Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

དགུ་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དེ་ནས་རྩས(རྩིས)མ་ཕྱེད་ཆོད་ཙམ་ནས་བསྙེན་མཚམས་དམ་པར་བསྡམས་ཏེ། ཆོ་འཕྲུལ་གྲོལ་གྱི་བར་དུ་གདན་བཞི་ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་དང༌། གསང་འདུས་འཇམ་པའི་རྡོ་རྗེ་གཉིས་ཀྱི་བསྙེན་པ་ཡོངས་རྫོགས་དང༌། དུས་འཁོར་ལྷ་དགུ་ལ་བརྟེན་ནས་རྒྱུད་སྡེ་གཞན་གྱི་རུང་མཐུན་སྦྱར་བའི་བསྙེན་པ་ཞིག་རྣམས་སོང༌།

དུས་ཀྱི་འཁོར་ལོའི་ངེས་གསང་གི་ཚིག་དོན་རྣམས་ལ་ཅུང་ཟད་ཅུང་ཟད་སྦྱངས་པ་དང༌། བསྐྱེད་རྫོགས་རྣམས་ལ་ངེས་ཤེས་དད་པ་ཅུང་ཟད་ཐོབ་པས། སྒོམ་འདོད་ཐུན་མོང་མ་ཡིན་པ་སྐྱེས་ཏེ། སློབ་དཔོན་མཁས་མཆོག་དམ་པར་གསལ་འདེབས་ཞུས་ནས། ཆོ་འཕྲུལ་གྲོལ་མཚམས་ནས་ས་གའི་ཚེས་བཅོ་ལྔའི་བར་དུ་མུན་ཁང་བསྟེན་ཏེ་སྦྱོར་དྲུག་རྩེ་གཅིག་ཏུ་བསྒོམས། དངོས་གཞིའི་མུན་མཚམས་ཞག་གསུམ་ནས་ཟླ་གཅིག་ཙམ་གྱི་བར་དུ་ལུས་ཉམས་མཐོང་ཉམས་ཀྱི་རྟགས་སྣང་སོགས་ཟད་མི་ཤེས་པ་ཉིན་མཚན་ཁོར་མོར་འགྲོ་བ་ཞིག་བྱུང༌།

དེ་ནས་ཞག་ཤས་གཅིག་ཀྱང་མ་བྱུང་བས་བཤད་ཚོད་ལྟར་སྤོགས་ཆོག་རྣམས་བྱས། དེའི་རྐྱེན་གྱིས་རྟགས་བཅུའི་རིམ་པས་ཕལ་ཆེར་དང་། དོན་དམ་བསྙེན་པ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་རྟགས་དེ་ཡང་བྱུང༌། དེ་ལ་གེགས་སེལ་གྱི་རླུང་སྦྱོར་དང་། བྱེད་བཅིངས་དེ་བྱས་པས་གེགས་ཀྱང་མ་བྱུང༌།

དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ཐིག་ལེ་ལུ་གུ་བརྒྱུད་སོགས་རྟགས་སྣང་རྟག་ཏུ་འཆར་བ་བྱུང་ཞིང༌། དེ་སྐབས་ལུས་གནད་བྱེད་བཅིངས་ལ་བཞུར་བའི་ཚེ། གནས་པ་འཐུག་པོ་ཡུན་རིང་དུ་གནས་པར་བྱུང༌། དེ་ནས་ཟླ་གཅིག་ཙམ་ཞིག་དེ་ཁའི་ངང་ནས་རྨི་ལམ་འཛིན་སྦྱོང་འདྲ་བྱས་པས་ཟིན་སྦྱོང་གཉིས་ཅར་གྱི་སྣེ་ཟིན་ངེས་ཤེས་པ་ཙམ་བྱུང༌།

ལོ་སྔ་མ་གླང་ལོ་དང་སྟག་ལོ་འདི་ལ་འབྲུག་པ་སྤྲུལ་པའི་སྐུ{རྗེ་ངག་དབང་ནོར་བུ}གཙང་དུ་བཞུགས་སྐབས་ཡིན། སྤྱིར་གར་ཕེབས་སུ་འཕྲིན་ལས་འུར་ལངས་པ་ལྟ་བུ་དང་། སྙན་གྲགས་ལྷག་པར་ཆེ་བ་རླབས་ཆེན་ལུང་མེད་དུ་སྣང་ནའང༌། སྔོན་གྱི་ལས་སྨོན་ལམ་ཞིག་གིས་མཇལ་མ་ཐུབ{ཅིང་། མཇལ་བ་དང་གསུང་ངག་ནོད་པའི་འདོད་འདུན་དྲག་པོ་རང་ཞིག་ཀྱང་ཅང་མ་བྱུང་བར་སྣང་ངོ་། །} འདི་སྐབས་རྩེ་ཆེན་ཆོས་སྡེའི་ཁ་འཛིན་ཡང་སྤྱིར་དུས་མི་བདེའི་གཡེང་བ་ཆེས་པ་དང༌། ཁྱད་པར་སྡེ་པ་གཟིམས་དཔོན་པ་སོགས་ཀྱིས་བློས་ཆོད་མ་ཆོད་སྣ་ཚོགས་ཀྱི་སྟབས། དགེ་སྦྱོར་ཆག་པ་རང་ཞིག་བྱུང་ནས། སླར་རྩིས་ཕུལ་བས་ཟོས་བདེ་བ་རང་བྱུང༌།

