Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

བརྒྱད་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

མཚངས(མཚམས)འགྲོལ་འཕྲལ་ལ་ཉེ་སྐོར་གྱི་ཡུལ་མི་རྣམས་ལ་ཁྲོམ་དབང་ཚེ་དབང་ཞིག་བྱས། འཁོར་ལོ་བདེ་མཆོག་གི་ཐང་ཀ་དང་དཔེ་སྟེར་མཁན་བྱུང་བ་ལ་ཉེ་བཟང་ཁྲི་སྣར་གཉིས་ནས་འབོད་མི་ནན་ཅན་བྱུང་བ་ལྟར་ཁོར་རེ་ཙམ་རེ་ཕྱིན། ཚུར་ལམ་ཁྲི་ཁང་ནས་སྨན་ལུང་དུ་ཞག་གཅིག་བསྡད། ནཱ་རོ་པའི་ཕྱག་དྲིལ་དང་ཐུགས་དམ་དགྱེས་རྡོར་གྱི་དཀྱིལ་ཐང་མཇལ། གསོལ་བ་བཏབ།

ནང་བར(ནངས་པར){ཐར་པའི་ལ་ལ་བྱས་ཏེ}མདོལ་བྱུང་དུ་སླེབ(སླེབས)། ཞག་ཤས་བསྡད་ཅིང༌། གཟིམས་ཁང་ལ་རབ་གནས་དང་། དགོངས་བཞེད་ཀྱི་ཆོས་ཐན་ཐུན་ཕུལ།

བསམ་སྡིངས་སུ་ཁོར་ཙམ་ཕྱིན། འཇག་པ་དཔོན་སློབ་གྲྭ་རིགས་ཐམས་ཅད་ངེད་ལ་འཕྲད་པ་དང་། ཆོས་འབྲེལ་ནོད་པར་ཕེབས། འཇག་བསམ་ལྷན་དུ་ཚོགས་པ་དེ་ག་ལ་དུས་གཏོར་ཆེན་མོ་ཡང་མཛད། མཁའ་འགྲོ་མའི་དབུ་ཐོད་བྱིན་རླབས་ཀྱི་རྟགས་ཅན་གཅིག་ཀྱང་ལག་ཏུ་བྱུང༌། དེ་དུས་ནང་མཆོད་ལ་བདུད་རྩི་རིལ་བུ་གཅིག་རང་བརྡུངས་ནས་བཏབ། དེ་ནས་ཆང་རྣམས་ལ་ཅུང་ཟད་རེ་གཏོར། ཆང་དེ་ཚོ་འདྲེས་ཚད་དམ་རྫས་དྲི་ཞིམ་མཚུངས་པ་མེད་པ་རང་གིས་ཁྱབ། ཕུད་མཆོད་བྱེད་ཟེར། སྟོན་མོ་ཚོགས་འཁོར་ཉིན་རེ་ལ་ལན་གཉིས་རེ་ཙམ་ཡོང་བ་ལ་སྙད(བསྙད)པའི་ཆང་མཐུང(འཐུང)གི་ཡོ་ལང་ཞག་མང་པོ་བྱུང་བའི་རྟིང་མ་ཆང་ལྷག་ཚུན་ཆོད་ལ་དྲི་བཟང་ཆིལ་ཆིལ་རང་ཡོད་པ་བྱུང་བ་མི་མངས་ཐམས་ཅད་ཀྱིས་མཐུང(འཐུང)མྱོང་བའི་རྫུན་མེད་རང་ཡིན།

