Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

བདུན་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དེ་ནས་སླར་ཡང་ཕྱག་ཕྱིར{ཕྱིན་པས}། ཕུའི་ལ་ལ་བཅད་དེ་ཆོས་སྡེ་ཆེན་པོར་ཕེབས། སུ་ཁ་ཆོས་དྲུག །འབྲི་གུང་པའི་ཟབ་ཆོས་དགོངས་གཅིག །བསྟན་སྙིང་སོགས་དེར་ཡང{བཀའ}ཆོས་མང་པོ་ཐོབ། དེ་སྐབས་སློབ་དཔོན་རིན་པོ་ཆེ་ཡང་ཕེབས་བྱུང་ཞིང༌། བཀའ་ཕེབས་ལ་ཁ་སིང(སང)ནས་མཚན་ཉིད་ཀྱི་སློབ་གཉེར་འཕྲོ་བཅད་པ་མ་ལེགས། སྔར་གྱི་ཚོ་ལ་བརྗེད་གསོས་གྱིས་གསུང(གསུངས)། གཞུང་རྣམས་སྔར་བྱང་པོ་ཡོད་པས་བརྗེད་གསོས་ཆེར་དགོས་པ་མ་བྱུང༌། སྤྱི་དོན་བཤད་པ་སོགས་ལ་བརྗེད་གསོས་ཀྱང་བྱས།

དེ་ནས་ཧོར་ཟླ་བརྒྱད་པའི་ཉི་ཤུ་ལྔ་དྲུག་ཙམ་གྱི་ཚེ། མཁན་རིན་པོ་ཆེ་དཔོན་སློབ་རྣམས་གཞིས་ཀ་རིན་སྤུངས་པའི་དམག་སྒར་ཁྱུང་རྩེར་བརྟོལ་བ་ལ། ཆོས་སྡེ་ཆེན་པོའི་ཞུ་དོན་རྒྱ་ཆེ་བ་དང༌། མཇལ་འཕྲད་སོགས་ལ་ཕེབས་པ་གནང་སོང་ཞིང༌། ངེད་ཀྱིས་དེ་མཚམས་བླངས་པ་གསེར་གླིང་དུ་ཕྱིན། ཟླ་བ་ཕྱེད་གཉིས་ཙམ་བསྡད་པ། ཆོས་རྗེ་ཀུན་བཀྲས་པས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལ་བརྟེན་སྐྱིད་དུ་ཚོར་བ་བྱུང༌།

དེར་ཡང་སློབ་གཉེར་གྱི་ངོ་བོ་སྔར་གྱི་འཕྲོས་ལ། ཕར་ཚད་ཀྱི་ཊཱི་ཀ་སོ་སོ་ནས་གང་ལ་གང་འཚམས་སློབ་དཔོན་མཁས་པའི་ཞལ་ལས་བླངས་ཤིང༌། རྒྱུད་བླ་ལ་བཤད་པ་ཚར་གཅིག་གནང་བས། གཞུང་གི་འབྲུ་བཤད་ཕེར་བ་ཙམ་བྱུང༌། ཞོགས་རྒྱུགས་སུ་མདོ་སྡེ་བརྒྱན(རྒྱན)དང་འབྱེད་གཉིས་བྱང་བར་བཟུང༌། འདི་སྐབས་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་རྣམ་པ་ཤ་སྟག་ཡོང་བ་ཞིག་བྱུང༌།

ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་ཁྲོམ་དབང་ཞིག་དང་། དགོན་པའི་རྟེན་མཇལ་ཞིབ་པར་བྱས་ཤིང༌། ཁྱད་པར་དམ་པ་སངས་རྒྱས་ཀྱི་སྐུ་འདྲ་ཕྱག་གནས་མ་དེ་ལ་མོས་གུས་ཆེན་པོ་སྐྱེས་ཤིང་། གསོལ་བ་དྲག་ཏུ་བཏབ་པས། ཞལ་རས་ལ་ཟིལ་པ་ཁྲོམ་ཁྲོམ་བྱུང་བ་སོར་མོས་བླངས་ཏེ་མིད་པས། ལུས་སེམས་བདེ་ཆམ་མེ་བ་ལ། སྣང་བ་འགྱུར་བ་ཉི་མ་གཉིས་ཙམ་བྱུང༌། དེ་སྐབས་སྡོད་ཡུལ་གཟིམས་ཁང་ཆོས་འཁོར་དུ་གྲགས་པ་དེ་གནས་རེངས་ཀྱི་རྣམ་པས་ཤིན་ཏུ་འཚུབ་ཅིང་ཆོ་འཕྲུལ་ཆེ་བ་ཞིག་འདུག །