ཧོར་ཟླ་ལྔ་པའི་ཉེར་གསུམ་ལ་ཚོང་འདུས་སུ་སླེབ(སླེབས)པར་བྱས། ཞག་བདུན་ཙམ་བསྡད། ནཱི་གུའི་མགྱོགས་ཁྲིད་ཅིག་ཕུལ།

སླར་སྣར་ཐང་གི་ཆོས་སྡེར་ཕྱིན། ཟླ་བ་གཉིས་ཙམ་བསྡད། དེ་བར་ལ་སྔ་དྲོ་རེ་བཞིན་སློབ་དཔོན་བཞི། དགེ་བཤེས། དགེ་འདུན་མང་དག་དང་དོགས་གཅོད་འབེལ་གཏམ་གསུང་གླེང་འཕེལ་བ་དང༌། དེ་ནས་བྱམས་ཁང་དུ་ཕྱག་འབུལ་བརྒྱ་རྩ་རེ་དང་། སྐོར་བ་སུམ་ཅུ་རེ། ཉིན་གུང་ཞལ་ངོ་སོ་སོར་དགོངས་བཞེད་ཀྱི་ཆོས་ཐུན་ཅི་རིགས་དང༌། ཆོས་སྡེ་ཚོགས་པ་སྤྱི་ལ་བློ་སྦྱོང་གི་ཁྲིད་ཤིན་ཏུ་རྒྱས་པ་དང༌། ཆོས་ཆུང་བརྒྱ་རྩའི་ལུང་སོགས་བཀའ་གདམས་ཀྱི་ཆོས་ཐུན་ཆེ་ངེས་རེ་དང༌། དགོངས་མོ(དགོང་མོར)འདུལ་བ་ལུང་གི་གསུང་སྒྲོགས་ཡིད་ལ་གཅགས་པའི་སྒོ་ནས་ཐུན་གང་ཆེ་རེ་བཀླགས། ཟླ་བ་གཉིས་པོ་ལ་ལུང་བཞི་རྫོགས་པར་ཀློག་ཐུབ། གསང་འདུས་རིམ་ལྔའི་གཞུང་དང་། སྤྱོད་བསྡུས་སྒྲོན་མེའི་གཞུང་ཉིད་ལ་ལྟ་རྟོག་དང་གོ་བ་བཙལ་བས། ཕལ་ཆེར་ལ་གོ་བ་འབད་མེད་དུ་ཤར། ཕྱིས་ཀྱང་མཐའ་གཅོད་སོགས་ཀྱི་བློ་སྐྱེད་ཆེར་འཕེལ་མ་གཏོགས། གཞུང་ཚིག་གི་གོ་བ་ལ་སྤོད་དགོས་ཆེར་མ་བྱུང༌།

དེ་སྐབས་གནས་བརྟན་བཅུ་དྲུག་གི་ཡོལ་ཐང་ཞིག་བསོད་དཔལ་བ་དང་། ཚེ་རིང་འཕེལ་གཉིས་ཀྱིས་རི་མོ་མཁན་བྱས་ཏེ་བཞེངས། {རབ་གནས་ཀྱི་སྐབས་ཀྱང་རྟེན་འབྲེལ་ཤིན་ཏུ་ལེགས་པར་བྱུང་།} ཡོལ་ཐང་བཀྲམ་མ་ཐག་གི་ཐོག་མའི་ཚིག་བཀྲ་ལ་ཡང༌། དཔེ་ཆ་སྟེར་མཁན་ཞིག་བྱུང་བའི་ཁ་ཡིག་ཀློག་པས། བཀྲ་ཤིས་དོན་གྲུབ་དང་། བཀྲ་ཤིས་རིང་མོ་བཞུགས་ཟེར་བ་ཞིག་བྱུང༌། རབ་གནས་ཟིན་པའི་དགའ་སྟོན་གྱི་སྐབས་སུ། སློབ་དཔོན་པ་རྣམས་ལ་གནས་བརྟན་གྱི་མདོ་དབྱངས་ཤིག་མཛོད་བྱས་པས། ཆོས་རྗེ་དོན་ཡོད་དཔལ་འབྱོར་བ་ན་རེ། དང་པོ་གཅིག་གི་བཀྲ་ཤིས་སྐོར་རེ་མའི་དཔེ་ཡིན། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག་རང་ལ་འདམ་གསུང་བ་སོགས་རྟེན་འབྲེལ་ལེགས་པར་བྱུང༌།

དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ཀྱི་ཐོ་རངས་རྨི་ལམ་གྱི་ལྟས་ཤིན་ཏུ་ངོ་མཚར་བ་མང་པོ་དང་། ཁྱད་པར་ན་གར་ཀོ་ཊའི་གྲོང་ཁྱེར་ཛ་ལནྡྷ་རའི་རྒྱལ་པོ་གྲུབ་པ་ཐོབ་པ་ཞིག་ཡིན་ཡང་ཟེར། ཤར་ཕྱོགས་ལྭ་བ་པ་ཡིན་ཡང་ཟེར་བ་ཞིག་གིས་ཤ་ཆེན་ཁམ་གཅིག་ངེད་ལ་གནང་བྱུང་ཞིང༌། ཟོས་པ་ན་ལུས་སེམས་བདེ་ཆམ་གྱིས་སོང་བ་སྙམ་བྱེད་པ་ན་གཉིད་སད། དེ་ནས་ནམ་ལངས་ཀྱི་བར་དུ་རིག་པ་དངས(དྭངས)ཤིང་ལུས་སེམས་བདེ་ཆམ་མེ་འདུག །

ཚ་བ་ཐོན་འཕྲལ་མཉམ་མེད་སངས་རྒྱས་སྒོམ་བའི་གནས་ཆེན་བྱང་ཆུབ་ཆེན་པོར་ཡོན་མཆོད་ལྷན་དུ་ཐེགས། དགོན་པ་ལྷོའི་གཡག་ར་དེར་གུར་འབིགས་པ་མཛད་འདུག་པས། གུར་ནང་དེར་སླེབ(སླེབས)ནས་ཇ་སྦྱོར་གཉིས་ཙམ་སོང་མཚམས། རྗེ་བཙུན་སྦས་པའི་སངས་རྒྱས་གུ་རུ་ལྷོ་ཕྱོགས་པ་བུདྡྷ་གུཔྟ་ནཱ་ཐའི་ཞབས་ཕེབས་བྱུང་ཞིང༌། དེ་ཡང་ཛོ་གི་མེ་ཏོག་སེར་པོས་ཐོད་བཅིངས་པ་མཐོང་བ་ཙམ་གྱིས་ཟིལ་ཆེ་བ་ཞིག་བྱུང༌། ཇ་སྦྱོར་གཅིག་ཙམ་ཡུལ་གྱི་གླེང་བླང(བསླངས)ཅི་རིགས་པ་ཞུས། དེ་མཚམས་ངེད་ཀྱིས་ཚོགས་སུ་ཁྲི་ཐོག་ཏུ་ཕྱིན། ཁྲི་སྟོན་སོགས་ཀྱི་བྲེལ་བ་ལ་ཡུན་རིང་བར་འགོར། དེ་གྲོལ་མཚམས་ནས་དགོན་པ་བྱང་གི་གཙུག་ལག་ཁང་དུ་སྤོས། གྲུབ་ཆེན་གྱིས་སྟེང་གི་ཐིགས་ཁང་དེར་བཞུགས། བདག་ཆུང་ངུ་ནས་རྒྱ་གར་ཡུལ་དབུས་ཀྱི་འཕྲལ་སྐད་འདི་སུས་བསླབས་མེད་པ་ཞིག་ལ་ཤིན་ཏུ་བྱང་བར་ཤེས་པ་ཞིག་བྱུང༌།

འདི་སྐབས་ཙ་ན་ལེགས་སྦྱར་གྱི་སྐད་ཀྱང་མང་རབ་ཤེས་ཤིང༌། ཡུལ་ཐ་དད་པའི་སྐད་རིགས་མི་གཅིག་པ་སྣ་ཚོགས་འདུག་པ་ཀུན་ཡང་། ཅི་རིགས་པ་ཕྲན་ཚེགས་ཤེས་ཀྱིན་ཡོད་པ་ནས། ཐོག་མར་ཡུལ་སོ་སོ་དང༌། ཆོས་ལུགས་སྣ་ཚོགས་དང༌། རྒྱལ་རབས་ལ་སོགས་པ་སྔ་ཕྱིའི་ལོ་རྒྱུས་ལས་བརྩམས་ཏེ་དྲི་བ་མང་པོ་ཞུས་པས། གཞན་རྣམས་དང་མི་འདྲ་བར་ལོ་རྒྱུས་དཔྱིས་ཕྱིན་པ་འཐད་ལྡན་འབའ་ཞིག་གསུང་པ་འདུག་པ་དང༌། སངས་རྒྱས་པའི་མཁས་གྲུབ་རྣམས་ཀྱི་ལོ་རྒྱུས{ཀྱང}དྲི་བ་ཞུས་པས། ཨ་ཙ་ར་བླུན་པོ་རྣམས་ཀྱི་གཏམ་དང་གཏན་མི་འདྲ་བ་ཤིན་ཏུ་ཡིད་ཆེས་པར་བྱུང་ཞིང༌། དེ་ནས་རིམ་གྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཡང་གོ །

