་བ་ལ་རྗེ་དམ་པས་གནང་བའི་བྱིན་རླབས་རྟེན་འགའ་རེ་འདུག་པ་རྣམས་ངོས་འཛིན་བྱེད་ཟེར་ནས། ངེད་ཀྱི་སར་ཁྱེར་བྱུང་བ་གསལ་བར་དྲན་ཅིང་། བརྗོད་སྒོ་ཡང་འགའ་རེ་སྨྲས་འདུག །
དཔལ་ལགས(ལེགས)གྲོགས་མཆེད་ཀྱིས་རྒྱལ་སྲས་ཆོས་རྫོང་པའི་ཐུགས་དམ་རྟེན་བདེ་མཆོག་དང་དམག་ཟོར་མའི་ཤིང་སྐུ། རྗེ་དམ་པའི་འབྲལ་སྤང་མི་གཡོ་བ་དང་། སྒྲོལ་མའི་ཟངས་གླེགས་སོགས་ཁྱེར་བྱུང་བས། ངོ་ཤེས་པའི་རྣམ་པ་དང༌། ཁྱད་པར་དེ་གོང་སྒྲོལ་མ་མ་གཏོགས་ལྷ་རིགས་དེ་དག་མཐོང་ཐོས་མེད་ནའང༌། ལྷ་རྣམས་ངོ་ཤེས་ཤིང་། ངོས་འཛིན་བཤད་པ་བྱེད་རྒྱུ་ཡང་དོན་དང་མཐུན་པ་མང་དག་བྱུང༌།
ཡར་འབྲོག་ནས་ཀྲཱ་ཡ་ས་མུཙྪའི་དབང་རྫས་ཀྱི་ས་གཞོང་ཞིག་བསྐུར་བ་མཛད་པའང་ངོ་ཤེས་ཤིང༌། དཀར་མདུང་ཡོད་མེད་ཀྱི་རྩད་གཅོད་ཀྱང་བྱས། {དེ་ནས་བཀའ་དྲིན་མཚུངས་པ་མེད་པའི་མཁན་རིན་པོ་ཆེ་དེ་ཉིད་སླར་ཡང་འབྲང་དུ་ཕེབས་ཤིང་། ཞག་འགའ་ཟུང་བཞུགས།} དེ་གོང་སྐྲ་རྣམས་རལ་བར་ཡོད་པ་ཚོགས་གསོག་རིང་མོ་བ་དང་། ཆོས་དབང་པ་གཉིས་ཀྱིས་བསེད་ནས་སིལ་བུར་འཆོ་ཡིན་ཡོད་ཙ་ན། སྐྲ་རལ་པ་རང་ག་བ་འདུག་སྙམ་ན། རལ་བའི་ཐོར་ཚུགས་བྱས། རུས་རྒྱན་ཞིག་གྱོན། ཤིང་ནགས་ཀྱི་གསེབ་ལ་ཆམ་ཆམ(འཆམ་འཆམ)འགྲོ་བ་ཡིན་པ་ལ་སྙམ་པར་བྱུང༌།
དེ་ནས་ཧོར་ཟླ་དགུ་པའི་ཉེར་ལྔ་ལ། མཁན་རིན་པོ་ཆེའི་ཕྱག་ཕྱིར་དཀྲིས་ཏེ། རང་ཡུལ་ནས་གཞི་བཏེག(བཏེགས)། {མེས་པོ་རིན་པོ་ཆེ་ཤིན་ཏུ་ཐུགས་དགེས(དགྱེས)པར་ཡོད་མོད། ཐུགས་ཁོག་ཡངས་ཤིང་ཐུགས་དཀྱེལ་ཆེ་བ་བློ་གྲོས་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར། ཐུགས་མི་བདེ་བའི་རྣམ་འགྱུར་མི་འདུག །དྲིན་དང་ལྡན་པའི}ཕ་མས་ཀྱང་ལུང་པའི་ཕུའི་ལ་མཚམས་ན་བཀྲ་ཤིས་བྲག་ཟེར་བ་མིང་བཀྲ་བཟང་བ་ཞིག་ཡོད་པ་དེ་བར་སྐྱེལ་མར་ཕེབས། {དེ་ནས་འབྲལ་མི་ཕོད་པའི་གདུང་ཤུགས་ཀྱི(ཀྱིས)ཕྱིར་ལོག་པར་མཛད། ཆུང་ངུ་ནས་མ་དང་གསོན་བྲལ་ལྟ་བུར་སོང་བས།} དེ་ནས་སྐབས་སྐབས་སུ་ཕ་མ་དྲན་པའི་གདུང་ཤུགས་ཅི་རིགས་པར་བྱུང་མོད་ཀྱི། ཕལ་ཆེར་ནི་མ་སྙིང་བུ་དང༌། བུ་སྙིང་རྡོའི་རྣམ་པར་སོང༌། དེ་སྐབས་ནི་ཟླ་བོ་རྣམས་ཀྱིས་ཀྱང་ཨ་མ་རིམ་པས་རྗེས་ལ་ཕེབས་ཀྱིན་ཡོད་དོ་ཞེས་བྲིད་པ་ལྟར་ཡང་བྱས་སོ། །