དེ་ནས་རྩེ་ཆེན་ནས་འབོད་མི་གནང་བ་དང་བསྟུན། ཟླ་བ་བཅུ་པའི་མཇུག་ཙམ་ལ་རྩེ་ཆེན་ཆོས་སྡེའི་བླ་བྲང་ཤར་དུ་སླེབ(སླེབས)། རྒྱུད་བླ་མའི་གཞུང་གི་འཕྲོས་དང༌། རྣམ་འགྲེལ་གྱི་ལེའུ་གཉིས་པ་དང་། བཞི་པ་དང་། གསུམ་པའི་གྲགས་ཆེ་ཆེ་རྣམས་འདིར་སྡོད་སྐབས་བཟུང་བ་ཡིན་ཞིང༌། ཊཱི་ཀའི་ཉེ་བར་མཁོ་མཁོ་ནས་ཀྱང་མང་དུ་བཟུང༌། བཀའ་ལས་ཀྱང་ཚད་མའི་དཔེ་ཆ་སྔར་ཡང་མང་དུ་སོང་། ད་དུང་འདི་ལེགས་པར་ཤེས་པ་རང་ཞིག་བྱེད་དགོས་ཕེབས་ཀྱིན་འདུག་ནའང༌། དེ་སྐབས་ཚད་མའི་ཆོས་སྐད་ལ་བློ་འགྲོ་བ་ཞིག་མ་བྱུང་བས། དཔེ་འཛིན་སོགས་དཀྱུས་ཐུན་བྱས་མོད་ཀྱི། ཚད་མ་ལ་ཆོས་སྐད་ལྷོངས་སུ་གྱུར་པ་མ་ཆགས། ཕྱིས་ཚད་མའི་དཔེ་ཆ་ལ་དཔེ་ཀློག་འདྲ་བྱེད་དགོས་བྱུང་བའི་ཚེ། སྔར་དང་མི་འདྲ་བ་གོ་བ་འཆར་འཆར་འདྲ་བ་ཡོང་གིན་འདུག་ནའང༌། ཆོས་བྱེད་ལུགས་ངེད་ཅག་གི་རིགས་འདི་ལ་དགོས་དོན་ཆུང་བར་ཤེས་ནས། རྩོལ་བ{གཅིག་ཀྱང}བྱེད་པ་མ་བྱུང་ངོ༌། །

སྤྱིར་ནས་བྱང་ཆུབ་སེམས་པ(དཔའ)མཆོག་ཤིང་རྟ་ཆེན་པོའི་རིང་ལུགས་ལ་འགངས་ཆུང་ཟེར་བ་ལྟ་ག་ལ་ཡིན། མཁས་མཆོག་ཐམས་ཅད་ཀྱི་འཇུག་ངོགས་ཡིན་པ་གཞིར་བཅས། དགུན་དེ་བླ་བྲང་ཤར་གྱི་དཔེ་ཆ་རྣམས་ལ་དཔེ་བལྟ་ཞིབ་མོར་བྱས། དེ་སྐབས་བླ་བྲང་ནའང་དཔེ་ཆ་ཤིན་ཏུ་མང་བར་འདུག་ཅིང༌། དཔེ་ཆ་ཀློགས(བཀླགས)པས་དོན་གོ་བས་བློ་བསྐྱེད་འཕྲལ་འཕྲལ་ཐོན་པ་རང་མ་བྱུང་ནའང༌། མདོ་སྔགས་ཀྱི་གཞུང་རྒྱ་བོད་ཀྱི་འགྲེལ་པ་ཡིག་ཆ་སོ་སོའི་འཇོགས་ཀྱི་ཡོང་ཐང་ལ། འདི་ལྟ་བུ་ཡོད་པར་འདུག་སྙམ་པའི་ཆོས་རྒྱུས་ལ་ཤིན་ཏུ་ཕན་པར་བྱུང༌།

བྱ་ལོའི་ཆོ་འཕྲུལ་ཀྱི་སྐབས། གསུང་རབ་དང་རྟེན་བཞེངས་གསར་པ་མཛད་པ་རྣམས་ལ། སློབ་དཔོན་རིན་པོ་ཆེས་རབ་ཏུ་གནས་པ་མཛད་པའི་ཕྱག་ཕྱིར་དཀྲིས་ཏེ། ངེད་རང་གིས་ཀྱང་ཆོ་ག་བྱས། ལན་གཅིག་པོ་དེ་ཁ་ལ་རབ་གནས་ཀྱི་ཕྱག་ལེན་ངེས་པར་བྱུང༌།

སྔ་སོར་སྤྱན་འདྲེན་བཏང་བ་ལྟར། དེའི་སང་ཉིན་བྲག་སྟོད་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཀྱང་ཕེབས། ཚེས་བཅུ་དགུ་ལ་སླར་ཡང་དཔོན་སློབ་ཐམས་ཅད་ལྷན་དུ་བླ་བྲང་ཤར་དུ་བྱོན། དེའི་སང་ཉིན{བདུན་ལུགས་ཀྱི}བསྲེ་འཕོའི་ཁྲིད་དང་། འབུམ་ནག་གི་ལུང་གི་དབུ་ཚུགས། ཟླ་བ་གཅིག་ལ་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པར་གནང༌།