སླར་སྟག་རྩེ་བརྒྱུད། རྩེ་ཆེན་ཆོས་སྡེའི་བླ་བྲང་ཤར་དུ་སླེབ(སླེབས)། དགུན་ཟངས་ཀྱི་བསྡད། མཚམས་ཧ་ཅང་དམ་པ་མ་ཡིན་པ། ཕྱི་མཚམས་མེད་པ་བྱས། སངས་རྒྱས་ཐོད་པ་དང་། མ་ཧཱ་མཱ་ཡའི་གྲངས་བསྙེན་རེ་སོང༌། བདེ་དགྱེས་ཀྱི་རྒྱུད་འགྲེལ་ཀུན་ལ་དཔེ་བལྟ་རེ་ཡང་མ་ཆག་པར་བྱས། དེ་སྐབས་མཁན་རིན་པོ་ཆེས། རྗེ་འཕགས་པའི་དྲུང་གདན་སར་བསྐོ་བཞག་གནང་བ་དཔོན་སློབ་གཉིས་ཅར་དུ་ཇ་ཞུས་གང་ཟབ་རེ་ཕུལ་ཞིང༌། མཚམས་གྲོལ་འཕྲལ་མཁན་རིན་པོ་ཆེ་མཇལ་བ་དང་། ཆོས་ཞུའི་བཞེད་ཆེན་པོ་ཡོད་ནའང༌། གསང་སྟབས་ནས་ནུབ་ཆོས་ལུང་དུ་འཕྲལ་ཕེབས་ཤར།

ཆོ་འཕྲུལ་གྱི་རིང་ལ{སྲས་ཡུམ་རྣམས་ཀྱི་བཀའ་ཕེབས་ལྟར}སྒྲོལ་མ་ལྷ་ཁང་དུ{བསྡད་ཅིང}གསུང་རབ་རྣམས་ལ་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་བྱས། དེ་སྐབས་ཀུན་དགའ་ཆོས་ལྡན་པ་ལོ་གསུམ་གྲོལ་ཞིང༌། མཁན་རིན་པོ་ཆེའི་དགོངས་པའང་གྲོལ་བ་ནས་ངེད་ཀྱི་ཟླ་ལ་བྱུང༌།

ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ཤར་ཕྱོགས་སུ་བསྐྱོད། དེ་གོང་བློ་བདེ་ནས་ཡུམ་དྲུང་གཤེགས་པའི་དམིགས་ལྟས་གསལ་པོ་ཞིག་བྱུང་བ་སྐབས་འདིར་དངོས་གསལ་དུ་གྱུར།

བཅུ་བདུན་གྱི་ཉིན་སྟག་ལུང་རྫོང་རྩེར་སླེབ(སླེབས)། {ས་སྐྱོང}ཡབ་སྲས་རྣམས་དང་མཇལ། ཕྱག་གི་རྟེན་མཇལ་རྣམས་ཞིབ་པར་བྱས། རྗེ་བཙུན་ཨོ་རྒྱན་མཚོ་མོའི་སྐུ་སྐྱེ་ཡེ་ཤེས་དབང་མོ་དང་ཡང་མཇལ་བ་རྨི་ལམ་བཟང་བར་མངོན་པ་ཙམ་བྱུང༌། ཡར་འབྲོག་བསམ་སྡིངས་པ་རང་གི་ཕྱག་གི་རྟེན་མཇལ་རྣམས་ཞིབ་ལེན་བྱས། སྡེ་པ་གཡུ་ལོ་བའི་ནང་རྟེན་སྨན་པའི་རྒྱལ་པོའི་གསེར་སྐུ་ལ་རབ་གནས་བགྱིས་ཤིང༌། སླར་ཡོན་མཆོད་ལྷན་དུ་སྟག་ལུང་བླ་བྲང་དཀར་པོར་ཕེབས། ནེ་གུའི་ཁྲིད་དགོས་ཕེབས་པ་ལྟར། སྒྱུ་ལུས་དབང་མོ་ཆེས(ཆེའི)སྒོ་ཕྱེ་ནས། ཁྲིད་ཚུལ་ཤིན་ཏུ་སྨིན་པ་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ཕུལ། ཆོས་རྗེ་སྔགས་རམ་པས་གསོལ་བ་བཏབ་ནས། སློབ་དཔོན་རིན་པོ་ཆེས་དུས་ཀྱི་འཁོར་ལོའི་དབང་ཁྲིད་ཡོངས་སུ་རྫོགས་པར་གནང་སོང་ཞིང་། དམ་པོ་རྒྱག་པའང་མང་དུ་བྱུང༌།