དེ་ནུབ་ཡར་འབྲོག་དཔལ་དེར་སླེབ(སླེབས)། གུར་ཆས་བཟང་པོ་བཤམས། གཞིས་ལེན་གཟབ་མ་བྱུང༌། གྲལ་གྱིས་ཙམ་ན་མཁན་རིན་པོ་ཆེ་ཡང་བཞུགས་ཤིང་། ཁོང་ཚོའི་མི་འགའ་རེ་འདུག་པ་ལ་མནོ་མི་ཤེས་པས་དཔལ་དེ་བ་རང་གི་མདོག་སྟབས་ལ་བྱ་བ་ཞིག་ཁ་ནས་ཤོར། བྱིས་པའི་ཁ་ལ་ལེགས་ཉེས་ཡོད་པའི་དཔེ་དེ་འཕྲལ་དུ་གསལ་བར་བྱུང༌། དེའི་སང་ཡ་སྲིབས(སྲིབ)ཕྱོགས་ལ་ལམ་མཛད་དེ་ཕེབས་སྐབས། དེ་ཕྱོགས་རིན་སྤུངས་ཀྱི་ལམ་ཡིན། ང་མི་འགྲོ་བྱས་ནས་བསླབ་ཉེས་མང་དུ་བྱས།
འདབ་ལུང་དུ་སྡེ་པ་བསྟན་འཛིན་དྲུང་དཔོན་གཡོག་ཀྱང་བསུ་བ་ལ་ཕེབས། སྣ་དཀར་རྩེའི་མདུན་གྱི་སྐྱེད་ཚལ་དེར་ཞག་གསུམ་བསྡད། {བོ་དོང་ཐམས་ཅད་མཁྱེན་པའི་རྣམ་ཐར་བཀོད་པ་ལོགས་བྲིས་ལ་བྲིས་སྣང་བ། ལྟད་མོ་ཆེ་ཆེ་ལྟར་མངོན་པ་ཞིག་བྱུང་།} ཉིན་གཅིག་ཙམ་རྩེར་ཡང་ཕྱིན། སྐྱེད་ཚལ་དེར་ཡོད་དུས་ཇ་འཐུང་འཕྲོ་ལ་དཀར་ཡོལ་ཞིག་ཁྲི་སྟེང་ནས་ཞལ་བའི་དཀྱིལ་དུ་འཕངས་པ་གས་ཆག་གང་ཡང་མ་བྱུང༌། དཀར་ཡོལ་དེ་སྡེ་པ་བསྟན་འཛིན་དྲུང་རང་གི་ཕྱག་ཏུ་བཞེས་སོང༌། དེ་སྐབས་ཡར་འབྲོག་ནས་སྐུ་མཆེད་དགེ་སྐྱོན་གྱི་སྟབས་བྱུས་དཔངས་ཤིན་ཏུ་དམའ་བར་ཡོད་པ། སླར་མི་རིང་བར་སྐུ་མཆེད་ཀྱང་ནང་འདུམས་ཤིང༌། ཆབ་སྲིད་མཐའ་རྒྱས་སུ་བྱུང་སོང་བ་དེ་ལྟ་བུའི་དགེ་མཚན་གྱི་རྟེན་འབྲེལ་ཡིན་པར་མངོན་ནོ། །
དེ་ནས་རིམ་པས་བརྒྱུད་ནས་བློ་བདེར་སླེབས། དཔོན་པོ་ཀུན་བསམ་པ་བྱུང་བ་ངོ་ཤེས་བྱུང་ཞིང༌། དེའི་སང་རྒྱལ་རྩེ་ནས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་རྒྱལ་རྩེར་སླེབས། དེར་ཟླ་ཕྱེད་ཙམ་སོང་ནས་རྩེ་ཆེན་དུ་ཕྱིན། ཡུམ་སྲས་རྣམས་དང་སྡེ་བ་དྲུང་འཚོ་བ་སོགས་ཀྱིས་ཟླ་གཅིག་ཙམ་གྱི་བར་ཕུན་སུམ་ཚོགས་པའི་འབྱོར་བས་བསྟབས། {བསམ་གྱིས་མི་ཁྱབ་པས་བསྐྱངས།} མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་ཡང་མཇལ་ཞིང་། ཤིན་ཏུ་དགྱེས་པ་དང་དད་པ་དཔེ་མེད་པ་མཛད་ཀྱིན་འདུག །བླ་བྲང་ཤར་ཆེན་དུ་ཕྱིན་པ་སོགས་ད་ལྟའང་ཤིན་ཏུ་གསལ་བ་ཡིད་ཡུལ་ན་འདུག་ཅིང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་བྱེད་ཅིག་བསྩལ་འདུག་སྟེ། ཧ་ཅང་གསལ་བར་མི་དྲན།
རྟོགས་ལྡན་ཟླ་གྲགས་པ་དང༌། ཤཱཀྱ་བོ་དྷི་གཉིས་བྱུང་བའང་གསལ་བར་ངོ་ཤེས། དེ་ནས་དཔལ་འཁོར་བདེ་ཆེན་གྱི་བླ་བྲང་དཀར་པོར་མཆེད་གྲོགས་ཐར་པ་བ་བསླེབས་པའང་ངོ་ཤེས། {བསྡད་ནས}ཞག་ཤས་སོང་སྐབས། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས་དང༌། སྦས་པའི་སངས་རྒྱས་རྗེ་བཙུན་ལྷ་དབང་གྲགས་པའི་ཞབས་དང༌། བླ་མ་དམ་པ་རྗེ་དྲུང་ཀུན་དགའ་དཔལ་བཟང་པོ་དང༌། རྗེ་ཀུན་དགའ་བསྟན་གསལ་བའི་དྲུང་དང༌། དཔོན་དྲུང་འཕན་ནེ་བ་དང༌། ངམ་རིང་ནས་མི་སྣ་ལ་ཁང་གསར་ནས་ཀུན་དགའ་ལེགས་གྲུབ་པ་དང༌། རྗེ་དམ་པའི་ཕྱག་གཡོག་རྙིང་པ་རྣམས་དང་བཅས་པ་ཕེབས་བྱུང་། ཀུན་ཆོས་པ། {ཐར་པ་བ།} གཞུང་པ་འཕན་ནེ་བའི་དྲུང་རྣམས་ངོ་ཤེས་འདུག
{དེ་ནས་སླར་ཡང་རྒྱལ་རྩེ་རྩེ་རྒྱལ་དང་། རྩེ་ཆེན་གཉིས་སུ་འཁོར་རེ་དང་།} དེ་ནས་རིམ་པས་འབྲོང་རྩེ། སྟག་རྩེ་ཁྱུང་རྩེ་རྣམས་བརྒྱུད། {སྤ་མནམ་བརྒྱུད་ལྷུན་རྩེར་སྐུ་མདུན་ཞིང་ཤག་པའི་བཀའ་ཁྱབ་ཀྱི་མཐུན་རྐྱེན་དང་བཅས།} ཚོང་འདུས་དབུ་རྩེར{སླེབས། དེར་ཞག་གསུམ་བསྡད།} ཀ་བརྒྱད་མར་བཞུགས་གྲལ་ཞིག་བྱུང་བའི་རྟེན་མཆོད་ལ། སྐུ་སྐྱེ་བཅུ་གཅིག་གི་ཟེའུ་ལྷ་ཁང་ཞིག་འདུག་པ་དེ་ལ་དག་མི་དག་གི་དཔྱད་པ་མང་པོ་བྱས་པས། ཞལ་ངོ་རྣམས་ཐུགས་མཚར་མཚར་མཛད་ཀྱིན་འདུག །