བླ་མ་དམ་པ་ནི། ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དྲུང་གིས་ར་ལུང་དུ་ཁོར་ཙམ་སྤྱན་འདྲེན་གནང་སོང་ཞིང་། སླར་ཡང་རྩེ་ཆེན་དུ་ཕེབས་ནས། གྱི་ལྗང་ལུགས་མགོན་པོ་ལྷ་བཅུ་བདུན་མའི་དབང་དང༌། {བླ་མ}འགྲོ་མགོན་ཞང་གི་བཀའ་འབུམ་པོ་ཏི་དང་པོའི་ལུང་སོགས་སྩལ་ཞིང(བསྩལ་ཅིང)། ཧོར་ཟླ་གསུམ་པའི་ཚེས་གསུམ་གཟའ་སྐར་དགེ་བ་ལ། ངོས་ཅག་རྩེ་ཆེན་ཆོས་སྡེའི་ཁྲི་ཐོག་ཏུ་མངའ་གསོལ་བ། སྲས་ཡུམ་རྣམས་དང༌། རྒྱལ་རྩེ་ནས་ཡོན་མཆོད། ཕྱོགས་ཀྱི་དད་ཅན་སོ་སོ་ནས་ལེགས་ཇ་ཡང་མང་དག་བྱུང༌། འདི་ནས་བཟུང་ནས་མཐུན་རྐྱེན་ཡང་མ་ཕོངས་ཙམ་དང༌། ཁྱད་པར་ཇ་བསྐོལ་རྒྱུ་འབད་མེད་དུ་བྱུང༌།

དེ་ནས་ཚེས་བཅུ་ལ་འབྲོང་རྩེར་སླེབ(སླེབས)ཙམ་བྱས། སྟག་རྩེ་དང་ལྷུན་གྲུབ་རྩེར་ཁོར་ཙམ་ཕྱིན་ནས། དཔོན་སློབ་ཐམས་ཅད་རི་ཁྲོད་ཆེན་པོ་བསམ་སྡིངས་སུ་ཕྱག་ཕེབས། ཟླ་བ་གཉིས་ཙམ་གྱི་བར་དུ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོར། ཆོས་ཀྱི་སྒོ་བགྲང་བ་ལས་འདས་པ་ཐོབ་སྟེ། ཞང་འཚལ་པའི་ཆོས་སྐོར་ཐམས་ཅད་དང༌། {རྒྱལ་བ}ཡང་དགོན་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། རི་ཆོས་མ་དྲུག་གི་ཁྲིད། དྭགས་པོ་བཀའ་འབུམ། {རྒྱལ་དབང་བཀའ་འབུམ}སོགས་བཀའ་བརྒྱུད་ཀྱི་བླ་མ་སྔ་ཕྱིར་བྱོན་པའི་གསུང་རབ་ཤིན་ཏུ་མང་བ་དང༌། མཻ་ཏྲི་བཅུ་གསུམ་མའི་དབང༌། སངས་རྒྱས་ཐོད་པའི་དབང་སོགས་ཐོབ་ཅིང༌། ཨོ་རྒྱན་བསྙེན་སྒྲུབ་སྐོར་གྱི་ལུང་ཡོངས་སུ་རྫོགས་པ་དང༌། {འདི་ཉིད་ཀྱི}བཅུ་གསུམ་ཕག་མོའི་བྱིན་རླབས་སོགས་དཔག་ཏུ་མེད་པ་ཐོབ་ཅིང༌། ཆོས་བར་དུ་ཟབ་མོའི་ཆོས་ཀྱི་གླེང་སླང(བསླངས)ལས་རྩམས(བརྩམས)པའི་སྐུ་རྩེད་བཞད་གད་ཐེག་གེ་བ། ཉིན་མཚན་ཀུན་ཏུ་ཉམས་དགའ་ཡལ་ལེ་བས་འདའ་བ་བྱུང༌།

དེ་ནས་བཀྲ་ཤིས་རྫོང་ཁ་ནས{རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལ}སྤྱན་འདྲེན{དང་བདག་ལའང་ཕྱག་ཕྱིར་དཀྲིས་ནས་ཡོང་དགོས་ཚུལ་ཕེབས་པ}བཞིན་རྫོང་ཁར་ཕེབས། {ད(དེ)སྐབས}ཟླ་བ་གཉིས་ཙམ་བཞུགས། རྗེ་བཙུན་མར་པའི་ཐུགས་བཅུད་ཐུགས་སྲས་རྔོག་ལ་བཀའ་བབས་པའི་དགེས(དགྱེས)རྡོར་ཡབ་ཡུམ། གུར་རིགས་བསྡུས། གདན་བཞི་ཡབ་ཡུམ། མ་ཧཱ་མཱ་ཡ་སྟེ་དྲུག་དང་། སྨྲྀ་ཏི་ནས་བརྒྱུད་རྔོག་པ་ལ་བྱུང་བ་འཇམ་དཔལ་གསང་ལྡན་རྣམས་ཀྱི་དབང་བསྐུར་བ་དང༌། སོ་སོའི་རྒྱུད་འགྲེལ། རྒྱ་བོད་ཀྱི་ཡིག་སྣ་ཤིན་ཏུ་མང་བ་དང་བཅས་པའི་ལུང་སྩལ་ཞིང(བསྩལ་ཅིང)། དགྱེས་པ་རྡོ་རྗེའི་ཟབ་ཁྲིད། བསྲེ་འཕོའི་འཁྲིད་ཚུལ་ཟབ་རྒྱས་སུ་གནང༌། དགྱེས་རྡོར་ཡབ་ཡུམ། གདན་བཞི། མ་ཧཱ་མཱ་ཡ་རྣམས་ཀྱི་དབང་གནང་སྐབས་རྨི་ལམ་གྱི་ལྟས་ངོ་མཚར་ཅན་ཡང་མང་དུ་བྱུང༌། བྱིན་རླབས་ཀྱི་མཚན་ཀ(ཚན་ཁ)ཟླ་མེད་པར་ཡིད་ཆེས་བརྙེད(རྙེད)།

བར་སྐབས་སུ་ཐོབ་རྒྱལ་དུ་འབོད་མི་ནན་ཅན་བྱུང་བ་ལ་བརྟེན་ཁོར་ཙམ་ཞིག་ཕྱིན། ར་ལུང་ནས་སྤྱན་འདྲེན་གནང་བ་ལྟར། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་སླར་ཡང་ར་ལུང་དུ་ཕེབས་པ་གནང་སོང་ཞིང༌། བདག་གི(ནི)བསམ་སྡིངས་སུ་འོངས། དེ་སྐབས་དུས་འཁྲུག་གི་ཟིར་བུན་ཡང་ཆེ་བར་ཡོད{པ་དང}། རྩེ་ཆེན་ནས་འོང་ནས། དེ་བར་དུ་ཆོས་ཐོབ་ཆེ་ཞིང་། ཟབ་མོའི་དོན་ལ་བློ་སྐྱེད་ཆེ་བར་བྱུང་ཡང༌། མདོ་ཕྱོགས་ཀྱི་སློབ་གཉེར་འཕྲོ་ཆད{འཐུད(མཐུད)}། སླར་ཡང་འཕྲོ་འཐུད(མཐུད)པའི་ཁུངས་ཙམ་དུ་ཡོད་ནའང༌། གཏམ་བྱ་རིན་ཆེན་འཕྲེང་བ་གསར་འཛིན་ཐུབ། དེ་མིན་སྟོན་ལ་ཐུག་གི་བར་དཔེ་ཆ་བྱས་རྗེས་ཅང་མ་བྱུང༌།

སྔ་སོར་ཞ་ལུ་བའི་བཀའ་སྲོལ་སྐྱོང་བ། རྡོ་རྗེ་འཛིན་པའི་དབང་ཕྱུག་རྗེ་བྱང་གླིང་པ་ལ་ཆོས་གང་ཞུ་ཞུ་ཡོད་ཀྱང་། མདུན{འདུན}པ་མེད་པས་ཞུ་མ་ཐུབ། འདི་སྐབས་སྐུ་གཤེགས་པས་ཕྱིས་འགྱོད་པར་བྱུང༌།

{དེ་ནས་སྟོན་ལ་ཐུག་ཅིང་།} དེ་ནས་སྡེ་པ་གཙང་པའི་དམག་ཀྱང་སྤ་མནམ་དུ་ལྷགས། རྫོང་ལ་འཕོ་འཆུག་བྱུང༌། སྡེ་པ་གྲྭ་ལྔའི་དྲུང་སྨིན་དྲུག་ཁྱུང་རྩེར་འབྱོར་དགོས་ཤར{སྐབས་ཡིན}། སེར་ཁ་དེ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་སླར་ཡང་བསམ་སྡིངས་སུ་ཕེབས་ཤིང༌། བླ་སྒྲུབ་དང་རྟེན་འབྲེལ་ཡོངས་སུ་རྫོགས་པར་ཐོབ། རོ་སྙོམས་སྒང་དྲིལ་ཙམ་ཞིག་དང༌། འཇིགས་བྱེད་ཞེ་དགུ་མའི་དབང་སོགས{བཀའ་ཆོས་མང་པོས}ཡིད་ཚིམ་པར་བྱུང༌། དུས་བཟིང(ཟིང)གྲོལ་འཕྲལ་ཁྲི་སྣར་ལྷུན་རྩེ་གཏིང་སྐྱེས་སོགས་བརྒྱུད་ནས། སྒྲུབ་གནས་དམ་པར་ཕེབས་པ་གནང་སོང༌།

དེ་ནས་མི་རིང་བར་རྗེ་དྲུང་དབང་ཕྱུག་རྡོ་རྗེ་སྤ་མནམ་དུ་ཕེབས་པ་ལ། བདག་གིས་ཀྱང་ཞལ་མཇལ་ཞུ་བར་ཕྱིན། ཅག་མལ་ཞིག{ཏུ་ཞོག(ཞག)ཏུ}བསྡད། སླར་ཡང་དགོན་པར་ལོག་ཕྱིན་ནས། ཞག་ཤས་ཤིག་སོང་སྐབས། སྟོད་ཕྱོགས་ནས་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་ཡོན་མཆོད་རྣམས་ཀྱིས་འབོད་མི་གནང་བྱུང་བ་ལྟར་སྟོད་ཕྱོགས་ལ་འོངས། སྨིན་དྲུག་ཁྱུང་རྩེར་སྡེ་བ་གྲྭ་ལྔའི་དྲུང་དང་མཇལ་ཙམ་བྱས། {ཐུགས་གསོ་གང་དྲག་བྱས།} ཚོང་འདུས་དབུ་རྩེར་སྡེ་པ་རྗེ་དྲུང་དང་། ལྷུན་ཆེན་སོགས་དང་མཇལ།ཞག་ཤས་བསྡད།

ལོ་ཆེན་རཏྣ་བྷ་དྲའི་སྤྲུལ་སྐུ་ཡང་ཀརྨ་པ་མཇལ་བར་ཕེབས་པའི་ལམ་ཞོར་དུ་དབུ་རྩེར་ཕེབས། ངེད་ལ་ཤིན་ཏུ་ཐུགས་དག་སྣང་ཆེ་བར་མཛད་ཀྱིན་འདུག །ཐོག་མར་དངོས་ཀྱི(ཀྱིས)འཇམ་དབྱངས་བླ་མའི་རྣལ་འབྱོར་ཞིག་ཞུས་ཤིང༌། ཕར་ཡང་ཆོས་འབྲེལ་ཞིག་དགོས་གསུང་བ་ལྟར་བླ་མའི་རྣལ་འབྱོར་ཞིག་ཀ་ཕུལ།

ཡར་ལམ་སྣར་ཐང་སོགས་བརྒྱུད་ནས། རྗེ་ཀླུ་སྒྲུབ་པས་འབོད་མི་གནང་བ་ལྟར་བྱ་རྒོད་གཤོངས་སུ་ཁོར་ཙམ་ཕྱིན། རིམ་པས་ཇོ་ནང་དུ་སླེབ། རྗེ་དྲུང་དང་མཇལ་ཙམ་བྱས་ཤིང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཆོས་ལུང་བྱང་ཆུབ་རྩེར་སོན། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་དང་མཇལ། ཞལ་རས་མཐོང་བ་ཙམ་ལ་ལུས་ཉམས་དཔེ་མེད་པ་ཞིག་བྱུང༌། ཟླ་བ་དེའི་ངོ་སྒང་ལ་བཀའ་ཆོས་མང་དུ་ཞུས།

ཆོ་འཕྲུལ་དུས་ཆེན་གྱི་ཚེས་ལྔའི་ཉིན། དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཆོས་ལུང་བྱང་རྩེར་ཁྲི་ཐོག་ཏུ་བསྐོ་བ་གནང་ཞིང༌། བླ་མ་དམ་པ་ཉིད་ཀྱིས་ཕྱག་ནས་ཀྱང་གཏོར། སྔ་སོར་བསམ་སྡིངས་ནས་ཡར་ཡོང་གྲབས་ཡོད་པའི་སྐབས་ནས་ཉིན་རེ་བཞིན་སྣ་ཁྲག་ཐན་ཐུན་ཡོང་བ་བྱུང༌། ཡུན་རིང་པ་ནས་སྐབས་འདི་ཙ་ན་ལུས་ཀྱི་ཤེད་ཀྱང་ཅུང་ཟད་བྲི། དེ་སྐབས་སྨོན་གྲོར་འཕན་ནེ་དྲུང་གི་ནང་རྟེན་གསེར་གདུང་བཞེངས་གྲུབ་པའི་སྐབས་ཡིན་པས{འཕན་ནེ་བའི་གདུང་འཇུག་པའི་ལུགས་སུ་བྱས་འདུག་པ་མཆོད་རྟེན་དུ་མ་ཤོང་པར་བཞི་བྱེད་དགོས་བྱུང་གདའ།}

དུས་ཆེན་གྲོལ་ཉིན་རང༌། བླ་མ་དམ་པའི་ཕྱག་ཕྱིར་དཀྲིས་ནས་སྨོན་གྲོར་ཕྱིན། དེ་ཉིན་རང་རབ་གནས་ཀྱི་སྟ་གོན་འཛུགས་པ་གནང༌། ནང(ནངས)པར་དངོས་གཞིའི་ཆོ་ག་རྣམས་ཉི་ཕྱེད་ཡན་ལ་གྲུབ། དགའ་སྟོན་བཞུགས་གྲལ་གྱི་སྟེང་དུ་དངོས་ཀྱིས་པོད་ཆེན་བཞི་ལ་དམ་བཅའ་རེ་བྱས། ཆོས་རྗེ་ངག་དབང་བཀྲ་ཤིས་པས་བགྲོ་གླེང་གཏོང་བ་མཛད་སྟེ(དེ)རིག་ལུང་བག་ཆགས་པ་བྱུང༌། རབ་གནས་རང་གི་རྟེན་འབྲེལ་ནི་འོས་བབ་ལས་མ་བྱུང༌། ངོས་ཅག་སྔར་གྱི་ན་བའི་རྒྱུན་དེ་ཐུར་སོང་བ་མངོན་པ་ཙམ་བྱུང༌།

ཉེར་གསུམ་ལ་ལྷུན་སྡིངས་ཞོལ་དུ་སླེབ(སླེབས)ཙམ་བྱས། ཉེར་བཞི་ལ་བསམ་འགྲུབ་དགའ་ལྡན་དུ་ཕྱིན། ཁོང་རྣམས་ཀྱི(ཀྱིས)བསུ་བ་སོགས་གཟབ་མ་བྱས། ཉི་མ་གཉིས་པོ་དེ་ཤིན་ཏུ་ཁམས་མ་བདེ། ཁྱད་པར་སེ་མཁར་ཆུང་གི་ལྷོ་ཐད་དེར་གྲོག་པོ་ཞིག་ཏུ་རྟ་བབས་ནས་ཅུང་ཟད་སྡོད་དགོས་བྱུང༌། ཇ་དཀར་ཡོལ་གང་མཐུང(འཐུང)རིང་ཙམ་དབུགས་ཀྱི་རྒྱུ་བ་ཡང་འགགས། སློབ་དཔོན་རིན་པོ་ཆེ་དང༌། ཟླ་བོ་རྣམས་ཐུགས་འཚབ་ལ་གཏད་པར་གདའ། ང་རང་གི་སྣང་བ་ལ་ད་ལྟའི་སྣང་བ་འདི་ནུབ་ཅིང༌། ཧེ་རུ་ཀའི་སྐུའི་ རྣམ་པ་མང་པོས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་སྣང་བ་ཙམ་བྱུང༌། ཕྱིས་བསམས་དུས་འདི་ཡིན་པ་བྱིན་རླབས་ཀྱི་ལྟས་གཅིག་ཡིན་པར་འདུག །དེ་ལྟར་བྱུང་བ་གསངས་པས(གསང་བས)གཞན་གྱི(གྱིས)མ་ཤེས།