དེ་སྐབས་སྡེ་པ་བསྟན་འཛིན་དྲུང་གིས་དངོས་ལ་མཇལ་རེས་ཀྱི་ཕྱག་རྟེན་བཟང་པོ་ཆག་མེད་མཛད། བཀྲ་ཤིས་ཁ་རྟགས(བཏགས)བཟང་བ་རང་ཡང་ཕྱེད་ཉིས་བརྒྱ་ཙམ་བྱུང་ཞིང༌། དེ་ཐམས་ཅད་ལྷ་ས་དང་། རྭ་སྒྲེང་གི་བར་དུ་སྙན་དར་འབའ་ཞིག་ལ་ཕུལ་བས། གཉིས་ཐད་དུ་དགེ་ཚོགས་འཕེལ་བར་བྱུང་ངོ༌། །

ང་ནི་བླ་མ་ནོར་པོ་ཆེ་དེ་མིན། གང་ཡོད་དགེ་བ་ལ་གཏོང་མཁན་ཅིག(ཞིག)དེ་དུས་ནས་ཡིན། སྡེ་དཔོན་དང་མི་ནག་པ་ལ་ཡོན་གནས་འཆོལ(འཚོལ)མཁན་གྱི་བླ་རྫུས་ཚོ་དང་ཅུང་མི་འདྲ་ལགས།

{དེ་ནས་སྣ་དཀར་རྩེ་བརྒྱུད་དེ་དཔལ་དེའི་བར་དུ་སྡེ་པ་མ་ཆེན་གྱིས་ཀྱང་སྐྱེལ་མར་ཕེབས།} དེ་ནས་ཛོ་གི་མང་པོ་དང་ཡང་ལམ་སྡེབས་བྱུང་སྟེ་རང་ཡུལ་དུ་བརྟོལ། དྲིན་ཅན་གྱི་མ་དང་མཇལ་ཞིང་། ཞག་ཤས་བག་ཕེབས་པར་བསྡད།

ཆུ་བོ་རིའི་གྲུ་ལ་ཐོན། ཀུན་ཆོས་པ་ཡར་འབྲོག་ནས་བཟུང་ནས་ཆུ་ནད{ཀྱིས་ཤིན་ཏུ་བསྙུང་བར}སྨན་དཔྱད་སོགས་གང་དྲག་བགྱིས་ཀྱང་མ་ཕན་ཏེ། སྐྱོར་མོ་ལུང་དུ་སླེབ(སླེབས)ཙམ་ཡོང་ལ། རེ་བའི་བློ་འདུན{གྱིས་བྱོན་པ}ཡིན་ནའང༌། ཆུ་ཤུལ་གླ་རའི་གོང་ཙམ་དུ་འདས། འོན་ཀྱང་ཕུང་པོ་ལ་འཇའ་ཚོན་ཟུག་པ་སོགས་ཡ་མཚན་པའི་རྟགས་མང་དུ་བྱུང༌།

གྱེ་རེ་ལྷ་ཁང་དུ་ཚ་ཐོག་ལ་སླེབ(སླེབས)། བྲིས་སྐུ་ཁྲག་འཐོར་མའི་རྟེན་མཇལ་དགོས་ཚུལ་ཞལ་ངོ་རྣམས་ལ་འཕྲོད་ཕུལ་བས། རྗེ་དམ་པའི་སྐྱེ་བ་ཡིན་ན་རང་རེའི་རྗེ་སངས་རྒྱས་རས་ཆེན་དངོས་ཡིན་འདུག་པས་མཇལ་དགོས་པར་འདུག །དེ་མིན་བྲིས་སྐུ་རྟེན་མཇལ་ལ་བསྐུར་གཏོང་གསུང(གསུངས)ནས། བརྟག་བསྒྲིལ་མཛད་པས་བརྟག་པ་ཐོན་གསུང(གསུངས)།

དེ་འཕྲལ་ལྷ་རིན་པོ་ཆེ་སྐུ་མཆེད་གཉིས་ཅར་ཕེབས་ཏེ། ཕྱག་སོགས་གུས་པའི་བཀུར་བསྟི་དཔག་ཏུ་མེད་པ་མཛད། རྟེན་མཇལ་རྣམས་ཀྱང་ཤིན་ཏུ་ཞིབ་ཅིང་། བློ་ཁོག་ཚིམ་པར་བྱུང༌། བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཞིག་ཀྱང་ཕུལ།

