བཅུ་གཅིག་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
དེ་ནས་ཆོ་འཕྲུལ་གྱི་དུས་སུ་སྡེ་པ་ཞལ་ངོ་རྣམས་ཀྱིས{བཀས}བསྐུལ་བ་དང༌། བླ་མའི་བཀའ་ཡིས་གནང་བ་ལ་བརྟེན་ཏེ་དམ་རྫས་ཀྱི་སྒྲུབ་པ་ཞིག་ཀྱང་བྱས་པས། ཕྱི་ལྟས་སུ་སྒྲ་ལན་གཉིས་ཙམ་བཏུད(བསྟུད)མར་བྱུང་ཞིང༌། ནང་ལྟར་དུ་ཡང་མཐོང་སྣང་ཡ་མཚན་ཆེ་ཙམ་བྱུང་། དེ་སྐབས་བླ་མ་དམ་པ་འདིའི་བཀའ་ལས་ད་ལྟ་ནས་ལ་སྟོད་ལྷོ་ཕྱོགས་སུ་སྒྲུབ་པ་ལ་བསྒྲིལ་བ་ཡེ་མི་ལེགས་པའི་བཀའ་ནན་ཡང་ཡང་བྱུང་བས། རེ་ཞིག་དེ་ལས་འོས་མ་བྱུང༌།
སླར་ཡང་ཧོར་ཟླ་གསུམ་པའི་ནང་དུ་བསམ་སྡིངས་སུ་འོངས། སླེབ(སླེབས)འཕྲལ་ནས་མཚམས་དམ་པར་བཅད། ཟླ་གཅིག་ཙམ་ལྷ་ཕྲན་འགའི་བསྙེན་པ་བྱས། དེ་མཚམས་སུ་མཁྲིས་པ་ཐོག་བབས་ཀྱིས་ཤིན་ཏུ་ན་བ་ཉེན་པོ་རང་ཞིག་བྱུང་ཡང༌། ཨ་ཁུས་བཅོས་མཛད་པས་དྲག །སློབ་དཔོན་རིན་པོ་ཆེ་ཡང་གསེར་མདོག་ཅན་དང་སྣར་ཐང་སོགས་ལ་ཕེབས་ཤིང༌། སླར་ཁྱུང་རྩེར་སྡེ་པ་དམག་དཔོན་དྲུང་སྐུ་བསྙེལ་བའི་སྔས་སྲུངས་ལ་སྤྱན་འདྲེན་ཞུས། མི་རིང་བར་སྡེ་པའང་སྐུ་ཚེའི་འཕེན་པ་རྫོགས་པ་ནས་གདུང་གི་འཇོག་མལ་དང་ཁྲུས་ཆོག་སོགས་ཀྱང་གནང་དགོས་བྱུང་འདུག་ཅིང༌། ཁྱུང་རྩེ་བ་རང་གི་ཟིར་བུན་ལ་ཡང་སྐབས་སུ་བབ་པའི་ལེགས་ལམ་གང་འོས་གནང༌།
བདག་གིས་དེ་བར་ཐམས་ཅད་དུ་རྒྱལ་ཁམས་ཀྱི་འགྱུར་བ་ཅི་རིགས་པས་སྐྱོ་ཤས་ཀྱིས་ཡིད་དྲངས་ནས་མཚམས་དམ་དུ་བཅད་ཅིང༌། རྨི་ལམ་གྱི་དགེ་སྦྱོར་ལ་བསྒྲིལ་བས། རྨི་ལམ་གྱི་རྩལ་ཡང་བཟང་རབ་བྱུང༌། དེ་སྔོན་ཆུང་དུས་ནས་རྒྱལ་འགོང་གི་ཆོ་འཕྲུལ་གྱིས་རྨི་ལམ་འཇིགས་ཤིང་མི་སྲུན་པ་སད་ནས་ཀྱང་ཡིད་བསྒྱུར་ནུས་པ་ཡང་ཡང་ཡོང་བ་ཞིག་ཡོད་པ། རང་ལོ་བཅུ་དྲུག་གི་སྐབས་རྨི་ལམ་ཅུད་ཟད་སྦྱངས་པས། རང་ཉིད་རྟ་མགྲིན་དུ་སྤྲུལ་ནས་འདུལ་བའི་སྣང་བ་ཞིག་བྱུང་བ་ནས་རྨི་ལམ་རྩུབ་འགྱུར་དེ་ཁྱད་ཀྱིས་ཉུང་དུ་སོང༌།
འདི་སྐབས་ཟླ་བ་གསུམ་ཙམ་སོང་སྐབས་ཤིག་རྨི་ལམ་དུ་ཤིན་ཏུ་ཞུད་ཆེ་བའི་རྣམ་པ་ཞིག་ལ་ཐང་སྟོང་ཆེན་པོ་ཞིག་ནས་ཡར་ཕྱིན་པས། མི་དཀར་ཞྭ་ཐེབ་གྱོན་པའི་རྟ་བ་ཤིན་ཏུ་ཆེ་བ་འཇིགས་པ་ཞིག་ལ་འཁོར་བཙུན་པ་དང་། ཁྲབ་པ་དང་། མོ་བཙུན་རྒྱན་ཅན་མང་པོ་དང་། འབག་པ་དང་། སྔགས་འཆམ་པ་མང་བོ་སོགས་ས་ཕྱོགས་དེ་ཐམས་ཅད་ཁྱབ་ཅིང་། ལང་ལོང་དུ་འགྲོ་བ་དང་། གོས་སྐུའི་རྣམ་པ་ཟང་ཟིང་མང་པོས་ས་གཞི་རི་ཀླུང་མེད་ཁྲ་ཆེམ་ཆེམ་ཁྱབ་ཅིང༌། དེའི་གསེབ་ནས་རྟ་བ་འཇིགས་པ་ཞིག་གིས་ངེད་རང་གི་གཉའ་བ་ནས་ཚིར་གྱིས་འཇུས་ནས་སྒ་གོང་དུ་བརྒྱབ(བརྒྱབས)བྱུང་ནས། ཕཊ་ཚ་རེ་རྒྱལ་པོ་པེ་དཀར་གྱི་བར་ཆད་ཀྱི་ཆོ་འཕྲུལ་ཡིན་པ་འདུག་སྙམ། སེམས་ཤིན་ཏུ་འཚབ་པ་ལ། སྤྲེའུ་གཉིས་ལྟག་པར་ཞོན་ནས་སོ་ཤད་དང་སྦར་ཤ(ཤད)བྱས། ཞུམ་བུ་ནག་པོ་ཞིག་གིས་མདུན་ནས་ཚུར་བྲད་ཀྱིན་རྨུགས། འཇིགས་སྐྲག་ཆེན་པོ་ཡོད་ཙ་ན། ག་རེ་འདི་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པ་འདུག་སྙམ་པ་དང་། སེམས་ཀྱི་རང་སྣང་ལ་བཟང་ངན་དགག་སྒྲུབ་བླང་དོར་གང་ཡང་མེད་པའི་ངོ་ཤེས་ཐག་ཆོད་ཅིག་ལྷང་གི་བྱུང་ནས། དེ་ཐམས་ཅད་ལྷན་གྱིས་སོང༌། སྣང་བ་དེ་ཐམས་ཅད་ཀྱང་རིམ་གྱིས་ཡལ་ནས། འོད་གསལ་ཡུན་རིང་དུ་སྐྱོང་ཐུབ་པ་ཞིག་བྱུང༌། དེའི་སང་ནུབ་རྨི་ལམ་དུ་རྟ་བ་ནག་པོ་ཞིག་གིས་སྙིང་ཁར་མདུང་བརྒྱབ(བརྒྱབས)བྱུང་བས། སྣང་བ་ཀུན་སྤྲུག་ཐོམ་པ་ཞིག་ལ་ཡལ་སོང༌།
ཡང་རྨི་ལམ་གཞན་ཤར་བ་ན་འདི་ཐམས་ཅད་བར་དོ་ཡིན་པར་འདུག་སྙམ་པར་ངོ་ཟིན་ཅིང་། ཡུན་རིང་དུ་སྦྱང་ཐུབ་པར་བྱུང༌། འདི་ཕྱིན་ཆད་ནས་སྔར་གྱི་རྩུབ་འགྱུར་དེ་རྩ་བ་ནས་ཞི། ཡང་ལན་ཅིག་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཡོངས་རྫོགས་ཤིན་ཏུ་གསལ་བའི་རྣམ་པ་འཇའ་ཚོན་ལས་གྲུབ་པ་ཞིག་དང་། རྡོ་རྗེའི་གླུ་ཆེ་ཆུང་དེ་རྣམས་རྨི་ལམ་དུ་གསལ་བར་བྱུང་བ་ལགས་ཏེ། ཡི་གེའི་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །
དེའི་ཕྱི་ཉིན་དཀྱིལ་འཁོར་དེ་དང་ཆོ་གའི་རྣམ་སྤྱི་བློ་ལ་གསལ་སེང་ངེ་མ་བརྗེད་པར་འདུག་པས། སློབ་དཔོན་དམ་པ་སོགས་མཚམས་འོག་ཡོད་པ་རྣམས་ལ་གླེང་བླང(བསླངས)བྱུང༌། དེ་འཕྲུལ་ལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་མོ་ཤོག་བུ་སུམ་ཅུ་ལྷག་ཙམ་ཞིག་ཉིན་མོ་གཅིག་ལ་ཟིན་ཅིང་བྱང་བར་བྱུང{བ}རྫུན་མེད་དཔང་པོ་ཅན་ཡིན། སྤྱིར་གྱི་འཛིན་བློ་ཆེ་བ་མིན། དེ་སྐབས་བྱིན་རླབས་སུ་གདའ། དེ་ལྟ་བུའི་མཐོང་སྣང་རེ་ཞིག་བར་གཞན་ལ་མ་བཤད་ན་ཡོང་རྒྱུར་གདའ་བ་ལ། བཤད་པས་ཅུང་ཟད་འཕྱུགས་འདུག །
དེ་ནས་དབྱར་གུང་ཟླ་བ་གཉིས་ཙམ་ཞིག་འདོད་ལྷ་འགའི་བསྙེན་པ་དྲག་ཏུ་བྱས་ཤིང་། རྨི་ལམ་གྱི་དམིགས་པའང་ཞོར་ལ་སྦྱངས། ནམ་ཕྱེད་ཕྱེད་དགེ་སྦྱོར་རང་ལ་བསྒྲིལ་བས་ཐོ་རངས་འོད་གསལ་རེ་ཡང་རྟག་ཏུ་ཟིན{པ་བྱུང}། དེ་སྐབས་བློ་བདེ་ནས་སྡེ་པ་དཔལ་དྲུང་སྐུ་གཤེགས་པ་ལ་བརྟེན་ཏེ། རྒྱལ་རྩེ་དཔོན་བློན་ནང་འཛིངས་ཀྱི་ཟིར་བུན་དེ་ཡང་བྱུང་ཞིང༌། བསམ་རྩེའི་དམག་རྣམས་ཉང་ལ་སོང་མཚམས་ཚོང་འདུས་སུ་ཞག་གསུམ་བསྡད། སྒྲོལ་དཀར་མངོན་རྟོགས་ཀྱི་བཤད་པ་བརྩམས་ནས་ཕུལ་བ་ལ་ཤིན་ཏུ་དགེས(དགྱེས)པའི་དོགས་གཅོད་ཀྱིས་དུས་འདའ་བ་བྱུང༌།
{སྣར་ཐང་དུ་སྡེ་བ་དང་མཇལ་ཙམ་བྱས་ཏེ།} བྱང་ཆེན་དུ་སླེབ(སླེབས)འཕྲལ་ནས་མཚམས་བསྡམས། སྒྲུབ་སྡེ་པ་རྣམས་ལ་སློབ་དཔོན་དམ་པའི་ཞལ་སྔ་ནས་གཅོད་ཁྲིད་ལ་སོགས་པའི་བཀའ་ཆོས་མང་དུ་གནང༌། {ངེད་རང་གིས} སྔར་བསྙེན་པ་མ་སོང་བའི་ཆོས་སྐྱོང་ཁ་ཅིག་གི་གྲངས་བསྙེན་ཙམ་རེ་བསྐྱལ།
དེ་མཚམས་ཤིག་སྨན་དཔོན་བསོད་ནམས་ཕུན་ཚོགས་རྒྱལ་རྩེ་ནས་འབོད་མིར་གནང་བྱུང་བ་ལྟར། མི་རིང་བར་རྩེར་སླེབ(སླེབས)། དྲུང་པ་རིན་པོ་ཆེ་གུ་ཤྲི(ཤྲཱི)གྲགས་དོན་པ་ལྷོ་བྲག་ལ་ཕེབས་ལམ་རྒྱལ་རྩེ་ཕྱོགས་ལ་བྱུང་བ་ཀླུ་སྡིངས་སུ་མཇལ{བར་ཁོར}ཙམ་ལ་ཕྱིན། དེ་སྐབས་རྒྱལ་རྩེར་ཟླ་གཅིག་ལྷག་ཙམ་བསྡད། བདག་པོ་མ་ཆེན་དྲུང་རྩེ་ཆེན་དུ་བུ་གཏེར་ཕེབས་དགོས་སོགས་ནས་སྐུ་གྲིབ་ཀྱི་རྣམ་པ་དང་། ཐུགས་ལའང་བདེ་དོག(དོགས)མཐོ་དམན་ཆེ་བ་རང་འདུག་པ་དང༌། རྩེ་རྒྱལ་གྱི་འཕེལ་གདུང་ཡང་ཁ་དོག་ནག་པོར་སོང་བ་སོགས་ནས། ཉིན་རེ་བཞིན་བུམ་པ་བསྒྲུབས་པའི་རྟེན་ཁྲུས་དང༌། ཞལ་ངོ་ཚོར་སྐུ་ཁྲུས་ཕུལ་བའང་ཤིན་ཏུ་འཕྲོད་པའི་ཞག་བཅུ་ཙམ་ནས་འཕེལ་གདུང་ཡང་ཁ་ཏོག(དོག)སོར་ཆུད། བདག་པོ་མ་ཆེན་སྐུ་གྲིབ་ཀྱིས་བྱིང་བྱིང་དེ་ཡང་སངས། གཤེད་དམར་གྱི་དབང་ཞིག་ཕུལ། སྤྲོས་མེད་ཀྱི་སྤྱན་དམིགས་འདྲ་ཡང་བཏབ་པས། ཐུགས་ཀྱི་བདེ་དོག(དོགས)དེ་ཡང་དྲག །
{དེ་སྐབས་ཞལ་ངོ་སོ་སོར་ཁྲིད་རྗེས་གནང་སོགས་དགོངས་བཞེད་ལྟར་མང་དག་སོང་ཞིང་།} དེ་ནས་མྱུར་ཤད་ཀྱིས་རང་གནས་བསམ་སྡིངས་སུ་སླེབ(སླེབས)། བསྙེན་མཚམས་ཤིག་བྱས།
དེ་ནས་ཚོང་འདུས་སུ་ཞག་ཤས་བསྡད། ཞ་ལུའི་རྟེན་མཇལ་ཞིབ་རྒྱས་དང་། རི་ཕུག་ཏུའང་ཞག་གཅིག་བསྡད། གནས་དགོན་གྱི་རྟེན་རྣམས་ལ་ཕྱག་མཆོད་སྨོན་ལམ། དགེ་འདུན་རྣམས་ལ་ཞབས་ཏོག་བརྡ་མཚོན་རེ་ཐུབ་ཅིང༌། བསྟན་པ་སྤྱི་སྒོས་དར་བའི་སྨོན་ལམ་སྙིང་ཐག་པ་ནས་ཡང་ཡང་བཏབ།
{སླར་སྣང་ཐང་བརྒྱུད། རང་གནས་བྱང་ཆུབ་ཆེན་པོར་འབྱོར།} ཡང་བྱང་ཆེན་དུ་ཟླ་གཉིས་ཙམ་ལྷ་ཕྲན་འདྲའི་བཟླས་བརྗོད་སྨིན་པར་བྱུང༌། འདི་སྐབས་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་དཔལ་ལྡན་ཆོས་བཟང་སྤྱན་དྲངས་ཏེ། དོན་ཞགས་རྡོར་དབྱིངས་སོགས་དབང་བཀའ་ཆེན་མོ་འགའ་རེ་ཞུས། བླ་མའི་གསུང་གིས་ངེད་བུ་ལུགས་ཀྱི་དབང་ཆོས་མང་པོའི་དགོངས་བཞེད་ཡོད་ཚེ། རྩེ་ཆེན་དབོན་པོ་བ་ལ་ཞུས་ན་ཡོང་ཕེབས་ཀྱིན་འདུག་པས། ཐོག་མར་འདུས་པ་འཕགས་སྐོར་གྱི་ཞུ་འབུལ་བྱས། རྟེན་འབྲེལ་འགྲིག་ན། ཁོང་པ་རང་ལ་སྐུ་ཚེ་དང་འགྲོ་དོན་ལེགས་པོ་ཡོང་བ་ཡོད་ནའང༌། ཡེ་མི་མཛད་གསུང(གསུངས)ནས་རྟེན་འབྲེལ་མ་འགྲིག །ཕྱིས་ཁོང་པ་སྒོམ་མཛད་པའི་རྗེས་ཀྱང་མེད། ཆོས་བཤད་པའི་རྗེས་ཀྱང་མེད་པ་ལ་དུས་འདས་སོ། །