དེ་ནས་བསམ་འགྲུབ་རྩེར་ཕྱིན་སྐབས། གསེར་མའི་ཐད་ཙམ་དུ་གསེར་མདོག་ཅན་གྱི་དགེ་འདུན་བརྒྱ་ཙམ་བྱིན་རླབས་ཞུ་བར་བྱུང༌། དེ་གོང་གསེར་མདོག་ཅན་པ་ཚོས། {དེ་གོང་ཆོས་གྲྭ་ཆེན་པོ་དེ་ཉིད་ཀྱི་དགེ་འདུན་ལ་ཉེ་བར་བསྟེན་པ་ཁ་ཅིག་གིས}ཀརྨ་པའི་ཕྱག་གཡོག་ལ་རྡོ་བརྡུངས་བྱས། དེའི{རྐྱེན་གྱིས་དགེ་འདུན་རྣམས་མཛད་དཀའ་བར་བྱུང་ཞིང་། དེའི་སྐབས}ཆད་སྒྲུབ་སོགས{སོ་སོར་སྒྲུབ་བླངས་མཛད་དགོས་རྣམས་ཀྱང}འཁྲུན་ཆོད་གྲུབ་ནས་རྒྱང་ཙམ་སོང་སྐབས་ཡིན་འདུག་ནའང༌། ཞིང་གིས་ཞེ་མ་སྡུག་མཛད་པའི{སྐུ་མདུན་ཞང་ཤག་པ་ཐུགས་ལོག་པས}དགེ་འདུན་རྣམས་ཐུགས་གུ་དོག་ཙམ་གྱི་དུས་ཡིན་པ་དངོས(ངོས)ཅག་བསམ་རྩེར་འོང(འོངས)པའི་རྐྱེན་གྱིས་གནས་ཚུལ་དེ་རང་གྲོལ་དུ་སོང༌།
དེར་ཞག་ལྔ་ཙམ{དཔལ་འབྱོར་བསམ་གྱིས་མི་ཁྱབ་པའི་དབུས་སུ}བསྡད། བྱིས་པའི་སྤྱོད་པ་ཁོ་ནས་ཁྲོ་ཚུལ་དང་བཅས་གྲལ་ལ་མ་ཕྱིན་པའི་རྐྱེན་གྱིས་སྐུ་མདུན་དྲུང་དེའི་ནང་བར་རྒྱལ་བ་འོད་དཔག་མེད་ཀྱི་ཐགས་སྐུ་ལ་སོགས་པ་འབུལ་བ་ཅུང་ཟད་ཅིག་དང་བཅས་སྔ་མོ་རང་ཕེབས་ནས། ངེད་རྗེ་བཙུན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཡོད་ཅིང༌། བླ་མས་ཀྱང་དགོངས་པར་ཤིན་ཏུ་བཞུགས་པ་ཡིན་པ་ལ། ད་ལམ་དགོངས་ཁྲེལ་བའི་རྣམ་པ་འདུག་པ་རྒྱུ་གཞན་གཅིག་ཀྱང་མེད། གསེར་མདོག་ཅན་པའི་སྐོར་འདི་ཡིན་པས། སྔར་བྱས་ལ་བཤགས་པ་འབུལ་ཞིང་། ད་ནས་གསེར་མདོག་ཅན་པ་ལ་གང་དྲག་རང་བྱེད་གསུངས་པ་ཕེབས།
དེ་ནས་སྣར་ཐང་དུ་ཞག་གསུམ་ཙམ་བསྡད། དེ་ནས་གནས་སུ་ཞག་རྩིས་བྱས་འདུག་པ། སྔོན་གྱི་བག་ཆགས་ཤིག་གིས་སྡོད་པའི་བློ་གཏན་མ་བྱུང་ནའང་གཡོག་རྣམས་ཀྱིས་འབྲིད་ཐབས་བྱས།
དེ་ནས་བོ་དོང་དུ་བྱང་པའི་བདག་པོ་སྐུ་གཞོན་པའི་དྲུང་བཞུགས་སར་འབྱོར་ཞིང་། གཞི་ལེན་དཔེ་བྲལ་མཛད། དེ་ཉིན་དུས་མདོས་ཀྱང་འདུག །{དུས་མདོས་ཀྱི་ལྟད་མོ་ཆེན་པོ་ཡང་མཐོང}། གྲངས་ཆེན་རབ་འབྱམས་པས་རྗེ་བཙུན་རིན་པོ་ཆེའི་དབུ་ཞྭ་ཞིག་ངེད་ལ་ལན་གསུམ་སྟོན་དུ་བྱུང་བ་དེ་ལ། ཅང་ལབ་པ་ནི་མ་བྱུང་མཐར། ཚིག་པ་ཟོས་ཏེ་ཁོང་རང་ལ་འཕངས། སྐུ་འདྲ་དུད་ཁུང་མ་སོགས་མཇལ།