སང་ཉིན་སྙེ་ཐང་འོར་གྱི་ལྷ་ཁང་རྣམས་མཇལ། རིམ་པས་སྐྱོར་མོ་ལུང་དུ་འབྱོར། ཞབས་དྲུང་ཡུམ་དྲུང་དང་མཇལ་བས། ཤིན་ཏུ་དགྱེས་པའི་ངང་ནས་དགོངས་བཞེད་ཀྱི་དབང་ཆོས་ཅི་རིགས་པ་ཕུལ། ཞག་བཞི་ཙམ་བསྡད།

དེ་ནས་དཔལ་གྱི་ཆོས་འཁོར་ལྷ་སར་སླེབ་ཅིང(སླེབས་ཤིང)། ཞག་བཅུ་གསུམ་ཙམ་བསྡད། ཉིན་རེ་བཞིན{ར་ས}འཕྲུལ་སྣང་རང་ལ་རྟེན་མཇལ་ལན་གཉིས་མ་རེ་དང༌། ར་མོ་ཆེར་ལན་རེ་ཆག་མེད་དུ་ཕྱིན། དེ་སྐབས་རྒྱུ་དངོས་བཟང་པོ་མེད་ནའང་གང་ཡོད་མཆོད་རྫས་ལ་འབུངས་ཤིང༌། ཙན་དན་དཀར་དམར་ཛཱ་ཏི་གུར་ཀུམ་སོགས་དྲི་བཟང་གི་ཕྱེ་མ་ཀ་ཏོ་ར་དོ་ཙམ་ཞིག་ལ་གསེར་ཞོ་བཅུ་དྲུག་ཙམ་བསྲེས། ཉིན་རེ་བཞིན་སྐུ་རྣམས་ལ་གཏོར། དྲི་བཟང་གི་བདུག་སྤོས་དང་། སྙན་དར་ཡང་རང་བློ་ཚིམ་པར་འབུལ་རྒྱུ་བྱུང༌། ལྷ་ས་རང་དང་། ར་མོ་ཆེ་དང་། ལྷ་ཁང་རྨེ་རུ་ཕོ་བྲང་དམར་ལྕགས་གྲིབ་མདའ་ལྷ་ཁང་ཚུན་ཆད་ཀྱི་ལྷ་ཐམས་ཅད་ལ། གསེར་ཞལ་ཡང་བཟང་རབ་བྱུང༌། ལྷ་ཁང་སོ་སོར་སྨོན་ལམ་ཡང་མང་དུ་བཏབ།

དེ་ནས་ཡེར་བ་མཇལ་བར་ཕྱིན། སྟག་ལུང་ནས་དཔོན་སའི་དྲུང་ཤིན་ཏུ་དགྱེས་པའི་རིང་ནས་ཞག་ཤས་བསྡད། ཞབས་དྲུང་སྟོབས་རྒྱས་དྲུང་འབྲི་གུང་ཕྱོགས་ནས་དེར་ཕེབས་པ་དང་མཇལ། ཤིན་ཏུ་དགྱེས་པར་བྱུང༌།

དེར་སྟག་ལུང་ནས{མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས}འབོད་མི་གནང་བྱུང་བ་བཞིན། ཡེར་པའི་ལ་རྒྱབ། ཇོག་པོའི་ནང་ལ་བབས་ཡོང་། མཁར་རྩེ་བའི་སྡེ་པ་རྒྱལ་བུ་ཡེར་བ་མཇལ་བར་ཕེབས་པའི་ཕྱག་གཡོག་རྣམས་དང་ལམ་དེར་འཕྲད་བྱུང་ཞིང༌། སྡེ་པ་རང་ལམ་གཟུར་བ་ཙམ་མཛད་སོང༌།

དེ་ནུབ་གཉག་གྲོང་དུ་བསྡད། སང་ཉིན་ལྷུན་གྲུབ་རྫོང་དུ་སྲས་ཡུམ་ཚོར{ཡུམ་དྲིན་མོ་ཆེ་དང་། ལྕམ་སྐུ་མཆེད་སོགས་དང་མཇལ།} ཚེ་རྟ་སྦྲགས་མ་ཞིག་དགོངས་གཞེད(བཞེད)ལྟར་ཕུལ།