{དེ་ཉིན་སྤྲེ་པ་ཆོས་རྗེའི་ཚང་དུ་བསྡད།} སང་ཞོགས་བསམ་འགྲུབ་དགའ་ལྡན་པ་རྣམས་ཀྱིས་ཆོས་འབྲེལ་དགོས་ཟེར། {སྤྲེ་པ་ཆོས་རྗེ་ནང་ཚོགས་བྱུང་།} ངེད་ཀྱི་ཁྲི་ཐོག་ཏུ་འོངས་པ་དང་། དུང་བུས་པ་དང་། ཉི་མ་ཤར་བ་གསུམ་དུས་མཉམ་དུ་བྱུང༌། རྟེན་འབྲེལ་དེས་ད་རེས་བར་ཆད་ཀྱི་དབང་དུ་མི་འགྲོ་བ་འདུག་སྙམ་ངེས་པ་བརྙེད(རྙེད)།

ནང(ནངས)པར་ངམ་རིངས་དུ(རིང་དུ)འབྱོར་ཞིང༌། བླ་མ་དམ་པས་བདག་ཅག་དང་། སྡེ་བདག་ཞལ་ངོ་དང་། ཡོན་མཆོད་དུ་སྦྲེལ་བའི་བཀའ་བཀོད་གནང་བ་ལ། སྔ་སོར་ཞལ་ངོས་ཀྱང་ཞལ་ལེན་མཛད་ཡོད་འདུག་ནའང༌། བར་སྐབས་དེར་གཞན་རྐྱེན་གྱིས་བསྒྱུར་འདུག{པར་གནང་ནའང་།} བླ་མ་པས་དྲུང་ཆེན་སང་སྙིང་བ་སྔོན་ལ་རྫོང་བ་མཛད་པའི་བཀའ་ནན་ཆགས་ཀྱིས་སྟབས་མི་མཛེས་པ་མེད་ཙམ་ཨོམ་སོ་བ་བྱས། དེར་ཡང་ཞག་གསུམ་བསྡད་སྐབས་ཁམས་ཤིན་ཏུ་མ་བདེ།

{དེ་ནས་བླ་མའི་ཕྱག་ཕྱིར་དཀྲིས་ཏེ།} དེ་ནས་རྨ་བྱ་ཤུག་ཁྲོད་དུ་ཕྱིན། དེ་ལ་ངམ་རིངས་དུ(རིང་དུ)སླེབ(སླེབས)པ་ཚུན་ཆད་ནས་ཤུག་ཁྲོད་དུ་ཟླ་བ་གཅིག་གི་བར་དུ་སྔ་དྲོ་རེ་བཞིན་སྣ་ཁྲག་བཟེད་ཞལ་གང་གང་བརྡོལ། ལུས་ཀྱི་ཤེད་སྟོབས་ཐམས་ཅད་བྲི། ཐོ་རངས་ཇ་སྦྱོར་རེ་ཙམ་མ་གཏོགས་མཚན་མོ་གཉིད་ཀྱང་མི་ཡོང་ཞིང༌། གཉིད་ཅུང་ཟད་དེའི་རིང་ལ་སྐྱེ་བ་སྣ་ཚོགས་སུ་འཕོས་པ་དེ་དག་གི་སྤྱོད་པ་སྣ་ཚོགས་པའི་རྨི་ལམ་ཟད་མི་ཤེས་པ་རེ་རྟག་ཏུ་འོང༌། ཉིན་བར་ཆོས་ཞུ་བ་སོགས་ལ་མི་བདེ་བ་རང་མ་བྱུང༌། དེ་སྐབས་སྨན་དང་། སྔགས། གདམས་ངག་སོགས་འདི་མ་བྱས་བྱ་བ་མེད་དེ་ཅི་ཡང་ཕན་པ་མ་བྱུང༌། ཆོས་སྐྱོང་གི་འཁུ་ལྡོག་ཡིན་ནམ་ཟེར། བསྐང་གསོ་སྟོང་ཚར་སོགས་བྱས་ཀྱང་མ་ཕན།