དེ་ནས་དགེ་སྡིངས་སུ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད(རྒྱུད)དྲི་མ་མེད་པ་བདག་ཆེན་བསོད་ནམས་དབང་པོའི་ཞབས་དྲུང་དང་མཇལ། ཞག་གཉིས་སྡོད་ཕེབས་པ་ལྟར་བསྡད། ཤིང་མགོན་དང་འཕེལ་གདུང་སོགས་རྟེན་ཁྱད་པར་ཅན་དེ་དག་གི་བྱིན་རླབས་ཀྱང་ཐོབ། ཡར་ལམ་འཚེད་དུ་མཇལ་འདོད་ཡིན་ཡང་སྐུ་མཚམས་དམ་པོ་གནང་འདུག་པས་མཇལ་མ་ཐུབ།
འདི་སྐབས་ཆོས་ལུང་བྱང་རྩེར་ཟླ་བ་ཕྱེད་གསུམ་ཙམ་བསྡད། ངེད་སླེབ(སླེབས)ནས་ཞག་པོ་བདུན་བརྒྱད་ཙམ་སོང་། དུས་གནས་འབྱི་དཔོན་གཉེར་བློ་གྲོས་དཔལ་ལྡན་བསྙུང་བའི་སྟབས་ནས། སློབ་དཔོན་དམ་པ{འི་ཞལ་སྔ་ནས}གསེར་མདོག་ཅན་ལ་ཕེབས་སོང་བས། {འདི་སྐབས}ཕྱི་མཚམས་སེ་བ་ལ་སྲོད་ཐོར་སྔ་དགོངས{དགོང}རྣམས་རྗེ་བཙུན་གྲགས་པའི་ཡི་གེའི་ནང་ནས་བཤད་པ་ལྟར། སྒྲུབ་ཐབས་བརྒྱ་རྩའི་ལྷ་རྣམས་ཀྱི་བསྙེན་པ་དེ་བྱས་ཤིང༌། ཉིན་གུང་ཆོས་རྗེ་ལྷ་མཆོག་པ་ལ་དཀྱིལ་འཁོར་རབ་འབྱམས་ཀྱི་ཐིག་རྩ་རྣམས་བསླབས། ལག་པ་མི་བདེ་བས་བྲིས་ནི་འབྲིང་ཙམ་ཀ་ཤེས། དེ་སྐབས་དཔོན་གཉེར་ཡང་ཐེགས་འདུག །
མི་རིང་བར་སློབ་དཔོན་རིན་པོ་ཆེ་ཉིད་གསེར་མདོག་ཅན་སྤྱི་བླ་བྲང་གི་མི་སྣ་དང་བཅས་ཆོས་ལུང་དུ་ཕེབས་པ་གནང་བྱུང་བ{དཔོན་གཉེར}ཁོང་གི་ཕྱག་རྫས་རྣམས{ད་ལམ}ཆོས་འཁོར་གྱི་མཐུན་རྐྱེན་དུ་སྦྱོར་བ་ཡིན་པས། ད་ལམ་ཅིས་ཀྱང་གསེར་མདོག་ཅན་དུ་ཡོང་དགོས་ཚུལ་ནན་ཆགས་ཕེབས་པ་ནས། མི་རིང་བར་འགྲོ་བའི་སྒོ་དོད་ཅིང༌། སྔ་སོར་ཆོས་ལུང་དུ་དངོས(ངོས)ཀྱི་མི་སྣ་གཉེར་པ་སྔ་ཕྱིར་གཉིས་ཙམ་བསྐོས་པ་ཡིན་ནའང༌། རྩེ་སྒྲུབ་སྡེ་སྨོན་གྲོ(འགྲོ)རྣམས{ནས་བདེ་དོག་གིས(དོགས་ཀྱིས)}ཁོག་གཅིག་པའི་འཛུགས། རང་གིས་སྤོད་དགོས་ཤ་སྟག་བྱུང་ཞིང༌། ཡོས་ལོ(ལོར)ཡར་འབྲོག་ལ་འགྲོ་ཁར་ཁང་གསར་ནས་ཀུན་དགའ་ལེགས་གྲུབ་པ་བསྐོ་བཞག་གི་སྐབས{སྒོ་ཤར་ཞིང}། རྩེ་སྒྲུབ་ཀྱི་མི་སྣ་སོ་སོ་དང༌། ཁྱད་པར་སྨོན་གྲོ(འགྲོ)ནས་དཔོན་ས་ཡེ་ཤེས་དྲུང་རང་ལ་སྒེར་དུ་སྦྱོར་བཏོད{ཀྱི་ཁུངས}ཞུས་པའི་ལེགས་སློབ་ཉེས་སུབ་མགོ་འདོན་གནང་དགོས་ཚུལ་ཞུས་ནས་ཕྱིན་པ་ཡིན་ནའང༌། ངེད་ཀྱི་མི་སྣ་འབུད་གང་ཐུབ་རང་གི་འཕྲལ་རྩེ་སྒྲུབ་སྡེ་ལ་འབག་བཅོལ་བའི་ཟར་ཟིར་ཞིག་གིས་མགོ་ཐོན་དཀའ་བ་ཞིག་བྱུང་བས། ལོ་གཅིག་སོང་མཚམས་ཡོས་ལོའི་དཔྱིད་ཀ །རྩེ་སྒྲུབ་སྡེའི་མི་སྣ་རྣམས་ལ་གཉེར་རྩིས་སྤྲད{ཅིང}། དེ་ཕྱིན་རྩེ་སྒྲུབ་ཀྱི་ཁོག་སྒྱོངས་སྨོན་གྲོ(འགྲོ)རང་ནས་བྱས་པ་ཡིན་དུས། དེ་མཚམས་སྨོན་གྲོ(འགྲོ)རང་ནས་མགོ་འདོན་དགོས་རྒྱུར་འདུག་ནའང༌། དགོན་པ་ནས་ཟ་རྒྱུ་བྱུང་ན་ཟ། ཕྱི་ནས་དགྲ་བྱུང་བ་སོགས་གང་ལའང་ཁུར་མི་འཁྱེར་བར་འདུག་པས། རྩེ་སྒྲུབ་ཀྱི་མི་སྣ་གཉེར་འཛིན་མི་རྣམས་དཀའ་ལ་དོན་ཆུང་ངེ་བ་ཞིག་གི་གནས་ཚུལ་ལ་བྲེལ་བ་ཐན་ཐུན་འདྲ་བྱུང་བ་ནས། འདི་སྐབས་ཞག་ཤས་འགོར།
དེ་འདྲས་བྱེད་པ་དེ་ལའང་སྨོན་འགྲོ་དང་། ཁོང་ཚོ་རང་ལ་གནད་ཅིག་འདུག །ངེད་ཀྱིས་ཀྱང་དེ་གོ་ནས་ཆ་ལ་བཞག །དེ་ནས་མི་རིང་བར་སྨོན་གྲོ(འགྲོ)། ཁྲམ་ཕུ། ཇོ་ནང་སོགས་སུ་ཁོར་རེ་ཕྱིན།
དེ་ལོ(ལོར)ཇོ་ནང་དུ་རྫ་ཤར་པ་དང་གླིང་པ་ཟིངས་ཆེ་བ་བྱུང་བས། དུས་ཁྲིད་ཆག་འདུག་པ་ནས། འདི་སྐབས་ངེད་ལ་རྗེ་དྲུང་རིན་པོ་ཆེའི་བཀའ་ཕེབས་པ་ནས་ཚོགས་པ་རྣམས་ལ་སྦྱོར་དྲུག་མགྱོགས་ཁྲིད་རང་ཞིག་བཤད། ཕུ་ཕག་དབོན་ཆེན་དྲུང་དང་། རྒྱལ་ལགས་ལ་དམར་པོ་བསྐོར(སྐོར)གསུམ་གྱི་རྗེས་གནང་དགོས་གསུང་བ་ལྟར་བྱས་པ། གཏོར་མ་ལན་གསུམ་མགོ་མ་ཐོན་པར་ལན་བཞི་སྐྱོར་དགོས་བྱུང༌། དེ་ནས་ལམ་འགོར་སོགས་གང་ཡང་མེད་པར། མར་ལམ་བསམ་རྩེའི་ཀླུ་སྡིངས་སུ་ཞག་གཅིག་བསྡད། སྡེ་པ་སྐུ་མཆེད་དང་མཇལ། ཚེ་དབང་ཙམ་ཕུལ།