སང་སྔ་བར་ཕྱག་ལ་རྒལ(བརྒལ)ཕྱིན་མཚམས། གྲྭ་ནང་གླིང་གསུམ་གྱི་མཁན་སློབ་མི་སྣ་སོ་སོ་དང་བཅས་པ་རྣམས་ཇ་འདྲེན་དང་བསུ་བར་ཕེབས། ཉི་ཕྱེད་ཙམ་ལ་གླིང་གི་དགེ་འདུན་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་དང་བཅས་ཏེ་གཟིམས་སྤྱིལ་དུ་འབྱོར།

གནངས་ཉིན་དེ་གཟའ་སྐར་བཟང་བ་ཡོད་འདུག་པ་ནས། མཆོད་ཁང་རྩེར་རིགས་བརྒྱའི་མགོན་པོ་སྤྲུལ་པའི་སྐུ་ངག་དབང་རྣམ་པར་རྒྱལ་བའི་ཞབས་དྲུང་དང་མཇལ{ཞིང}། བཤག་བྱང་དུ་སྣ་ལེན་གྱི་བཞུགས་གྲལ་བཟབ་རྒྱས་སུ་གནང་ཞིང༌། ཕྱག་རྡོར་འཆི་བདག་འཇོམས་པའི་ཚེ་དབང་དེ་ཉིད་ཆོས་འབྲེལ་གྱི་ཐོག་མར་ཞུས་ཤིང༌། དེ་མཚམས་ནས་བདེ་མགོན་ལྷ་མོ་སོགས་ཀྱི་དབང་རྗེས་གནང་སོ་སོའི་ཆོས་སྐོར་ཡོངས་རྫོགས། ཁྱད་པར་སྐུ་རགས་སྐོར་གྱི་འཁྲིད་ཚུལ་ཞིབ་རྒྱས་སུ་སྩལ(བསྩལ)། འགྲོ་མགོན་རིན་པོ་ཆེ་ཕག་གྲུའི་བཀའ་འབུམ་ནས་ཟབ་བསྡུས་ཀྱི་གླེགས་བམ་གཅིག་ཙམ་དང༌། སྟག་ལུང་ཐང་བ་ཆེན་པོའི་བཀའ་འབུམ། གཞན་ཡང་རྒྱུད་སྡེ་མང་པོའི་ལུང་སོགས་ཐོབ་ཅིང༌། དངོས་ཀྱིས་ལྷ་ཁང་ཤོད་དུ་ཚོགས་པ་རྣམས་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང༌། ནཱི་གུ་སོགས་ཅི་རིགས་པར་བཤད།

{སྤྲུལ་པའི་སྐུ་ཆེན་པོས} བཀའ་ནན་ཆེར་སྩལ(བསྩལ)བ་ལ་བརྟེན་ཏེ། ཞབས་དྲུང་དུ{དངོས་ལ་ཆོས་འབུལ་བའི་ནུས་པ་མེད་ཀྱང} འཇམ་དཀར་གྱི་རྗེས་གནང་ཞིག་གིས་ཐོག་མའི་ལེགས་བྱས་ཀྱི་སྒོ་ཕྱེ་ནས། དགོངས་བཞེད་ལྟར་ཆོས་བཀའ་ཅི་རིགས་པ་ཕུལ། འདི་སྐབས་སྟག་ལུང་དུ་ཟླ་བ་ཕྱེད་དང་གཉིས་ཙམ་སོང༌།

བར་སྐབས་ཤིག་རྭ་སྒྲེང་མཇལ་བར་ཕྱིན། ཕར་ལམ་སེར་གླའི་གནས་མཇལ་བྱས་ནས། ཕུ་མདོར་སྡེ་པ་ཡབ་སྲས་རྣམས་དང་ཡང་མཇལ། རྭ་སྒྲེང་དུ་ཞག་པོ་བདུན་ཙམ་བསྡད། གསེར་ཞལ་དང་མཆོད་པ་སོགས་རང་ལ་ལྟོས་པའི་གང་དྲག་འབུལ་རྒྱུ་བྱུང༌། འདི་སྐབས་རྗེ་གྲོག་ཁ་བ་དང་ཡང་མཇལ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཞིག་ཞུས།