ཕྱག་རྒྱ་བཞིའི་སྙིང་པོ་ཞེས་བྱ་བའི་བླ་མའི་རྣལ་འབྱོར་དེ་ཐོག་མའི་ཆོས་འབྲེལ་དུ་ཞུས། རྡོ་རྗེ་ཕག་མོའི་ཆོས་སྐོར་མང་པོ་དང༌། ཛ་ལནྡྷ་རའི་རྡོ་རྗེའི་གླུ་བི་མུཀྟ་མཉྫ་རིའི་བཤད་པ་དང་མན་ངག་སོགས་ཟབ་དོན་དཔག་ཏུ་མེད་པ་ཐོབ{སྟེ་གྲུབ་ཆེན་འདི་ཉིད་ཀྱི་རྣམ་ཐར་དུ་བྲིས་ཟིན་ནོ། །} སྒྲོལ་མ་རྣལ་འབྱོར་མའི་དབང་ཞུས་པའི་སྟ་གོན་གྱི་ནུབ་མོ(མོར)། ངེད་རང་གི་པགས་པ་རྣམས་དྲས་ཏེ་ཤོག་བུ་བྱས། ཁྲག་གིས་སྣག་ཚ་བྱས། རྩིབས་མ་ལ་སྨྱུ་གུ་བྱས། བུད་མེད་མཛེས་མ་དྲུག་བདུན་ཞིག་གིས་ཡིག་མཁན་བྱས་ཏེ། རྒྱུད་ཆོག་ཡིན་ཉོག་ཡིན་གྱི་པོ་ཏི་མང་པོ་ཡུད་ཙམ་ཞིག་ལ་བྲིས་གྲུབ། ཤ་རྣམས་ཁོ་རང་ཚོ་ལ་དྲངས། སྐྲས་གླེགས་ཐག་བྱས། ནང་ཁྲོལ་དང་རུས་པ་སོགས་ཡོན་དུ་བྱིན་པ་ཞིག་རྨིས། བླ་མ་ལ་ཞུས་པས་ཤིན་ཏུ་བཟང་གསུང(གསུངས)། མི་གཡོ་བའི་བྱིན་རླབས་ཞུས་པའི་ནུབ་མོའང(མོར་ཡང)རྨི་ལམ་ཆེས་བཟང་བ་ཞིག་བྱུང༌།

ཟླ་ཤས་ནས་ནན་གྱིས་གསོལ་བ་བཏབ་ནའང་བཞུགས་པར་ནི་མ་གནང་། བདེ་མཆོག་བླ་སྒྲུབ་དེ་ཆོས་འབྲེལ་གྱི་ཐ་མར་ཞུས་སོ། །གྲུབ་པའི་དབང་ཕྱུག་དམ་པ་འདིའི་བཀའ་དྲིན་གྱིས་ཐེག་པ་བླ་ན་མེད་པའི་གཞུང་ལུགས་ཀྱི་གྲུབ་མཐའ་ལ་སྔོན་མེད་པའི་བློ་སྐྱེད་དུ་མངོན་པ་གྲངས་སུ་བཏབ་པའང་ལྔ་བརྒྱ་ཙམ་བྱུང་བ་ད་ལྟའང་གཅིག་ཀྱང་མ་བརྗེད་བར་བཀྲ་ལམ་མེ(མེར)ཡོད། གསང་སྔགས་ཀྱི་གོ་བ་ལ་རྗེ་འདི་ཁོ་ན་སྐུ་དྲིན་ཆེ་བ་ཡིན་ནོ། །

འདིར་སྨྲས་པ།

གང་གི་ཞལ་ལུང་ལྷོ་ཕྱོགས་དྲི་ལེན་མ། །ངེས་གསང་སྦྲང་རྩིའི་དོག་པས་འཁྱུད་པ་འདིས། །སྙིང་ལ་རེག་པའི་མོད་ལ་མཚན་རྟོག་གི །གདུང་བ་ནམ་མཁའི་དབྱིངས་སུ་ཐིམ་པར་གྱུར། །

{ཅེས་པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་ངེས་གསང་བདུད་རྩིའི་རྒྱ་མཚོར་ཞུགས་པ་ལས་བརྩམས་པ་སྟེ་དགུ་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།