དེ་ནས{ངེས་དོན་ཆོས་བརྒྱུད་འདུན་ས་ཆེན་པོ}ཐུབ་བསྟན་གསེར་མདོག་ཅན་དུ{མཁན་སློབ་དགེ་འདུན་དང་བཅས་པས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ནས}འབྱོར། ཐུབ་དབང་གནས་བཅུའི་གོས་སྐུ་ཡང་ཞལ་འབྱེད་མཛད་འདུག་པ་བཞིན་ཕྱག་མཆོད་སྨོན་ལམ་རྒྱས་པར་བྱས། སླེབ(སླེབས)པའི་གནངས་ཉིན་ནས་ཚོགས་ཆོས་ཀྱི་དབུ་ཚུགས{པར་བྱས}།
འདི་སྐབས་སྔ་དྲོ་རེ་བཞིན་དཔལ་འཁོར་ལོ་བདེ་མཆོག་སློབ་དཔོན་སྤྱོད་པ་པའི་བཞེད་སྲོལ་ལྟར་དངོས་གཞི་རེ་དང་། སྟ་གོན་རེ། དེ་ནས་ཚོགས་སུ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང༌། རྒྱ་གཞུང་གི་ལུང་དང་བཅས་པའི་ཐུན་རེ་སྟེ་ཉིན་རེ་ལ་རྗེས་གནང་བརྒྱད་དགུ་རེ་བྱས། དགོངས(དགོང)ཕྱོགས་མཁན་སློབ{རྣམས་ཀྱི་ཕྱག་ཕྱིར}བཀའ་བཅུ་རབ་འབྱམས་ཐམས་ཅད་དང་བཅས་པ{དཀྲིས་པའི་གྲྭ་པ}སུམ་ཅུ་བཞི་བཅུ་རེ་ལ་གསོལ་ཇ་བཟང་ངེས་པ་འདེབས་གཉིས་གཉིས་ཞུས་ཤིང༌། དེ་བར་དུ་ཉིན་རེ་བཞིན་དགེ་བཤེས་རེ་རེས་བཤད་པ་མཐའ་སྐྱོང་བར་མཛད། འབེལ་གཏམ་མང་པོས་དོགས་གཅོད་གླེང་སླང(བསླངས)། ཡོན་ཏན་ལ་ཕན་ཚུན་དུ་ཐམས་ཅད་ལ་ཕན་ངེས་བྱུང༌།
འདི་སྐབས་ཚོགས་སུ་ཡང་མང་ཇ་སུམ་ཅུ་ལྷག་ཙམ། བདག་ཅག་དཔོན་སློབ་གཉིས་ཐད་ནས་དགེ་འདུན་སོ་སོའི་ཕྱག་ཏུ་འབབ་རྒྱུ་རྙེད་པའི་བཀུར་བསྟི་ཡང་མི་ལོད{ཙམ}ཐུབ། བདེ་མཆོག་ནག་པོ་པའི་དབང་ཆ་སུམ་ཅུ་ཙམ་དང༌། ཚོགས་ཆེན་དུ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ནས་བརྒྱུད་པའི་ཤངས་ཆོས་ཀྱི་སྐོར་ཚང་མ་དང༌། བཀའ་གདམས་ལྷ་བཞི་ལ་སོགས་པའི་རྗེས་གནང་ཟུར་བཀའི་རིགས་མང་དག་ཞིག(ཅིག)དང༌། ཁྲོ་ཕུ་བརྒྱ་རྫའི(རྩའི)ལུང༌། དྲིལ་བུ་རིམ་ལྔའི་ཁྲིད་ཚུལ། བཤད་པ་ཞིབ་མོ་མཐའ་གཅོད་དགག་སྒྲུབ་དང་བཅས་པ་ལ་སོགས་པ་ཆོས་སྣ་མང་རབ་དང༌། དགེ་བའི་བཤེས་གཉེན་རགས་བསྡུས་རྣམས་ལ་བདེ་མཆོག་ལཱུ་ཡི་པའི་དབང༌། དྲིལ་བུ་ལུས་དཀྱིལ་གྱི་དབང༌། མ་ཧཱ་མཱ་ཡ། གདན་བཞི་སོགས་དབང་བཀའ【འགའ】ཤས་ཤིག་དང༌། མཁའ་སྤྱོད་མ་སྐོར་གསུམ་གྱི་བྱིན་རླབས་སོགས་བགྱིས་ཤིང༌། སླར་བླ་མ་རིན་པོ་ཆེ་རྣམ་པ་གཉིས་མཇལ་བཞེད་ཀྱིས་ཡར་ཡོང༌། སྣར་ཐང་དང་བྱང་ཆེན་དུ་ཞག་ཤས་བསྡད་ཅིང༌། བློ་སྦྱོང་སོགས་ཁྲིད་ཅི་རིགས་པ་ཡང་བཤད།
སྲད་བརྒྱུད་དེ་གཏིང་སྐྱེས་སུ་འབྱོར། འདི་སྐབས་ཆོས་གྲྭར་ཟླ་གཅིག་ཙམ་བསྡད། དེ་སྐབས་སྔར་གྱི་རྒྱུན་ལས་རི་ཁྲོད་འགྲིམ་འདོད་རང་རྟག་ཏུ་ཡོད་པས། སྒྱེད་ལྕགས་ཕུག་གི་སྐོར་དེ་ལ་སྡོད་ཐུབ་ན་བསམ་པ་ཞིག་གིས་ཡོན་བདག་ལ་ཁང་པ་བཅོས་ཐབས་ཀྱང་ཞུས། རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་ཞབས་དྲུང་དུ་སླེབ་ཅིང(སླེབས་ཤིང)ཤིན་ཏུ་དགེས(དགྱེས)པ་ཆེན་པོའི་བཀའ་སྩལ་མང་དུ་གནང་བ་དང༌། ཕྱིན་ཆད་ཡང་ཡང་མཇལ་བར་དཀའ་བའི་འདུན་པས་རྩེ་གཅིག་པའི་གདུང་ཤུགས་ཀྱིས་གསོལ་བ་ཡང་ཡང་བཏབ།
བཀའ་ཕེབས་ཐམས་ཅད་ཟབ་ཅིང་རྒྱ་ཆེ་བའི་བཀའ་ཆོས་ཁོ་ནར་ཡོང་བ་འདུག་ཅིང༌། དེ་མིན་ཆོས་བཀའ་ནི་སྐུ་ཁམས་ལོག་དོགས་ཞུ་མ་ནུས། སྐུ་གཞོགས་སུ་བསྡད་པ་ལ་དགེས(དགྱེས)པར་འདུག་པས། ཉིན་རེ་བཞིན་སྐུ་དྲུང་དུ་རྒྱུན་རིང་བ་རེ་བསྡད། ཕྱིན་ཆད་མཇལ་བར་དཀའ་བ་འདུག་སྙམ་པའི་ཡིད་སྐྱོ་སང་ངེ་བ་ཡང་ཡང་བྱུང༌། ཕྱི་མཐའ་ཇི་བཞིན་གཟིགས་པའི་བཀའ་ཕེབས་ལ་ཡང་། ད་འུ་ཅག་ལོ་གཅིག་ཙམ་ཨེ་སྡོད་ཅེས་ཡང་ཡང་གསུང་གིན་འདུག་པས། མཆི་མ་རང་དབང་མེད་པ་འཁྲུག་པར་བྱུང༌།
འདི་སྐབས་སྡེ་པ་ཞལ་ངོ་རྣམས་ལ་ཚེ་དབང་དང་རྗེས་གནང་སོགས་ཅི་རིགས་པ་དང༌། གྲ(གྲྭ)རིགས་དྲག་བསྡུས་དང་བཅས་པ་ལ་གཤེད་དམར་ལྷ་ལྔའི་དབང་དང་། རྡོ་རྗེ་གདན་བཞིའི་དབང་ཞིག་བྱས།
རིམ་པ(པར)བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་སླེབ(སླེབས)། འདི་སྐབས་སྐུ་དྲུང་དུ་ཞག་ཉི་ཤུ་རྩ་བདུན་བསྡད་ཅིང༌། སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་སྐོར་རྣམས་དང༌། སྒྲོལ་མ་བླ་མེད་ཀྱི་ཕྱི་དཀྱིལ་དང༌། ལུས་དཀྱིལ་གྱི་དབང་བསྐུར་བ་ཐོབ། མཆོག་ཏུ་ཟབ་པའི་སེམས་ཁྲིད་ཕྱག་ཆེན་གའུ་མ་ཞིག་ཀྱང་བསྐྱར་ནས་ཞུས།
འདི་ནས་ཁྱི་ལོ་སྐུ་གཞོགས་སུ་མ་འབྱོར་གྱི་བར། ཐོ་རངས་ཕྱག་ཆེན་གྱི་སྒོམ་ཐུན་རེ་ཆག(འཆག)མེད་བྱས། སྐབས་འདིར་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཀྱི་བཀའ་བབས་མཆོག་དང་ལྡན་པའི་བུམ་ཅན་ཕྱི་ནང་བྱེད་བཅིངས་དང་བཅས་པ་ཞུས་ཤིང༌། ལོ་བཞིའི་བར་དུ་སྲོད་ལ་རླུང་ཐུན་འཆག་མེད་རེ་ཡང་བསྒོམས། འདི་སྐབས་ཀྱང་སྔར་མ་ཐོབ་པའི་ཆོས་ཀྱི་ཆ་ལག་མང་དུ་ཞུས་ཤིང༌། རས་ཆུང་བའི་བསྲེ་འཕོའི་གདམས་སྐོར་ལྷད་མེད་རྣམས་དང༌། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་ཆ་ཚང་བ་རྣམས་ཏེ། ཞག་ཉུང་ཡང་ཆོས་ཐོབ་ཤིན་ཏུ་ཆེ་བ་བྱུང༌།
{བླ་མ་དམ་པའི་ཕྱག་ཕྱིར་དཀྲིས་ཏེ}སྤ་ལུང་དུ་ཁོར་གཅིག་ཕྱིན། རྗེ་བཙུན་བླ་མ་དམ་པས་ཀྱང་ཕེབས། ཞག་གསུམ་ཙམ་བསྡད་ཅིང་། ཁྲོམ་དབང་ཞིག་དང༌། ཆོས་རྗེ་ངག་དབང་པ་དཔོན་སློབ་རགས་བསྡུས་ཤིག་ལ་མ་ཧཱ་མཱ་ཡའི་དབང་བསྐུར་ཞིག་བཞེད་པ་ལྟར་བྱས།
སླར་ཡང་བྲག་སྟོད་དུ{བླ་མ་དམ་པའི་ཕྱག་ཕྱིར་བཟུང་སྟེ}འབྱོར། འདི་སྐབས་སློབ་དཔོན་པདྨའི་ཆོས་སྐོར་ལ་རྟེན་འབྲེལ་གྱི་སྒོ་འགྲིག་ལ་ཁད་པ་ལ་འཕྱུགས་པ་ཞིག་བྱུང༌། བྲག་སྟོད་སྒྲུབ་སྡེ་བ་རྣམས་ལ་དྲིལ་བུ་རིམ་ལྔའི་ཁྲིད་ཞིག(ཅིག)དང༌། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེ་ཡང་དངོས་ལ་སྐྲ་བཅད་མཛད་ཅིང༌། རྔོག་ལུགས་དགྱེས་པ་རྡོ་རྗེའི་དབང་ཞིག་བཞེད་པ་ལྟར་བསྐུར། ཡོང་ཁར་བླ་མ་ལ་བརྟན་བཞུགས་ཕུལ་བས་རང་གི་ཚེ་འཕེལ་བའི་ལྟས་ཅུང་ཟད་བྱུང༌།
དེ་ནུབ་བདེ་བ་ཅན་དུ་བསྡད། ནང་བར(ནངས་པར)ལྷ་ཆུར་ཞག་གཅིག་བསྡད་ཅིང༌། ཆུ་འཁོར་བ་སོགས་ཀྱི་མི་དམངས་རྣམས་ལ་ཚེ་དབང་ཞིག་བྱས། དེ་ནུབ་རྨི་ལམ་དུ་ཇོ་མོ་གཡུ་རི་མ་ཡིན་ཟེར་བའི་བུད་མེད་འཁོར་མང་པོ་དང་བཅས་པ་ཞིག་བྱུང༌། ཕྱག་གསུམ་བཙལ་ནས་མདུན་ན་བསྡད་འདུག །ཁོ་ན་རེ། ང་ནཱི་གུ་བ་ལ་མོས་པ་ཞིག་ཡིན། ཁྱད་པར་བླ་མ་ལྷ་དབང་པའི་བཀའ་བཞིན་སྒྲུབ་པ་ཞིག་ཡིན་པས། སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བ་ཞིག་བྱུང་ན། ས་གང་ན་འདུག་ཀྱང་མཐུན་རྐྱེན་སྒྲུབ། ཆགས་སྡང་གི་སྐྱེད་འཕེལ་བྱེད་ན། མི་སླེབ་པ་འདུག་ཟེར། གཉིད་སད་ནས་བསམ་མནོ་ལ་རང་གིས་སྒྲུབ་པ་ནུས་ན། མཐུན་རྐྱེན་དམ་ཅན་ཐམས་ཅད་ཀྱིས་སྦྱོར་བ་ཞིག་ཡིན་འདུག་པ་ལ། ཡོན་བདག་གྲྭ་རིགས་སོགས་ཀྱི་ངོ་དགའ་མ་འཕོངས་པའི་ཆོས་བརྒྱད་ཀྱི་སྣང་བ་ཁ་ཐལ་བའི་སྙད(བསྙད)། གཞན་ཕན་ཡིན་ནོ་ཟེར་བའི་ལིང་ལིང་ཆོམ་ཆོམ་འདི་ལ་སངས་རྒྱས་བྱང་སེམས་རྣམས་ཐུགས་ཁྲེལ་བ་ལྟ་ཅི་སྨོས། དཀར་ཕྱོགས་ཀྱི་འབྱུང་པོ་ཐམས་ཅད་ཀྱང་ཞེ་ཁྲེལ་འདེད་ཀྱིན་ཡོད་པར་འདུག་སྙམ་པ་ཞིག་སྙིང་ནས་ཤར།
དེ་ནས་ཡར་བྱང{སོགས་བརྒྱུད།} ཉི་ཤར་ཆུ་འདུས་སོགས་བརྒྱུད། དཔལ་ལྡན་རྩེར་བཅགས་མལ་ཞིག་བྱས། བྱམས་གླིང་དུ་ཚ{བཞེས}ལ་སླེབ(སླེབས){བྱུང་བ}། ཁོང་རྣམས་ཀྱིས་དེ་ཉིན་སྡོད{པའི}དབང་མོ་ཆེ་ཞིག་བྱེད་དགོས་ཟེར། དེ་འཕྲལ་ཚེ་བུམ་བཞེངས། བརྡའ་བཏང་བས། ཁྲོམ་ཆེན་པོ་རང་ཚོགས། མ་ཎིའི་ལུང་དང་ཚེ་དབང་ཞིག་བྱས། མེ་ཏོག་འབབ་པ་སོགས་དགེ་ལྟས་ཀྱང་བྱུང༌།
དེ་ནས་མདོས་འདྲར་བཅག་མལ་ཞིག་བསྡད། {སྡེ་པ་ཞལ་ངོ་རྣམས་ལ་བདེ་མཆོག་དྲིལ་བུ་པའི་དབང་བསྐུར་ཞིག་ཕུལ།}
རིམ་པས་སྣར་ཐང་དུ་སླེབ(སླེབས)། གཟིམས་ཚེ་བ་བསྙུངས་ནས་ཞག་ཤས་སོང་འདུག་ཅིང་། དེ་ནུབ་རང་ཚེའི་འཕེན་པ་རྫོགས། དེའི་ཁྲུས་ཆོག་སོགས་བྱེད་དགོས་བྱུང༌།
ཚོང་འདུས་དབུ་རྩེར་ཞལ་ངོ་རྣམས་དང་མཇལ་ཞིང་། དུས་རིམ་དང་ཐུག་པའི་ཟིང(ཟང)ཟིང་མང་པོ་འདུག་པས། སྣང་བ་སྒྱུ་མ་ལྟ་བུ་ལ་ངེས་ཤེས་སྐྱེ་བར་བྱུང༌། བླ་མ་དམ་པ་དཔལ་ལྡན་ཆོས་བཟང་གི་ཞབས་དང་ཡང་མཇལ།
རང་གནས་བསམ་སྡིངས་སུ་སླེབས་ཏེ། མཚམས་ཞག་བདུན་མ་ཞིག་བྱས། ལྷ་ཕྲན་ཞིག་གི་བསྙེན་པ་བསྐྱལ།