སྟག་ལུང་ནས་ཕྱིར་འོངས་དུས་ཞབས་དྲུང་རྩེར་རྟེན་འབྲེལ་གྱི་བཀྲ་ལེགས་པའི་དབང་དུ་བྱས། {སྤྲུལ་པའི་སྐུར}ཚེ་རིང་མཆེད་ལྔའི་རྗེས་གནང་ཞིག་ཞུས་ཤིང༌། {སྤྲུལ་པའི་སྐུར}བརྟན་བཞུགས་གཟབ་རྒྱས་ཤིག་ཀྱང་ཕུལ། ལྷ་འཕྲེང་གི་རྣམ་པས་ཆར་བརྡུངས་ཡང་ཡང་བྱུང༌། དེ་ནུབ{གསོལ་དཔོན}དབུ་མ་བའི་ནང་དུ་བསྡད།

སང་ཉིན་པོ་ཏོའི་གནས་མཇལ་བྱས་ཏེ། ལྷུན་གྲུབ་རྫོང་བརྒྱུད{འབོད་མི་བྱུང་བ་ལྟར}ལྕང་ལུང་ཆོས་སྡིངས་སུ{ཕྱིན། ཆོས་སྡིངས་སུ}ཞག་བཞི་བསྡད{ཅིང}། ཚོགས་ཆོས་ཆག་མེད་དང་། སོ་སོའི་འདོད་ཆོས་ཅི་རིགས་པ་བཤད།

སྤྱན་སྔ་རིན་པོ་ཆེས་འབོད་མི་ནན་ཅན་གནང་བ་ལྟར། གླང་ཐང་དུ་ཕྱོགས་ཁྲོམ་ཆེ་གྲགས་པས་མ་ཤོགས་ནས། ཁོང་ཚོ་བྱིངས་ཀྱིས་བྱང་སྒོ་ལ་བྱོན། ངེད་ཀྱིས་ཆས་བརྫུས་ནས་ཤར་སྒོ་ལ་འོངས། ཕྱིས་ཁོང་ཚོས་ངེད་ལ་གླང་ཐང་འཛིན་བདག་བྱེད་དགོས་ཚུལ་གླེང་སླང(བསླངས)མང་པོ་བྱུང་ནའང་བྱེད་མི་དགོས་པའི་རྟེན་འབྲེལ་དུ་སོང་འདུག །ཞག་ལྔ་ཙམ་བསྡད་དེ། ཆོས་དང་འབྱོར་པ་ཤིན་ཏུ་རྒྱས་པར་བྱུང༌།

དེ་ནས་སྒོ་ལ་ལ་ཐོན་ནས། སླར་ཡང་ར་ས་འཕྲུལ་སྣང་དུ་སླེབ(སླེབས)། ཞག་དྲུག་ཙམ་ཞིག་བསྡད།

འདི་སྐབས་ནས་འབྲང་དུ་སྡོད་སྐབས་ཡན་ལ། དྲུང་སྔགས་འཆང་དོན་གྲུབ་པ་ལ་རང་གི་ཕ་མེས་ཚོའི་ཉམས་བཞེས་ཀྱི་ཆོས་མང་དག་ལ་དོགས་གཅོད་དང་གསར་དུ་ཞུ་བ་སོགས་བྱས། དེ་སྐབས་ཆུ་ཤིན་ཏུ་ཆེ་བས། ལྷ་ས་དང་ར་མོ་ཆེའི་བར་གྱི་ཆུ་ལ་ཡང་ཀོ་བ་གཏོང་དགོས་ཞག་ཁ་ཡར་བྱུང༌། སྐོར་ལམ་ཐམས་ཅད་ཀྱང་ཆུས་ཁེངས་ཤིང་། ཆུ་རགས་འཕྲལ་འཕྲལ་བརྩིགས་ཀྱང་འཕྲལ་འཕྲལ་ཞིག་འགྲོ་བའི་མི་ཐམས་ཅད་སུན་ཞིང་། གཙུག་ལག་ཁང་ལ་ཆུ་ཉེན་ཤིན་ཏུ་ཆེ་བར་འདུག་སྟེ། དཀའ་ཚེགས་ལ་མ་འཛེམ(འཛེམས)པར། ཇོ་མཇལ་ལ་ལན་གཉིས་གཉིས་དང༌། ར་མོ་ཆེར་ལན་རེ་འཆག་མེད་དང༌། ཆུ་གསེབ་ལ་ཡང་སྐོར་བ་གཉིས་གསུམ་རེ་གང་འགྲུབ་བྱས། རྟ་སྐྱོག་ཞོན་ནས་འགྲོ་བ་ཁད་དེ་འདྲ་ཡེ་མ་བྱས།