དེའི་ནངས་པར་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་སླེབས། རྡོ་བཅལ་གྱི་ཆོས་འབྱུང་རང་བྱོན། ཐུག་སྣ་ལྔ་ལ་སོགས་པ་རྩད་གཅོད་བྱས་པས། རྗེ་དྲུང་རིན་པོ་ཆེའི་གསུང་གིས་ཆོས་འབྱུང་རང་བྱོན་མགོན་ཁང་དུ་བསྡུས་ཡོད་མཆིས། རྔ་ཐུག་ཀྱང་ཕྱི་རུ་ནག་པོ་སྦྲོན་པ་ཡིན། སྣ་ལྔ་ནང་ན་ཡོད་གསུང་གིན་འདུག །{གསུང་བ་ཕེབས་ཀྱིན་འདུག}
དེ་ནས{འདོམ་པ་ལ་ཐོན་ནས}སྨོན་གྲོར་ཕྱིན་དུས་ག་ད་ལ་ནས་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་པ་དཔོན་གཡོག་རྣམས་ཀྱིས་བསུ་བ་གནང་ཞིང༌། ཕྱག་གཡོག་ལ་གྲོ་ལུང་ཆོས་རྗེ་འདུག་པ་ངོ་ཤེས་བྱུང༌། སྨོན་འགྲོའི་གཟི་བརྗིད་ཀྱི་ཕུག་གི་གཟིམས་ཆུང་དེར་སྡོད་ས་བྱུང་ཞིང༌། དེ་ན་སྤྲུལ་སྐུ་ངག་དབང་གིས་བྲིས་བའི་སྐུ་སྐྱེ་བཅུ་གཅིག་གི་ཐང་ཁ་རྣམས་ཀྱང་བཀྲམ་འདུག །དེར་བག་ཆགས་ཤིག་ཀྱང་སད་རྒྱུ་བྱུང༌། མཁའ་སྤྱོད་རྩེ་མོར་ཕྱིན་པས། རྡོའི་མཎྜལ་སོགས་མཆོད་ཆས་རྣམས་ངོ་ཤེས་ཤིང༌། རྣལ་འབྱོར་མའི་བྲིས་སྐུ་རྣམས་མཐོང་བས་རྐྱེན་བྱས་ཏེ། ༀ་གསུམ་མ་མ་བསླབས་པར་བློ་ལ་ཤར།
དེའི་སང་ཉིན་ཆོས་ལུང་བྱང་རྩེར་བརྟོལ་ཏེ། མཆོད་ཁང་རྩེར་ཕྱིན་དུས་འཇིགས་བྱེད་ཀྱི་ཞལ་འབག་སོགས་རྩད་གཅོད་བྱས་ཤིང༌། དགེ་སློང་རྣམ་གྲོལ་ལ་ཞང་འཁྲུལ་ཞིག་གི་ཐུགས་དམ་དགྲ་ནག་གི་སྐུ་སོགས་རྩད་གཅོད་བྱས་པས། དགེ་སློང་པས་མཆི་མ་བཏང༌། སྔགས་སྐུ་སྔར་མ་མཐོང་བར་ཕལ་ཆེར་ཡང་ངོ་ཤེས་པ་རྫུན་མེད་དཔང་པོ་ཅན་ཡིན་ནོ། །{ཞབས་དྲུང་སྟོབས་དྲུང་ཤིན་ཏུ་དགྱེས་ཤིང་། ཐུགས་ཧ་ལས་ལས་མཛད་ཀྱིན་འདུག །དེ་ནས་བཟུང་དངོས་ལ་མི་ཕྱེད་པའི་དད་པ་རང་གནང་ངོ་། །}
གང་གི་རིགས་དག་སད་གྱུར་པ། །
དེ་ལ་དེ་ཡི་ཕུན་ཚོགས་འབྱུང༌། །
ཡོངས་སྨིན་པདྨའི་གེ་སར་རྣམས། །
ཉིན་བྱེད་ཤར་ན་ལྷག་པར་རྒྱས། །
{ཞེས་པ་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་རིགས་སད་པ་དེ་ཡང་དག་པའི་བཤེས་གཉེན་དམ་པས་སོས་བཏབས་པ་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །}