དྲུག་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
{དེའི་ཚེས་བརྒྱད་ཀྱི་ནུབ། དཔོན་པ་ཡེ་ཤེས་དཔལ་སྒྲོན་དྲུང་གིས། ཆོས་ཐུགས་ནས་དྲན་པ་རང་མ་ཡིན་ཀྱང་། མཆོད་ཁང་རྩེར་དབུ་སྐྲ་ཅོབ(ཅོ)བྲེགས་སུ་མཛད་ཚུལ་ཏེ། ཚེ་དབང་དོན་གྲུབ་པའི་དྲུང་དང་མཆེད་གྲོགས་དཔལ་ལྡིང་པ་དང་། རྗེ་དྲུང་རིན་པོ་ཆེ་སོགས་ཀྱི་དགོངས་པར་ཡང་མ་ཆུད་པའི། ཐུགས་དམ་དཀྲོག་པ་ཙམ་བྱུང་། དེ་མིན་ཕྱི་ནང་གི་ཉེར་འཚེ་གང་ཡང་མེད།}
ཚེས་བཅུ་སྐོར་ལ་བསྟན་འཛིན་རིན་པོ་ཆེ{དྲུང}ཡང་དཔོན་སློབ་ཟབ་རྒྱས་སུ་བྱས་ནས་ཕེབས། ལེགས་ཇ་གཟབ་མར་གནང་ཞིང་སྒྲ་མི་སྙན་གྱི་ཚེ་དཔག་མེད་ཀྱི་སྒོམ་ལུང{དང་ཚེ་དབང་བརྒྱ་ཚར་སོགས་ཀྱང}ཞུས། {ཞག་ལྔ་ཙམ་བཞུགས།}
དེ་ནས་མི་རིང་བར་སྟག་ལུང་རིན་པོ་ཆེ་དཔོན་སློབ་རྣམས་ཀྱང{རིམ་པའི་འགྲོ་དོན་རྒྱ་ཆེར་སྤྱོད་པ་དང་བཅས}ཤར་ཕྱོགས་སུ་ཕེབས{སྒོ་ཤར}། {དངོས(ངོས)ཀྱིས་ཀྱང་རབ་ཏུ་དང་བ་དང་འདུན་པའི་ཡིད་ཀྱི(ཀྱིས)གསོལ་བ་བཏབ།} འདི་སྐབས་ཐམས་ཅད་དུ་འཇམ་དབྱངས་ཀུན་དགའི་མཚན་ཅན་ལ། ས་སྐྱ་གོང་མ་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ་གྱི་ལུང་ཞུ་བའི་སྐབས་ཡིན།
རྗེ་བཙུན་གྲུབ་པའི་དབང་ཕྱུག་གི་དྲུང་དུ་ཡང༌། འདི་རེས་ཕེབས་འཕྲལ་ནས་རས་ཆུང་སྙན་བརྒྱུད་ཀྱི་སྨིན་གྲོལ་ཡོངས་སུ་རྫོགས་པར་ཞུས་ཤིང༌། དཔལ་སྟག་ལུང་རིན་པོ་ཆེ་བཞུགས་སྐབས་ཡང(ཀྱང)། ཆོས་དྲུག་སྲས་མཁར་མའི་ཆོས་ཐུན་ཆག་མེད་རེ་དང༌། སྐབས་འདིར་རྒྱ་གར་གསང་སྤྱོད་ཡོངས་སུ་རྫོགས་པར་ཐོབ།
དེ་མཚམས་འཚེད་ནས་སྤྱན་འདྲེན་གནང་བ་ལྟར་དགོངས་བཞེད་བཞིན་འཚེད་དུ་ཕེབས། སླར་ཡང་ཆོས་ལུང་དུ་ཞག་ཤས་བཞུགས་སྐབས། བདེ་མཆོག་བོང་ཞལ་ཅན་གྱི་དབང་ཞིག་ཞུས་པའི་དངོས་གཞི་ཡེ་ཤེས་འབེབས་པའི་སྐབས། ལུས་ལ་བདེ་ཉམས་དཔག་ཏུ་མེད་པ་ཞིག་བྱུང་ཞིང༌། དབང་ཐོབ་ནས་ཀྱང་ལུས་འགུལ་མི་ཤེས་པ་འདྲ་བ་ཞིག་བྱུང༌། དེ་ནུབ་རྨི་ལམ་དུ་ཆུ་ཆེན་པོ་ཞིག་ལ་མི་མང་པོ་དང་ལྷན་ཅིག་གྲུ་བརྒལ་ཏེ། པོ་ཊ་ལར་འགྲོ་རྒྱུ་ཡིན་ཟེར་བ་ཞིག་བྱུང༌། གཞན་ཡང{ཚེ་དབང་གོང་ཁུག་མ།} ཚེ་རིང་མཆེད་ལྔའི་བཀའ་གཏད{དང་བཅས་པ}སོགས{ཆོས་ཕྲན}མང་པོ་ཐོབ།
དེ་ནས་ཀྱང་ལུག་ལོའི་དུས་ཆེན་མ་ཚུགས་ཀྱི་བར་ལ། བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་དྲུང་དུ་གསོལ་བ་ཐོན་ནས། ཉི་མ་ནུབ་ཀྱི་བར་བཀའ་ཆོས་ཁོ་ནས་དུས་འདའ་བའི་ཆོས་ཐོབ་ཤིན་ཏུ་ཆེ་བ་དང༌། སྔ་དྲོ་རེ་བཞིན་སྡོམ་གསུམ་རབ་དབྱེའི་དཔེ་རྒྱུགས་རེ་བྱང་བར་བཟུང༌། ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་སྐོར་ལ་མཁས་པའི་གཙུག་རྒྱན་སློབ་དཔོན་རིན་པོ་ཆེ་ཡང་ཕེབས་བྱུང༌།
ལུག་ལོའི་དུས་ཆེན་ལ་མཆོད་ཁང་རྩེར་བླ་མ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་གནང་ཤིང(ཞིང)། འདུ་ཁང་གི་ཚོགས་དབུ་ལ་དངོས(ངོས)ཀྱིས་ཕྱིན། བླ་མ་དམ་པ་དཔོན་སློབ་དུས་ཆེན་གྲོལ་ནས་ཀྱང་ཟླ་གཅིག་སྐོར་བཞུགས་པ་གནང་སྐབས། ས་པཎ་གྱི་བཀའ་འབུམ་གྱི་ལུང་དང༌། གཞན་ཡང་ཆོས་ཐོབ་ཤིན་ཏུ་ཆེ་བར་བྱུང༌། ཀཱ་རི་ཀཱ་ལྔ་བཅུ་པ་དང་བཤེས་སྤྲིངས་སོགས་བློ་འཛིན་བྱས་ཤིང༌། སློབ་དཔོན་དམ་པས་ཞིབ་བཤད་གནང་བས། རང་རེས་ཀྱང་དབུ་ཞབས་མེད་པར་འབྲུ་ནོན་པ་ཙམ་བྱུང༌།
རྟགས་རིགས་དང་བློ་རིགས་ཞིབ་རྒྱས་སུ་ཞལ་ངག་ནས་བཟུང༌། དེ་སྐབས་ཆོས་ལུང་གི་དཀར་མེའི་རུ་བ་ཁྲི་ཚང་བས་བདས། རྨི་ལམ་དུ་འཚུབ་འགྱུར་དཔེ་མེད་བྱུང༌། དེ་འཕྲལ་རང་ནས་རྟགས་རིམ་པར་བསྟན་པ་ཡིན།
དངོས(ངོས)ལ་རྟ་ལོའི་སྐེད་ཙམ་མན་ཆད་ནས་ཆོས་ལུང་དུ་བག་མི་ཕེབས་པའི་སྣང་བ་ཤ་སྟག་དང༌། ཆོས་ལུང་ཉིད་དུའང་ཁ་མཆུ་སོགས{ཟིར་བུན་གྱི་སྒོ}ཅི་རིགས་པ་བྱུང་ཞིང༌། ཁྱད་པར་དེ་སྐབས་སུ་དམིགས་ལྟས་རྩུབ་ཅིང་། མི་བསྲུན་པ་བརྒྱུད་མར་བྱུང༌། དངོས(ངོས)ཀྱི་ལག་ན་དྲག་དྲག་ཡོད་པ་ཀུན་གཅིག་ཀྱང་མ་ལུས་པར་གཙང་གི་གྲྭ་ས་དང་། སྡེ་དགོན་རིས་མེད་དུ་ཚོགས་གསོག་སྤོང་ཐག་ཏུ་བཏང༌། ད་བསམས་དུས་བདག་འཛིན་བློས་མ་ཐོངས་པའི་དགེ་བ་དེ་ཡང་ཨ་རེ་རེ་ལ་མི་གདའ་སྙམ་མོ། །
དེ་སྐབས་ཁྲི་ཁང་ནས་སྡེ་པ་གྲྭ་ལྔའི་དྲུང་གི་འབོད་མི་བྱུང་བ་ལྟར་འགྲོ་བའི་རྩིས་བྱས། སྨོན་གྲོར་ཞག་བཅུ་ཙམ་ཞིག་བསྡད་སྐབས་གྲིབ་ཆམ་ཞིག་གིས་བཏབ། སླར་ཡང་ཆོས་ལུང་དུ་ཡུད་ཙམ་ཕྱིན་སྐབས་ཆམ་པ་ཤིན་ཏུ་ན་བ་ཞིག་བྱུང༌། མར་ལམ་སྨོན་གྲོ་བ་ཞལ་ངོ་རྣམས་དང་བསྡེབས་ཏེ་ཇོ་ནང་དུ་འོངས། {དཔོན་སའི་དྲུང་ཆོས་རང་མཛད་གསུང་། རྗེ་དྲུང་རིན་པོ་ཆེའི་ཐུགས་དཀྲུགས། སློབ་དཔོན་རིན་པོ་ཆེ་སོགས་ཀྱིས་གང་ལགས་ཞུ་བ་གནང་།}
སྨོན་གྲོ་དཔོན་སའི{དྲུང་གི་ཡང}ཆོས་གཟུགས་མཛད། ངེད་ལ་མིང་ཞུ་བར{བྱོན}བྱུང་བ། ཀྱལ་ཀའི་ཚུལ་དུ་འཇིག་རྟེན་མ་ནུས་པའི་ཁར་ཆོས་ཀྱང་མ་ནུས་པ་ཞིག་འོང༌། ཀུན་དགའ་མ་ནུས་བཏགས་ན་ཡོང་བ་འདྲ་བྱས{ཞུས}། ཕྱིས་ལོ་གང་ཡང་མ་འགོར་བར་དེ་ཀ་རང་བྱུང་བ་དེ་ཡིན།
དེ་ནས{རིམ་པས}སྣར་ཐང་སོགས་བརྒྱུད་ནས་ཚོང་འདུས་སུ་འབྱོར། ཞག་གསུམ་ཙམ་སྐྱེད་ཚལ་དུ་བསྡད། ཕ་ཇོ་ཡང་འབྲང་ནས་ཕེབས་བྱུང༌། མེས་པོ་རིན་པོ་ཆེ་ཆོས་དབྱིངས་སུ་གཤེགས་པའི་སྐད་ཆ་ཡང་གོ །དགོངས་རྫོགས་སོགས་ཀྱང་གྲུབ་པར་གདའ།
དེ་སྐབས་རྫས་རྣམས་ཐམས་ཅད་སྤོང་ཐག་ཏུ་བཏང་ཟིན། འཕྲལ་གྱི་འཚོ་བའང་བྱ་ཚོལ(འཚོལ)བྱི་ཚོལ(འཚོལ)ལས་རང་དབང་ཐོབ་པ་ཅང་མེད་ནའང༌། འཕྲལ་ཆས་ཡོན་བདག་དད་པ་ཅན་ལ་བརྟེན་པས་ཆོག་པ་བྱུང་བས། རྩོལ་སྒྲུབ་ཕྲན་བུ་འདྲ་བྱས་ནས། ཞ་ལུ་སྣར་ཐང་གཉིས་སུ་མང་ཇ་འགྱེད་བཅས་ཙམ་དང༌། ཐང་ཁ་གསུམ་ཙམ་ཞིག་བཞེངས་ནས། མེས་པོ་རིན་པོ་ཆེའི་དགོངས་པ་རྫོགས་པར་སྨོན་ལམ་བཏབ།
དེ་སྐབས་སོས་ལ་དབྱར་བཏགས་པ་ཟླ་བ་ལྔའི་བར་དུ{ཁྲི་ཁང་གི}ཆོས་རྒྱལ་ཕོ་བྲང་དུ་བསྡད། ཤིན་ཏུ་སྐྱིད་ཅིང་སློབ་གཉེར་འཕེལ་བར་བྱུང༌། དེ་བར་དུ་སྔ་དྲོ་རེ་བཞིན་ཞོགས་རྒྱུགས་ཅུང་ཟད་རེ་མ་ཆག་པར་བཟུང་བས། མངོན་པ་མཛོད་དང་སྤྱོད་འཇུག་གི་གཞུང་རྫོགས་པར་ཟིན། རྟོག་གེ་སྙིང་པོའི་བར་བར་དུ་མཐའ་གཅོད་ཀྱི་སྤྱི་དོན་དང་ཐལ་ངག་ཉེར་མཁོས་བརྒྱན་པ། སློབ་དཔོན་མཁས་པའི་གསུང་རྒྱུན་ལས་བཟུང༌། དགོངས་རེ་བཞིན་བློ་གསལ་འགའ་རེ་དང་བསྒྲོ(བགྲོ)གླེང་ཡུན་རིང་རབ་རེ་མ་ཆག་པར་བྱས་ཤིང༌། བར་བར་དུ་སྤྱོད་འཇུག་ལ་གོ་བཤད{ཀྱང}ཞུས་པ་ཡང་། མགོ་ཞབས་ཚར་གྱིས་ཡོངས་སུ་རྫོགས་པར་སོང༌།
ཤེས་རབ་ལེའུ་ལ{ཐོར་བུ་ཐོར་བུ་མ་གཏོགས།} གོ་བ་ཇི་བཞིན་རང་ཞིག་དེ་དུས་མ་ཆགས། དེ་མིན་ཚིག་ཐམས་ཅད་ལ་གོ་བཤད་ཀྱང་ཕེར་བ་བྱུང་ནས། སློབ་དཔོན་རིན་པོ་ཆེས་མ་གསན་པར་ལྐོག་ཏུ་གཞན་ལ་རྫོགས་པར་བཤད། བཟོད་པའི་ལེའུ་དང་བསམ་གཏན་གྱི་ལེའུའི་སྐབས་ཀྱི་བཟོད་པ་སྒོམ་པ་དང་། བདག་གཞན་བརྗེ་བ་སྒོམ་ཚུལ་རིགས་པས་དཔྱད་པ་མང་པོ་འདུག་པ་དེ་ཀུན་ལ་ཡ་མཚན་ཆེར་སྐྱེ་བར་བྱུང༌། སྤྱོད་འཇུག་འཛིན་སྐབས་རྨི་ལམ་ཀྱང(ཡང)བཟང༌།
འདི་སྐབས་ནས་གཟུང་དཔེ་འཛིན་གྱི་ཁ་ཡང་སྔ་མ་ལས་གསུམ་འགྱུར་ཙམ་གྱི(གྱིས)ཆེ་བར་སོང༌། ཉིན་རེ་བཞིན་དུ་གཞུང་འཛིན་དཔེ་རྒྱུགས་དང་། གསུང་ངག་ནས་བཟུང་བ་སོགས་ཉིན་རྒྱུགས་མང་རབ་རེ་ཡོང་གིན་འདུག་པས། བཤར་སྦྱང་རེམ་པར་བྱས། འདིར་སྡོད་རིན(རིང)མངོན་རྟོགས་རྒྱན་ཡང་གསུང་སྤོར་གྱི་ངང་ནས་བློ་ལ་ཆུད། མཛོད་ཀྱི་འཇིག་རྟེན་བསྟན་པ་དང་ལས་བསྟན་པ་གཉིས་འབྲུ་བཤད་ཐུབ་པ་བྱུང༌།
ཕྱིས་བྱུང་རང་བླ་མ་ལ་ལ་གསུང་ལུགས་རང་གི་ཡོན་ཏན་ལ་ཟད་རྒྱུ་མེད་པར་ཁས་ལེན། ལས(ལ)ལས་ཞོགས་རྒྱུགས་རེ་རེར་ཤླཽ་ཀ་ལྔ་བརྒྱ་ཟིན། ཞོགས་རྒྱུགས་རེ་ལ་འཇུག་པའི་གཞུང་ཟིན་ཟེར་བ་ཡོང་འདུག །ང་ནི་དེ་འདྲའི་རིགས་ཡེ་མིན། སྒོ་དོག་པོ་གཅིག་ཀ་ཡིན། གང་ཟིན་དེ་ལ་གོ་བློ་རང་བཟང་རབ་བདོག །རྗེ་གྲོལ་མཆོག་ནི་ཐུགས་རྩོལ་ཆེ་བ་རང་ཡིན་པར་འདུག །ང་ནི་ལེ་ལོ་དང་སྙོམས་ལས་ཀྱི་མངའ་བདག་རང་ཡིན་ནོ། །དེ་དང་མཐུན་པར་སྙིང་ཐག་ཀྱང་ཤིན་ཏུ་རིང་བ་གཅིག་ལགས་པ། རེ་ཆེན་པོ་མ་མཛད་ཅིག །
དེ་སྐབས་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་སྤ་མནམ(པ་སྣམ)ལྷུན་གྲུབ་རྩེར་ཕྱིན་ཞིང༌། སྡེ་བ་གྲྭ་ལྔའི་དྲུང་སོགས་ཞལ་ངོ་ཐམས་ཅད་དང་མཇལ། ཞག་གསུམ་ཙམ་བསྡད། ས་ནྱ་ཤི་མང་པོ་དང་རྒྱ་གར་གྱི་གླེང་སློང་མང་པོ་བྱུང༌།
དེ་ནས་བསམ་སྡིངས་སུ་ཕྱིན། ཞག་གསུམ་ངལ་གསོ་བྱས། ཉིན་གཅིག་ཇོ་མོ་སྨན་གཅིག་ཕུར་ཐང་གི་རྩེ་ལ་རི་ལྟས་ལ་ཕྱིན། {རི་རྩེ་དེ་ཉིད}ཕྱོགས་ཐམས་ཅད་མཐོང་གསལ་ཆེ་ཞིང་ཉམས་དགའ་བ་ཞིག་འདུག་པས། དེས(དེའི)རྐྱེན་དུ་གྱུར་ཏེ་ཕྱི་ནང་གི་སྣང་བ་ཐམས་ཅད་ཡུལ་ཡུལ་བ་ཞིག་གི་ངང་ནས་ངོས་གཟུང་དང་བྲལ་བའི་རྗེན་ལྷག་གེ་བ་ཞིག་བྱུང་སྟེ། དེ་སྐབས་ངོ་མ་ཤེས།
དེ་ནས་ཟླ་བ་གཅིག་མཚམས་དམ་པར་བཅད་དེ། གཉན་སྒྲོལ་ཡན་ལག་དྲུག་པའི་མངོན་རྟོགས་ཀྱི་སྟེང་ནས་སྒྲོལ་མའི་བསྙེན་པ་བསྐྱལ། རྨི་ལམ་དུ་ཁྲོན་པ་ཆུང་ངུ་གཏིང་ཟབ་པ་ཞིག་གི་ཁ་ན་འདུག་པ། ཁྲོན་པའི་གཏིང་ནས་ཆུ་ཆེན་པོ་གྱེན་དུ་བརྡོལ་ཏེ། ལུང་བ་ཐམས་ཅད་མཚོ་ཆེན་པོ་ཞིག་ཏུ་མེར་གྱིས་སོང༌། མཚོ་དེའི་དབུས་ན་མེ་ཏོག་ཤིན་ཏུ་ཆེ་བ་སེར་པོ་དང་། སྔོན་པོ་ཤས་ཆེ་བ་འདུག །དེ་མཚམས་ནས་རྨི་ལམ་ཡང་ཟིན་ཅིང༌། སྣང་བ་དེ་ལ་ཡུན་རིང་དུ་བལྟ(ལྟ)རྟོག་བྱས།
ཡང་ལན་གཅིག །ལུང་པ་གཅིག་ན་ས་རྡོ་རི་ཀླུང་མེད་པ། གཡུ་ལས་གྲུབ་པ་འདྲ་བ་ཞིག་ལ་ནགས་ཆེན་པོས་ཁྱབ་པ། བྲག་ཕུག་ཀྱང་མང་དུ་འདུག་པ་ཞིག་ལ། བྲག་ཕུག་ཐམས་ཅད་ན་གསུང་རབ་གསེར་མ་རེ་འདུག །དེ་རྣམས་ཞལ་ཕྱེ་ཞིང་བལྟས་པ་ཐམས་ཅད་ན་སྒྲོལ་མའི་སྔགས་འབའ་ཞིག་བྲིས་འདུག །ས་ཕྱོགས་འདི་ཡང་གཡུ་ལོ་བཀོད་པའི་ཞིང་ཡིན་སྙམ་པ་དང༌། ནམ་མཁའ་ཐམས་ཅད་འཇའ་ཚོན་དཀྲུག་དཀྲུག་པ་དང་། རོལ་མོའི་སྒྲ་ཆེན་པོ་གྲག་ཅིང་། མེ་ཏོག་སྡེར་མ་ཙམ་གྱི་ཆར་འབབ་ཀྱིན་འདུག་པས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ནམ་མཁའི་མཐོང་ན་བཞུགས་ངེས་སྙམ་པའི་མོས་གུས་ཆེན་པོ་བྱེད་ཀྱིན་འདུག །དེ་ནས་མི་གཅིག་ན་རེ་ས་ཆ་འདི{སྒྲོལ་མའི་གནས་ཆེན་ཡིན།} རྒྱ་ནག་གི་ཤར་ན་ཡོད་ཟེར་བས་རྐྱེན་བྱས་ཏེ། ཁ་སང་རང་བསམ་སྡིངས་ན་ཡོད་པ་ཡིན་པ་ལ། འདི་རྨི་ལམ་དུ་འདུག་སྙམ་པ་དང༌། དེ་ཐམས་ཅད་ཡུལ(ཡུན)གྱིས་ཡལ་ནས་སོང༌།
དེ་ནས་མཚམས་གྲོལ་ནས་བཀྲ་ཤིས་རྫོང་ཁར་ཕྱིན། དཔེ་མཚམས་ཀྱི་ཚུལ་དུ་ཟླ་གཅིག་བསྡད། ཞོགས་རྒྱུགས་ལ་དབུ་མ་འཇུག་པ་བཟུང་ཞིང༌། གྲོ་ཐོན་ནས་ཚད་མའི་སྤྱི་དོན་གྱི་འཕྲོས་ནས་ངག་སློབ་ཏུ་ཞུས་ཤིང༌། དགོང་ཇ་ནས་སྲོད་ལ་ཐུག་གི་བར་ཤེར་སྙིང་དང་སྒྲོལ་མ་སོགས་ཁ་འདོན་ཅི་སྨར་བྱས། རྨི་ལམ་གྱི་ལྟས་ཁ་ཅིག་བྱུང༌།
སྔ་སོར་རྟ་ལོའི་ནང་དུ་ཆོས་ལུང་གི་གཉེར་ལ་ཀུན་ཆོས་པ་དང་། སྨོན་གྲོ་ནས་དཔོན་སའི་དྲུང་གིས(གི)གྲོས་སྟེང་ནས། ངེད་ཀྱི་ལག་གཡོག་སྙན་གྲགས་པ་བསྐོས་པ་ཡིན་ནའང༌། བསམ་སྡིངས་ནས་མཆེད་གྲོགས་དཔལ་སྡིངས་པ་མྱུར་ཤད་སྟོད་ཕྱོགས་ལ་སོང༌། སྨོན་གྲོར་ཕྱིན་རྒྱང་ཙམ་སོང་སྐབས། མཆེད་གྲོགས་པ་དང་ཚེ་དབང་དོན་གྲུབ་པ་གྲོས་ཀྱི་སྟེང་ནས་སྙན་གྲགས་གཉེར་ཚང་དང་ཆོས་གྲ(གྲྭ)སོགས་ན་ཡོད་ན། དགོན་པ་ལ་རྩིས་མེད་ཀྱི་ལག་ཐལ་དུ་གཏོང་རྒྱུ་ཡིན་པ་འདུག་ནའང་། སྒྲུབ་སྡེའི་འདུ་ཁང་དུ་ཚེས་ལྔ་སྒྲུབ་མཆོད་ཀྱི་སར་བྲོས་ཐར། ཀུན་ཆོས་པ་ལའང་སྐྱོན་དེ་འདྲ་ཡོང་གྲབས་བྱུང༌།
དེ་ཀའི་གནས་ཚུལ་ཚོར་བ་ལ་བརྟེན་ནས། ཆོས་དབང་པ་དང་ཚོང་འདུས་ནས་མི་སྣ་འཚོ་བྱེད་ལྷས་བྱིན་དང་བཅས་ཆོས་ལུང་གི་གཉེར་གྱི་སར་བཏང་ཞིང༌། དེ་ལོའི་སྟོན་སྡུད་སྐབས། སྨོན་གྲོ་ནས་ཀྱང་མཛད་སྒོ་ངན་པ་ཅི་རིགས་པ་དང༌། མཆེད་གྲོགས་དཔལ་བས་ངན་སྨྲ་མང་པོ་དང༌། ཆོས་ལུང་བཀྲ་ཤིས་པས་ཀྱང་སྨོན་གྲོའི་རྒྱབ་སྐྱོར་བའི{སྡེ་ཚོ་ལ་སྤྱན་ལམ་དུ་མི་བདེ་བའི}བཀའ་བཀྱོན་འཆེ(མཆེ)བ་གཙིགས་གཙིགས་པ་འདུག་ཙ་ན། ཟླ་བ་གཉིས་གསུམ་ནས་ཁོང་རང་འུར་སོང༌།
དེ་ནས་སླར་ཡང་བསམ་སྡིངས་སུ་ཁོར་གཅིག་ཕྱིན། དེ་སྐབས་བདག་སློབ་དཔོན་རིན་པོ་ཆེས་སྒྲུབ་གནས་བསམ་སྡིངས་ཀྱི་ཁྲི་ཐོག་ཏུ་བཞག །
དེ་ནས་མཁན་རིན་པོ་ཆེའི་བཀའ་བཀོད་ལྟར་དཔལ་འཁོར་བདེ་ཆེན་དུ་འབྱོར། ཞག་ཤས་སྐུ་གཞོགས་སུ་ངལ་གསོས{ཤིང་ཡིད་བདེ་བར་ཐོབ}། སྨོན་གྲོ་ནམ་མཁའ་རིན་པོ་ཆེར་ཡང་ཅི་རིགས་ཞུས་པའི་ཀུན་ཆོས་པ་ཟུར་དུ་འཇོག་དགོས་ཚུལ་གྱི་བཀའ་ནན་ཕེབས་པ་ལྟར་འཇོག་དགོས་བྱུང༌། དངོས(ངོས)ཀྱིས་རྩེ་རྒྱལ་དུ་ཟླ་གཅིག་ཞག་ཉི་ཤུ་ཙམ་བསྡད། སྔར་གྱི་དཔེ་ཆ་རྣམས་སྐྱོར་སྦྱང་ཙམ་མ་གཏོགས། དེ་བར་དུ་སློབ་གཉེར་འདི་ཡིན་རང་ཞིག་མ་བྱུང༌།
ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ(ལྔའི)བསྐོར(སྐོར)ལ། སླར་ཡང་ཆོས་སྡེའི་བླ་བྲང་དཀར་པོར་བཀའ་དྲིན་མཚུངས་པ་མེད་པའི་མཁན་རིན་པོ་ཆེ་ཉིད་ཀྱི་ཞབས་འབྲིང་དུ་འབྱོར། བློ་སྦྱོང་དོན་བདུན་མའི་ཁྲིད་དང༌། སྐྱེས་བུ་གསུམ་གྱི་ལམ་རིམ་ཞིབ་རྒྱས་སྩལ(བསྩལ)། བློ་སྦྱོང་དང་ལམ་རིམ་གྱི་ཡིག་ལུང་མང་པོ་དང༌། རྒྱལ་སྲས་བཀའ་འབུམ། མི་ཏྲ་ཁྲིད་དྲུག །སྒྲོལ་མ་ཉེར་གཅིག་ཇོ་བོ(བོའི)ལུགས། རྗེས་གནང་ཟུར་བཀའ་ཤིན་ཏུ་རྣམ་གྲངས་མང་བ། མན་ངག་ཁྲོ་ཕུ་རྒྱ་རྫ་མ། བརྒྱད་སྟོང་པ་དང་ཤེར་ཕྱིན་གྱི་མདོ་ཕྲན་རྣམས་དང༌། སྙིང་པོའི་མདོ་བཅུ་སོགས་ཀྱི་ལུང༌། གཞན་ཡང་རྡོ་རྗེ་འཇིགས་བྱེད་སྐོར་སོགས་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བ་དང་བཅས་པ་ཐོབ་ཅིང༌། འདིར་སྡོད་རིང་ཞོགས་རྒྱུགས་ལ་རྣམ་འགྲེལ་ལེའུ་དང་པོ་ཡོངས་རྫོགས། དགོངས(དགོང)མོ་ཐེག་པ་ཆེན་པོ་རྒྱུད་བླ་མའི་འཕྲིན་ལས་ཀྱི་ཕྱེད་ཙམ་ཡན་ཟིན་ཅིང༌། ཕར་ཕྱིན་གྱི་སྤྱི་དོན་ཐལ་ངག་སོགས་གསུང་ལས་ཐུན་ཆེ་རབ་རེ་མ་ཆག་པར་བཟུང་། ཉིན་གུང་མཁན་རིན་པོ་ཆེའི་སྐུ་གཞོགས་སུ་དམ་བཅའ་སྒྲོ(བགྲོ)གླེང་རེ་མ་ཆག་པ་དང༌། ནུབ་མོ་ཡང་བསྒྲོ(བགྲོ)གླེང་རྒྱང་ཙམ་རེ་ཆག་མེད་བྱས། གཞུང་དོན་ལ་བློ་བསྐྱེད་ཀྱང་ཆེ་བར་བྱུང༌།
སྤྲེའུ་ལོ་དེ་ཉིད་ཀྱི་ས་ག་ཟླ་བའི་ནང་དུ། དགེ་ཚ་སོགས་ཀྱི་ཐུགས་བྲེལ་ལ་བརྟེན་པའི་ཆོས་ཐོབ་སོགས་མི་ཡོང་བ་འདུག་པས། ཚེས་ལྔ་ནས་གཟིམས་ཁང་མཁའ་སྤྱོད་དུ་སྐྱས(བསྐྱལ)། ཚེས་བརྒྱད་ནས་མཚམས་བསྡམས་ཏེ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་ལ་ཞུགས། ཟླ་བ་གཅིག་ཙམ་ནས་སྡེ་གསར(གཟར)གྱི་ཟིར་བུན་ལངས་པས། སློབ་དཔོན་རིན་པོ་ཆེའི་དྲུང་བསམ་སྡིངས་ཕྱོགས་སུ་ཕེབས་སོང་ཞིང༌། དངོས(ངོས)ཀྱིས་བསྙེན་པའི་འཕྲོ་བསྐྱངས།
ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་མཚམས་གྲོལ། བཅུ་གསུམ་ལ་མཁར་ཁ་རྫོང་དུ་ཕྱིན། ཟླ་བ་གཉིས་ཙམ་ཞབས་འབྲིང་དུ་བསྡད། དེར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྒྲོད(བགྲོད)པ་གཅིག་བུའི(པུའི)ལམ། ཟབ་ལམ་ཐམས་ཅད་ཀྱི་རྒྱལ་པོ། ངེས་དོན་མཐར་ཐུག་ལས་ཀྱང་ཤིན་ཏུ་མཐར་ཐུག་པ། ཟབ་ལམ་རྡོ་རྗེའི(རྣལ)འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཐོབ་སྟེ། དེ་ཡང་ཇོ་ནང་ལུགས་ལ་ཁྲིད་དམིགས་ཞིབ་རྒྱས་སུ་སྩལ(བསྩལ)།
སྔོན་འགྲོའི་དམ་པོ་གྲོལ་ཉིན་མཆོག་དབང་གནང་ཟིན་ཙམ་ན། ནང་རོལ་ལུང་པའི་མི་རྣམས་ངེད་ལ་མ་ཎིའི་ལུང་ཞུ་བ་ལ་བྱུང༌། བཀའ་ལས་སྦྱོར་དྲུག་གི་འགྲོ་དོན་ས་འུར་རྡོ་འུར་འོང(འོངས)པ་འདུག་གསུང(གསུངས)། སྔོན་འགྲོ་དངོས་གཞིའི་དམ་པོའི་སྐབས་རྣམས་ལུས་མཉེན་པས་ཟུག་གཟེར་ནི་ཆེར་མ་བྱུང༌། བར་བར་དུ་གཉིད་དུ་ཐོར་རེ་བ་སོང༌། ལུས་གནད་ལྟ་སྟངས་ཀྱི་བྱེད་བཅིངས་ཁོ་ནའི་མཐུ་ལས་རྟགས་སྣང་ཅི་རིགས་པ་ཤར།
ཇོ་ལུགས་ཀྱི་འཁྲིད་གྲོལ་ནས། བུ་ལུགས་ལ་མགྱོགས་འཁྲིད་དུ་གནང་བ་ཞག་པོ་བཅུ་བསྐོར(སྐོར)ལ་ཚར། ཇོ་ཞལ་བླ་མ་དམ་པ(པའི)ལུགས་ཀྱི་ཡིག་སྐོར་ཚང་མ་དང༌། རྒྱ་གཞུང་དང་ཡིག་རྙིང་ཕལ་ཆེར་དང{བགྲང་བ་ལས་འདས་པའི་ལུང་།} ངེས་དོན་རྒྱ་མཚོ་སོགས་ཀུན་མཁྱེན་ཆེན་པོའི་གསུང་མང་པོའི་ལུང༌། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་དང་ཁྲིད། རྒྱ་གཞུང་དང་ཡིག་རྙིང་སྐོར་པོ་ཏི་གཅིག །འཇམ་དབྱངས་རིན་རྒྱལ་བའི་ཡིག་སྐོར་གྱི་ལུང༌། གྲུབ་ཐོབ་ཆོས་དྲུག་མདོ་སྡེ་དཀོན་བརྩེགས་ཀྱི་ལུང་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བ་སོ་སོའི་འདོད་ཆོས་སུ་སྩལ(བསྩལ)བ་རྣམས་ཀྱང་ཐམས་ཅད་ཐོབ།
ཚེ་འདིར་ཉམས་ཁྲིད་ཐོབ་པའི་ཐོག་མ(མའི)སྦྱོར་དྲུག་ལགས་ཤིང༌། དམ་པོ་གྲོལ་ནས་མཁར་ཁར་སྡོད་རིང་དེ་ལ་རྒྱུད་བླའི་འཕྲོས་དང༌། རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་རྫོགས་པར་བཟུང༌། བཀའ་ཆོས་ཀྱི་བར་བར་བཞུགས་གྲལ་ཐམས་ཅད་དུ་ཕར་ཚད་གང་རིགས་རེ་ལ་བཤད་པ་དང༌། བགྲོས(བགྲོ)གླེང་ཡང་ཡང་བྱེད་དགོས{ཤིང}། དེ་མིན་མཁར་ཁར་སྡོད་རིང་དེ་སོར་སྡུད་དང་སྲོག་རྩོལ་ལ་སྒོམ་ཐུན་རེ་ཡང་བྱས། མདོ་ཕྱོགས་ཀྱི་དཔེ་ཆ་རྣམས་ནི་བཞག །བརྟགས་གཉིས་ལ་བློ་འགྲོ་བར་བྱུང༌། འགྲེལ་ཊཱིཀ་སོགས་ལྟ་རྟོག་ལྕོགས་པ་མེད་ནའང་། རྒྱུད་ཉིད་ལ་གོ་བ་ཅི་རིགས་པ་བློ་ལ་འཆར་ཐུབ་པ་ཙམ་བྱུང་ངོ༌། །
སྨྲས་པ།
གང་ཞིག་བདུད་རྩི་འཐུང་ལ་མངོན་དགའ་བ། །
དེ་དག་ངེས་པར་འཆི་མེད་གནས་སུ་འཇུག །
དབུལ་པོའི་ཁྱིམ་གནས་རིན་ཆེན་གཏེར་བརྙེད(རྙེད)དང༌། །
བཅུད་ལེན་དམ་པ་ཐོབ་འདི་ངོ་མཚར་རྨད། །
{ཅེས་པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་ཟབ་མོའི་དོན་ལ་ཐོག་མར་གཞོལ་བའི་སྐབས་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ། །}