ཟླ་གཅིག་ཙམ་སོང་སྐབས། དེར་རྨི་ལམ་དུ་རི་ཆེན་པོ་ཞིག་གི་རྩེ་ན། བྲམ་ཟེ་རིན་ཆེན་རྡོ་རྗེའམ་ཁ་ཆེ་ཨ་མོ་གྷ་ཡིན་ནམ་སྙམ་པའི་པཎྜི་ཏའི་རྣམ་པ་གཟི་བརྗིད་ཅན་ཞིག་ལ་བུད་མེད་སུམ་ཅུ་བཞི་བཅུས་སྐོར(བསྐོར)བ་ཞིག་འདུག །དེའི་ཞལ་ནས། ཁྱོད་སྔར་འཁོར་ལོ་སྡོམ་པ་ལ་མཆོད་པ་རྟག་ཏུ་བྱེད་པ་ཡིན་པ་ལ། ཕྱིས་མ་བྱས་པར་ཡུན་རིང་རབ་སོང༌། བདེ་མཆོག་གི་རྒྱུད་ལ་ཐོས་བསམ་སྒོམ་གསུམ་གྱིས་ནད་འདི་འཕྲལ་དུ་གྲག(དྲག)འགྲོ། དེ་ནས་བསྙེན་པ་ཞིག་བྱས་ན་བར་ཆད་ཐམས་ཅད་སེལ་ཞིང་། དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་འཛིན་པར་འདུག་གསུང་བ་ཅིག(ཞིག)བྱུང༌།

སང་སློབ་དཔོན་རིན་པོ་ཆེ་ལ་ཞུས་པས། འོ་ན་བླ་མ་དམ་པ་ལ་དབང་ཞིག་ཀྱང་གསན་ན་དགའ། རྒྱུད་ཀྱི་དཔེ་ནི་འདི་ཀ་ན་ཡོད་པས། ད་རང་ནས་ཀ་འཛིན་པ་གནང་ན་གསུང་གིན་འདུག་པས། སྤྱིར་གསང་སྔགས་དང་། ཁྱད་པར་འཁོར་ལོ་སྡོམ་པའི་ཆོས་ལ་དང་སྤྲོ་བར་བྱུང་ནས། དེ་ཉིན་རང་ནས་དཔེ་ཆ་བཟུང༌། ཞག་གསུམ་སོང་བ་ནས་སྣ་ཁྲག་ཇེ་ཉུང་ལ་སོང༌། དེ་མཚམས་སློབ་དཔོན་རིན་པོ་ཆེ་ཅུང་ཟད་བསྙུང་ནས་རྡོ་རྗེ་གུར་ཁང་དུ་བཞུགས་པ་གནང༌། བླ་མ་དམ་པར་བདེ་མཆོག་ནག་པོ་པའི་དབང་ཞུས་པས། དངོས་གཞིའི་སྔ་དྲོ་ནས་སྣ་ཁྲག་ཆད། དབང་གནང་དུས་སོ་སོའི་དམིགས་པ་དང་། ལྷ་ངོ་བསྟན་པའི་དུས་སུ་དཀྱིལ་འཁོར་གྱི་དམིགས་པ་ཤིན་ཏུ་གསལ་བ་དངོས་སུ་མཐོང་བ་སྙམ་པ་དང་། དབང་གི་རིང་ལ་ལུས་བདེ་ཆམ་ཆམ་པ་བྱུང༌། དབང་གྲོལ་ནས་ཚོགས་འཁོར་གྱི་ཚེ་ལུས་ལ་སྔར་ལས་ཤེད་ཆེར་སོང་ངམ་སྙམ་པ་འདུག །དེ་ཕྱིན་ཆད་ཁམས་བདེ་ཞིང་ལུས་ཀྱང་ཡར་སོར་བྱུང༌།

དེ་ཉིད་ཀྱི་འཕྲོ་འཐུད(མཐུད)ནས་དྲིལ་བུ་ལུས་དཀྱིལ་གྱི་དབང་ཡང་ཞུས། ནག་པོ་པ་དང་དྲིལ་བུ་པའི་ཁྲིད་ཚུལ་ཡོངས་གྲགས་རྣམས་དང༌། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཞལ་ཤེས་རྣམས་ཀྱིས་ལེགས་པར་བརྒྱན་པ་དང༌། རྩ་བཤད་སོ་སོའི་བཤད་འདོམས་དང་ལུང་སོགས་མཐར་རྒྱས་སུ་སྩལ(བསྩལ)། བྱམས་ཆོས་ཀྱི་བཤད་འདོམས་ཁོག་ཕུབས་ཀྱང་ཉིན་རེ་བཞིན་སྩལ(བསྩལ)བ་ཡང་། ལྷག་པར་བློ་ལ་འཇག་ཅིང(འཇགས་ཤིང)ངེས་ཤེས་སྐྱེ་བ་བྱུང༌།

བླ་མ་དམ་པའི་བཀའ་ལུང་གིས་ཤུག་ཁྲོད་ཀྱི་ཁྲི་ཐོག་ཏུ་བསྐོ་བར་གནང༌། བླ་མ་དམ་པས་ཕྱག་ནས་འཐོར། བདག་པོ་ནམ་མཁའ་རྒྱལ་པོ་སྐུ་མཆེད་ཀྱིས་ཀྱང་ཁྲི་སྟོན་སོགས་གནང་བ་ཡིན་ཀྱང༌། ཕྱིས་བླ་མ་དམ་པ་སྐུ་ཆོས་དབྱིངས་སུ་གཤེགས་རྗེས། དྲུང་ཆེན་པས་ངེད་ལ་གྲོས་ཙམ་ཡང་མ་བྲིས(དྲིས)པར་བྱང{དེ}རང་དུ་ཕུལ་བ{གཏད་པ}ཡིན།