དེ་ནས་འདོལ་བྱུང་རྩེ་ཆེན་སོགས་བརྒྱུད། རྒྱལ་རྩེར་འབྱོར། སྡེ་པ་མ་ཆེན་དྲུང་སྔ་སོར་གཤེད་དམར་གྱི་ཐུགས་དམ་རྒྱུན་དེ་ཀ་གནང་ན་བར་ཆད་ཞི་བ་ཞིག་ཡོང་བ་ཡོད་ནའང༌། ཞབས་དྲུང་བདག་པོ་ཁྲི་ཆེན་གྱིས། གཤེད་དམར་སྤྲོས་མེད་འདྲ་སྤྲང་པོའི་ཆོས་ཡིན། རྡོ་རྗེ་བྲག་རྫོང་མ་རང་གྱིས་གསུངས་པས། {ཐུགས་མོས་ཆེ་བའི་བླ་མ་ཁ་ཅིག་གིས་ཀྱང་དགོངས་པ་ཅན་གྱིས། དེ་མི་ལེགས་ཚུལ་མཛད་འདུག་པས།} གཤེད་དམར་གྱི་ཐུགས་དམ་འཕྲོ་བཅད། མི་རིང་བར་སྐུ་ཁམས་ལོག་པའི་ཐུགས་ལ་བདེ་དོག(དོགས)ཆེར་བྱུང་འདུག་པ། ཞབས་དྲུང{བསོད་ནམས་དབང་པོ}སྤྱན་འདྲེན་གནང་འདུག་ནའང་། ཞབས་དྲུང་གི་འཆིབ་དཔོན་དང་། སྡེ་པ་གམ་པ་ནས་ཀྱི་ཕྱག་གཡོག་རྣམས་འཁྲུགས། ཐུགས་སུན་ལ་གཏད་རྐྱེན། དེས་སྐུ་ཁམས་ཤིན་ཏུ་ཐུ་བར་སོང་། འགྲོངས་ལ་ཁད་བྱུང༌།
དངོས(ངོས)ཀྱིས་སླེབ(སླེབས)དུས་ཞབས་དྲུང{བསོད་ནམས་དབང་པོ}ནི་ཕྱིར་ཕེབས་གྲུབ་འདུག་ཅིང༌། སྐུ་ཁམས་ལོད་པ་རང་གི་སྐབས་དེར་འདུག་པས། ཟླ་ཕྱེད་ཙམ་སྡོད་དགོས་བྱུང༌། གཏོར་དབང་དང་དམིགས་པ་སོགས་ཕུལ་བས། བདག་པོའི་དྲུང་གི་སྐུ་ཁམས་ཀྱང་སོར་ཆུད་ཅིང༌། {ཡུམ}མངའ་བདག་རྒྱལ་མོའི་དྲུང་སྐུ་ཁམས་བསྙེལ་བ་ཞིག་བྱུང་བའང་བྱབས་བཀྲུ་ལན་འགའ་ཡར་ཕུལ་བས་འཕྲལ་དུ་དངས{དྭངས}། དེ་སྐབས་གཙང་རྒྱུད་པ་དཔོན་སློབ་ཐམས་ཅད་ལ་ཆོས་འབྲེལ་ཙམ་ཞིག་བྱས། བདག་རྒྱུད་གསང་བ་འདུས་པ{ལ}མོས་པས་དེ་དུས་མཚམས་སྦྱོར་ཞུས་པས། ད་ལྟ་གཙང་རྒྱུད་པ་ལ་རྒྱལ་རྩེ་ནས་ཆོས་བར་འདེགས་པ་འདི་དེ་དུས་ནས་བྱུང་བ་ཡིན། དེ་གོང་ཐུགས་འབྲེལ་མི་གདའ།
དེ་ནས་སྣ་དཀར་རྩེར་སྡེ་པ་ཞལ་ངོ་རྣམས་དང་མཇལ། ནན་ཆགས་ཀྱིས་སྡོད་གསུང་བས(གསུངས་པས)ཞག་བདུན་བསྡད། དགོངས་བཞེད་ལྟར་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་། ཚེ་རྟ་སོགས་ཕུལ། རང་ཡུལ་ཏུ(དུ)འབྱོར། ཞག་པོ་ལྔ་ཙམ་བསྡད།
སླར་ཆུ་བོའི་རིའི་གྲུ་ལ་ཐོན་ཏེ། ཆུ་ཤུལ་ལྕང་གླིང་ཁང་གསར་དུ་ཆུ་ཤུལ་བའི་ཞལ་ངོ་རྣམས་དང་། ཞབས་དྲུང་བཀྲས་སྟོབས་དྲུང་གི་ལྕམ་ཆུང་ཆུང་ཞིག{བཞུགས་འདུག་པའང}འཕྲད་པར་ཕེབས་བྱུང༌།
དེ་ནས་སྐྱོར་མོ་ལུང་དུའང་ཡུམ་དྲུང་དང་མཇལ། ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་། གཅོད་ཁྲིད་བསྡུས་པ་ཞིག་ཕུལ། ཞག་གསུམ་ནས་ཞབས་དྲུང་རིན་པོ་ཆེ་ཡང་ཕེབས་བྱུང་ཞིང༌། ཚེ་རྟ་སྦྲགས་མ་ཞིག་དང་། མགོན་པོ་ཞལ་བཞི་པའི་རྗེས་གནང་ཞིག་དགོས་ཕེབས་པ་ལྟར་ཕུལ་ནས། སླར་ཆོས་འཁོར་ལྷ་སར་སླེབ(སླེབས)། ཞག་གསུམ་ཙམ་བསྡད། ཕྱག་མཆོད་སྨོན་ལམ་གང་འགྲུབ་བྱས།
དེ་ནས་ཡེར་བ་ལྕང་ལུང་ཆོས་སྡིངས་སུམ་འཕྲང་གཉའ་རི་ཁུག་རྣམས་བརྒྱུད་ནས་ཕྱིན། ཕྱག་ལ་དགོན་པར་སྟག་ལུང་གྲ་ནང་གླིང་གསུམ་གྱི(གྱིས)བསུ་བ་ཇ་འདྲེན་སོགས་སླེབ(སླེབས)།
དེ་ནས་གསོལ་བ་གུང་ཚིགས་ཀྱི་ཐོག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འགྲོ་བའི་མགོན་པོ་སྟག་ལུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་སྨོས་ཏེ། རྗེ་བཙུན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་ཞིང༌། {བྱིན་རླབས་ཀྱི་བྱ་དགའ་ཆེན་པོ་བསྩལ། མོས་པའི་གདུང་ཤུགས་ཀྱིས་སྣང་བ་བན་བུན་དུ་འགྲོ་བ་བྱུང་།}
སང་ཉིན་དྲུང་པ་རིན་པོ་ཆེ་བར་ལེ་བ་རྣམ་རྒྱལ་རིན་ཆེན་དཔལ་བཟང་པོ་ཞབས་ཀྱང{དངོས(ངོས)ལ}འཕྲད་པར་ཕེབས་བྱུང་ཞིང༌། དེའི་སང་གླིང་དུ{འདྲེན་པ་ཐམས་ཅད་ཀྱི་སྤྱིའི་གཟུགས་མཆོག་གི}སྤྲུལ་པའི་སྐུ་དང་མཇལ། དེ་སྐབས་བཞུགས་ཡུལ་ནི་འགྲོན་ཁང་ན་གནང་འདུག །གྲོག་ཁར་ཡང་མཇལ་བར{བྱིན་རླབས་ཞུ་བར}ཕྱིན་པས། སྔར་དང་མི་འདྲ་བའི་ཤིན་ཏུ་དགེས(དགྱེས)པ་ཆེན་པོས་ད་ནི་ཤིན་ཏུ་ཡིད་ཆེས་པ་རང་ཡིན་ནོ་ཞེས་བཟེངས་སྟོད(གཟེངས་བསྟོད)པ་མང་པོ་དང་བཅས་བཀའ་སྩལ་ཡིད་ལ་འབབ་པ་དགྱེས་དགྱེས་དཔེ་མེད་གནང༌། {འདི་སྐབས་ཀྱང་བཀའ}ཆོས་ཀྱི་འབྲེལ་བ་ཐན་ཐུན་ཞུས། མྱུར་སྟབས་བཞུགས་སྒར་འདེགས་པ་གནང་སོང{བས། གཞན་ཆེར་ཞུ་མ་ཐུབ་བོ། །}
དེ་ནས་ཟླ་གཅིག་སྐོར་ཆོས་རྫོང་རྣམ་རྒྱལ་རབ་བརྟན་རང་དུ་བླ་མ་མཆོག་གི་ཞབས་དྲུང་ཁོ་ན་བསྟེན་ཅིང༌། སྔར་མ་ཐོབ་པའི་འགྲོ་མགོན་རི་བོ་ཆེ་པའི་གསུང་འབུམ་ཅི་རིགས་པའི་ལུང་སོགས་ཟབ་ཆོས་མང་དུ་ཞུས་ཤིང༌། དངོས(ངོས)ཅག་ལྟ་བུ{བྱིས་པ་སོ་སོར་སྐྱེ་བོ་བ}མ་བསྡམས་པ། {བག་མེད་པ།} མི་མཁས་པ། མཉམ་པར་མ་བཞག་པ། {ལྷོད་པ།} སེམས་རྣམ་པར་མ་གྲོལ་བའི་རང་བཞིན་ཅན་འདི་ལྟ་བུས། དམ་པ་མཆོག་འདི་ལྟ་བུ་ལ་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འབུལ་བའི་རྔོ་ཐོགས་པ་ག་ལ་ཞིག་སྟེ། འོན་ཀྱང་བཀའ་ནན་ཆེས་ལྕི་བ་ནས་མི་འབུལ་ཁ་མེད་དུ་ཤར་བ་ནི། བཀའ་སྩལ་ལས། ཉིད་ཀྱིས་རྒྱ་གར་བའི་སློབ་དཔོན་འདྲ་ལས། ཆོས་གསར་བ་མང་དུ་ཐོབ་ཡོད་འདུག་པ། དེ་རྣམས་ཆ་ཚང་བ་ཞིག་དགོས་ཕེབས་པ་ལྟར། ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས། ཐོག་མའི་རྟེན་འབྲེལ་དུ་བྱས་ནས་ཕལ་ཆེར་འབུལ་ཐུབ།
{མན་ངག་རྡོ་རྗེའི་ཚིག་དོན་གྱི་བཤད་པ། ཡེ་ཤེས་འཆར་བའི་གཞུང་དང་ཁྲིད། ཛ་ལན་དྷ་རའི་དོ་ཧའི་ཁྲིད། གཞུང་རྡོར་གོང་ཅན་གྱི་བཤད་པ། དེ་ཉིད་བདུན་འགྲེལ་གྱི་བཤད་འདོམས། རྡོ་རྗེ་ཕག་མོའི་བྱིན་བརླབས་རིགས་བདུན། ངང་པའི་རྡོ་རྗེའི་བདག་མེད་མའི་བྱིན་བརླབས། དེ་རྣམ་སོ་སོའི་སྒྲུབ་ཐབས་དང་མན་ངག །དྲན་པ་གཅིག་པ་ལ་སོགས་པ་མཱ་ཡའི་མན་ངག་དང་། མར་མེ་གཅིག་པ་ལ་སོགས་པ་དགྱེས་རྡོར་གྱི་མན་ངག་གསུམ། སེམས་ཀྱི་ཕྱག་རྒྱ། རང་བྱིན་བརླབས་སོགས་དང་། སྒྲོལ་མ་རྣལ་འབྱོར་མའི་དབང་དང་ཁྲིད། མི་གཡོ་བླ་མེད་ཀྱི་བྱིན་བརླབས་དང་མན་ངག །སྒྲོལ་མའི་མཚན་ངེས་པའི་བཤད་པ། ནོར་རྒྱུན་མ་རིགས་གཉིས་དང་། ནག་པོ་ཆེན་པོ་རིགས་གཉིས་ཀྱི་རྗེས་གནང་སོགས་རྣམ་གྲངས་འགའ་ཡར་ཕུལ།}
འདི་སྐབས་སྒྲོལ་མའི་རྒྱུད་ཆེན་པོ་བསྒྱུར་མ་གྲུབ། དོ་ཧ་དང་སེམས་ཀྱི་ཕྱག་རྒྱ་སོགས་ཞུས་དག་མ་གྲུབ་པས། འགྱུར་མ་ལེགས་ཙམ་ཞིག་ཡོད། ཆོས་འདི་རྣམས་ལ་མཆོག་གི་བླ་མ་ཤིན་ཏུ་ཐུགས་དགྱེས་ཤིང་ཚིམ་པའི་ཚུལ་གནང་གིན་འདུག་པས། ཆོས་འདི་རྣམས་ཕུལ་བས་བསོད་ནམས་ཀྱི་ཕུང་པོ་མཐའ་མེད་པ་ཐོབ་པར་ཤེས་སོ། །
དེ་ལྟར་ཟླ་གཅིག་ཙམ་ནས་གནས་བཅུའི་གོས་སྐུ་ཁྱད་པར་ཅན་བཞེངས་པའི་དགོངས་བཞེད་ཀྱིས་བཀའ་ཕེབས་སོ་སོར་གནང་བ་ལྟར། སྤྲུལ་སྐུ་སྨན་ཐང་པ་བློ་བཟང་རྒྱ་མཚོ་ལ་སོགས་པ་ཡང་སྐུ་གཞོགས་སུ་འབྱོར། ངེད་རྣམས་སྟག་ལུང་གླིང་གི་གཟིམས་སྤྱིལ་དུ་བསྐྱས(བསྐྱལ)། དེའི་གནངས་ཉིན་ནས་གོས་སྐུ་འཚེམ་པའི་གྲ་ཡང་ཚུགས་ཤིང༌། དངོས(ངོས)ཀྱིས་ཟླ་གཅིག་ཙམ་གྱི་བར་དུ{མཆོག་གི}སྤྲུལ་པའི་སྐུ་ངག་གི་དབང་པོའི་ཞབས་པད་བསྟེན་པ་ལས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཀླུ་སྒྲུབ་ལུགས་ཀྱི་དབང་དང་། གསང་འདུས་འཇིག་རྟེན་དབང་ཕྱུག་གི་དབང༌། མི་ཏྲ་བརྒྱ་རྩའི་དབང༌། རྒྱུད་སྡེ་མང་པོའི་ལུང་སོགས{དབང་ལུང་དཔག་ཏུ་མེད་པ}ཐོབ།
བཀའ་ནན་ཕེབས་པ་ལ་བརྟེན་སྟེ(ཏེ)། ཕར་ཕུལ་བ་ཡང་བདེ་མཆོག་ནག་པོ་པའི་དབང༌། བདེ་མཆོག་བོང་ཞལ་ཅན་གྱི་དབང༌། སངས་རྒྱས་ཐོད་པ་ཉེར་ལྔ་མའི་དབང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལུང་དང་བཅས་པ། སྒྲོལ་མ་ཉེར་གཅིག་ཇོ་བོ་ལུགས་ཀྱི་རྗེས་གནང་། {གྲུབ་བརྒྱའི་བྱིན་རླབས་ལ་ཕྱག་ལེན་ལྟར་རྣམ་ཐར་ཀློག་རྗེས་བྱིན་རླབས་དང་། དབང་བཞི་པའི་སྐབས་སུ་སོ་སོའི་དོན་རྩ{དོ་ཧ}འགྲེལ་ཀློག་པ། སྒྲོལ་མ་ཉེར་གཅིག}ལ་ཡང་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་། {ཕྱག་ལེན་ལ}སྤེལ་མར་མཛད་པས། གང་ལྟར་ནའང་ཉི་མ་གཉིས་ལ་བྱིན་རླབས་རྗེས་གནང་བརྒྱ་དང་བརྒྱད། ལུང་པོ་ཏི་གཅིག{རྣམས་ཕུལ}།
གཞན་ཡང་དབང་བཀའ་རྗེས་གནང་ཅི་རིགས་པ་དང༌། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །མཻ་ཏྲི་པའི་ཨ་མ་ན་སིའི་ཆོས་སྐོར་ཉེར་གཉིས། བཀའ་ཡིས་བསྐུལ་བའི་ཆོས་བཞི་སོགས་ལུང་ཡང་མང་དུ་ཕུལ། {ཉིན་རེ་བཞིན་བཀའ་ཆོས་ཞུ་འབུལ་ལ། གཟིམས་སྤྱིལ་ནས་འགྲོན་ཁང་དུ་འགྲོ་བའི་ལམ་ལྕགས་རིའི་སྟེང་བརྒྱུད་ནས་ཕྱིན། འགོལ་ཞིང་ཁམས་དངས(དྭངས)པར་བྱུང་།}
སྟག་ལུང་ཚོགས་སུ་ཡང་སྦྱོར་དྲུག་ཤིན་ཏུ་རྒྱས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཞེད་སྲོལ་ལྟར་མཐར་རྒྱས་སུ་བྱས། {བླ་མ་དམ་པ}དྲུང་པ་རིན་པོ་ཆེ་བར་ལེ་བར་ཡང་སྦྱོར་དྲུག་ཇོ་ཞལ་གཉིས་ཀའི་ལུགས་ཚང་མར་ཕུལ། དེ་ལྟར་ཟླ་གཅིག་གི་མཚམས་སུ་གོས་སྐུ་ཡང་ལེགས་པར་གྲུབ། {དེ་ཡང་གནས་བརྟན་གྱི་གོས་སྐུ་གཉིས་ཅར་ལ་ཞེང་ལ་འདོམ་དྲུག །དཀྱུས་སུ་འདོམ་བཅོ་ལྔ། མི་ཆད་ངེས་པ་ལྷ་ཚོགས་ཤིན་ཏུ་མང་བ་དང་བཅས་པ། ཆེས་མཚར་བ་རང་དུ་གྲུབ་པ། བཟོ་བོ་བཅུ་བཞིས་དེ་ཙམ་ལ་གྲུབ་པ་ཡང་བླ་མ་དམ་པ་ཉིད་ཀྱི་ཐུགས་རྗེའི་ཆོ་འཕྲུལ་དུ་གོ}། དེ་མཚམས་དངོས་ལ་རབ་གནས་བྱེད་དགོས་པར་བཀའ་སྩལ(བསྩལ)ཏེ། མཆོད་ཁང་ཆེན་མོའི་ལྷ་ཁང་ཤོད་དུ་གཟའ་སྐར་གྱི་སྟབས་ནས། སྟ་གོན་གྱི་ཆོ་ག་ཐམས་ཅད་སྲོད་ལ་གྲོལ་བར་བྱས།
ནམ་ཕྱེད་ནས་དངོས་གཞིའི་ཆོ་ག་རྩུགས(བཙུགས)ཏེ། རབ་གནས་ཀྱི་དངོས་གཞིའི་ཆོ་ག་ཚ་གོང་དུ་རྫོགས་པར་གྲུབ་པ{མཛད}། སླར་སྔ་སོར་བཞེངས་པ་གནང་བའི་ཐུབ་དབང་གི་གོས་སྐུ་ཉིད་གཙོ་བོར་མཛད་ཅིང༌། དེ་རེས་གསར་བཞེངས་གནང་བའི་གནས་བཅུའི་གོས་སྐུ་གཉིས་པོ་གཡས་གཡོན་དུ་ལྡེམ་གྱི་ཚུལ་དུ་གནང༌། བླ་མ་དམ་པ་ཁུ་དབོན་དགེ་འདུན་རྒྱ་མཚོའི་ཚོགས་དང་བཅས་པས་བརྟན་བཞུགས་དང་། མཆོད་བསྟོད་གཟབ་རྒྱས་སུ་གནང༌། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང༌།
སླར་རྗེ་བཙུན་བླ་མ་དམ་པ་ཉིད་སེང་གེའི་ཁྲི་ལ་གདན་ཆགས་པར་མཛད་དེ། དངོས(ངོས)ཅག་ཆོ་ག་བ་རྣམས་ཀྱིས་རབ་གནས་རྗེས་ཆོག་གི་ཤིས་བརྗོད་རྒྱས་པ་རྣམས་ཕུལ་ཞིང༌། ཉིན་གུང་བླ་མ་དམ་པ་ཁུ་དབོན་གཉིས་གཙོ་བོར་ཕེབས{པ་གནང་བའི་ཕྱག་ཕྱིར་བདག་ཀྱང་དཀྲིས་ཤིང}གྲལ་པ་གཞི་བྱེས་ཀྱི་མི་དྲག་ཚད་འདུས་པ་ལ་བཞི་བརྒྱ་ཙམ་ཞིག་བྱུང༌། རབ་གནས་དགའ་སྟོན་བསམ་གྱིས་མི་ཁྱབ་པས། གཞིས་བྱེས་ཐམས་ཅད་ཡིད་བརྟས་པར་གནང་ཞིང༌། དེའི་ནང་བར(ནངས་པར)སྐུ་འབུམ་ལྟག་ཏུ་གཞི་བྱེས་རགས་བསྡུས་ལ་ཡང་དགའ་སྟོན་རྒྱ་ཆེན་པོ་གནང༌།
སླར་རབ་གནས་རྗེས་ཀྱི་རྒྱས་པའི་སྦྱིན་སྲེག་སོགས་ཀྱང་ཕྱག་ལེན་མཐའ་རྒྱས་རང་བྱས{ཤིང}། དེ་མཚམས་ནས{འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མཆོག}དཔལ་རྭ་སྒྲེང་གི་གཙུག་ལག་ཁང་ལ་ཕྱག་མཆོད་བགྱིད་པར་ཕྱིན། ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་རྟེན་བྱིན་རླབས་ཅན་ཐམས་ཅད་ལ་གསེར་ཆབ་རྒྱས་པར་ཕུལ། གཞན་ཡང་རྟེན་ཐམས་ཅད་ལ་སྙན་དར་དང༌། ལྷ་ཁང་མཆོད་རྟེན་ཐམས་ཅད་ལ་དར་ཅོག་སོགས་གཅིག་ལའང་མ་ཆད་པར་འབུལ་ཐུབ་ཅིང༌། ཐམས་ཅད་ལ་སྨོན་ལམ་གྱི་ཡི་གེ་སོགས་ཐེབས། རྨི་ལམ་དུ་འཇམ་པའི་རྡོ་རྗེའི་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ཀྱང་གསལ་བར་བྱུང༌། དེ་བཞིན་དུ་རྣལ་འབྱོར་ནམ་མཁའི་སྐུ་ཆེ་ལ་གསལ་བ་ཞིག་ཀྱང་རྨིས། འདི་སྐབས་ཀྱང་ཞག་བདུན་བསྡད་ཅིང༌། ཚོགས་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་དང་ཁྲིད་བསྡུས་པ་ཞིག་བྱས་ཏེ། ཟང་ཟིང་གིས་ཀྱང་དེར་བཞུགས་རྣམས་ཡིད་ཀྱི་རེ་བ་གང་བར་གྱུར་ཏོ། །
འདི་སྨྲས་པ།
མཐའ་ཡས་དགེ་བའི་འོད་དཀར་འབུམ་འཆར་བ། །
འདི་དག་སྔོན་གོམས་སྟོབས་ཀྱིས་དྲངས་པ་སྟེ། །
ཟླ་བ་གསར་བ་གཅིག་འཆར་མཚར་ཅི་ཡོད། །
འགྲོ་ཀུན་ཡིད་མཁར་རྟག་ཏུ་འཆར་འདི་མཚར། །
{ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་ཆོས་ལྡན་གྱི་བྱ་བ་འགའ་ཞིག་ལས་བརྩམས་པ་སྟེ་བཅུ་གཅིག་པའོ། །}