དེ་ནས་ཧོར་ཟླ་གསུམ་པའི་མཇུག་ལ་སྐུ་གཞོགས་ནས་དགོངས་གྲོལ་ཞུས་ཕྱིར་ཡོང་སྐབས། བརྟན་བཞུགས་ཟབ་རྒྱས་སུ་ཕུལ་ཏེ། ཅུ་པ་རོང་སོགས་བརྒྱུད་ནས་མར་ལམ་ཁྲོ་ཕུར་གནས་མཇལ་ལ་ཕྱིན། བྱམས་པའི་ཞལ་རས་ལྷ་ཁང་དུ་ཞག་གཅིག་ཉལ། དེ་ནུབ་རིག་པ་དྭངས་ཤིང་གསོལ་བ་ཡུན་རིང་དུ་བཏབ་པས། བྱམས་ཆོས་ཀྱི་ཚིག་དོན་སྔར་མ་གོ [བ]འགའ་ཞིག་ལ་གོ་བ་ལམ་ལམ་འཆར་བ་ཞིག་བྱུང༌།

དེ་ནས་སྣར་ཐང་ཁྲི་ཁང་སོགས་བརྒྱུད་ནས། རང་གནས་བསམ་གཏན་སྡིངས་སུ་སླེབ(སླེབས)། དེ་མཚམས་ཞག་ཤས་ནས་བདེ་མཆོག་རྩ་རྒྱུད་ཀྱང་ཚང་བར་བློ་ལ་འགྲིག །དེ་ལོ་ཆོས་ལུང་དུ་མཁར་ལས་ཤིག་བྱས་པ་དཀའ་ལས་ཆེ་ལ་ངོ་མཚར་ཆུང་བ་ཞིག་བྱུང༌། དེ་བར་ལ་སློབ་དཔོན་རིན་པོ་ཆེའི་དྲུང་དུ་དག་ལྗོན་སྐོར་གསུམ་དང་། རྔོག་ཊཱིཀ་རིན་ཆེན་རྒྱན་འདྲའི་འཇུག{འཛུག}ཁྲིད་ཞིབ་ལེན་ཞུས། བརྟག་གཉིས་ལ་ས་རྔོག་གཉིས་ཀའི་བཤད་སྒྲོས་བློ་ལ་འཐེམ་ཞིང་གོ་བ་ཆགས། བླ་མ་ས་ལུགས་ཀྱི་བཤད་སྒྲོས་ལ་ཆེས་དགེས(དགྱེས)ཤིང་། ཐུགས་རྩིས་ཆེ་བ་འདུག་ནའང༌། ངེད་རང་འབྲུ་བསྣོན(ནོན)རྔོག་ལུགས་དེ་ཁྱད་ཀྱིས་བློ་ལ་འབབ(བབས)པ་བྱུང༌།

ཧོར་ཟླ་ལྔ་པའི་ཉེར་ལྔ་ནས་བསྙེན་མཚམས་བསྡམས། ཟླ་བ་གསུམ་གྱི་བར་དུ་བསྙེན་པ་འཇུར་བར་བགྱིས་ཤིང༌། གྲངས་བསྙེན་ཁ་སྐོང་ལྷག་བཅས་སྦྱིན་སྲེག་དང་བཅས་པ་གྲུབ། ཁ་སྐོངས་ཀྱི(སྐོང་གི)བཟླས་པའི་སྐབས་རྨི་ལམ་དུ་རྒྱ་གར་གྱི་པཎྜི་ཏ་དང༌། རྣལ་འབྱོར་པ་དང༌། བོད་ཀྱི་བླ་མ་འགའ་རེ་དང་བཅས་པ་ཀུན་བསྒྲིལ་ཕྱེད་དང་ཉིས་བརྒྱ་ཙམ་འདུག །ངེད་རང་གི་ལུས་པོ་ཤིན་ཏུ་ཆེ་བ་ཞིག་འདུག་ཅིང༌། དེ་རྣམས་ཀྱིས་སྟེའུ་དང་། སོག་ལེ་དང་། གཟོང་སོགས་ཀྱིས་ལུས་ལ་གཞོག་པ་སོགས་བཟོ་བཅོས་མང་པོ་བྱས་ཏེ། ལྷག་མ་ཐམས་ཅད་ཆུ་ལ་བོར། རུས་པ་ལ་བཅོས་པ་ཡིན་ཟེར་བའི་བདེ་མཆོག་གི་སྐུ་མདའ་གང་ཙམ་ཞིག་འོད་ཁྲོམ་མེར་འདུག །རང་གི་ལུས་སོགས་འདི་ཡིན་མེད་པ་ལ། དེ་ལ་ཕར་བལྟ་ཞིང་ངོ་མཚར་ཆེ་སྙམ་པ་ཞིག་ཤར་རོ། །

རབ་དངས(དྭངས)སེམས་ཀྱི་ཆུ་མཚོར་སྲིད་ཞི་ཡི། །
སྣང་བརྙན་གསལ་བར་འཆར་ལ་ཡ་མཚན་ཅི། །
བྱིན་རླབས་ཟེར་མ་གཅིག་གིས་དངོས་གྲུབ་ཀུན། །
འགྲུབ་འགྱུར་བླ་མ་དམ་པའི་མཐུ་འདི་མཚར། །

{ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་ཕྱི་ནང་གསང་བའི་རྟེན་འབྱུང་གསར་དུ་ཚེས་པ་ལས་བརྩམས་པ་སྟེ་བདུན་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།