དེ་ནས་ཤུན་དུ་ཞབས་དྲུང་གྲགས་པ་རྒྱ་མཚོ་དང་མཇལ་ཞིང༌། ཤིན་ཏུ་དགྱེས་པའི་ཕྱག་སོགས་བཀུར་བསྟི་དཔེ་མེད་གནང༌།

ཆུ་རྒྱས་པས། འོད་འཕྲང་འཇོ{འཛོ}འཕྲང་ལ་མི་ཐར་བ་འདུག་པས། བང་ལ་ཟེར་བ་རི་མཐོན་པོ་ཞིག་བསྐོར་ཏེ་ཉི་མ་ཕྱེད་ཡོལ་ལ་འགའ་གྲོང་དུ་སླེབ(སླེབས)། སྔར་འདྲིས་མེད་རུང་། འགའ་གྲོང་གི་གཉེར་པས་གཞིས་ལེན་བཟང་པོ་དཔེ་མེད་བྱས། མགྲོན་པོའི་བསོད་ནམས་ལམ་གྱི་དཔེར་བྱུང༌།

{དེ་ནུབ་འཇངས་སུ་སླེབ(སླེབས)ཙམ་བྱུང་ཞིང་།} འཇངས་པའི་སྡེ་པ་ཞལ་ངོ་རྣམས་ལ་མ་ཎིའི་ལུང་ཞིག་བྱས། འཇངས་དང་འཚར་པ་སྣའི་བར་ཡང་འཕྲང་གི་ལམ་ཆུས་ནུབ་ནས། རྟས་འགྲོ་མི་ཐུབ་པ་འདུག་པས། བྱེ་ལ་ཞིག་ལ་བཅད་ནས་འོངས། རྟ་ཁལ་སོགས་ཆད། ལ་ཤིན་ཏུ་བཟར(གཟར)བས། སྦྱོང་སྤྱོད་ཆེ་བར་བྱུང་བས། འཚར་པ་སྣའི་ནེ་ཐང་དེར་ཅུང་ཟད་ངལ་གསོ་ཡིན་བསྡད།

{འཚར་པ་སྣའི} དགོན་པ་ན་རྒྱང་ནས་དཔོན་སའི་དྲུང་བཞུགས་འདུག་པས{དགོངས་ནས}འབོད་མི་བྱུང༌། དེ་ནུབ་བླ་མ་ལྷ་ཁང་དེར་བསྡད། ཞག་གཅིག་ཤིན་ཏུ་སྐྱིད་པར་བྱུང༌།

ནང(ནངས)པར་ཆུ་ཤུལ་དུ{སླེབ(སླེབས)།} མཐུན་རྐྱེན་གཟབ་མ་མཛད། ཆོས་འབྲེལ་ཞིག་ཀྱང་བྱས། ཁོང་ཞལ་ངོ་རྒན་པ་རྣམས་མོས་གུས་སྐྱེས། བསྟན་འཛིན་རིན་པོ་ཆེའི་གསུང་ཚོ་ཟོང(ཟུང)མར་སོང་ཟེར་བར་གདའ།

{དེ་ནས་བཟད་ཀྱི་དཔོན་ཁང་གི་མདུན་དེ་སྐོར། དེ་ནུབ} སང་ཡོལ་རི་གོང་དུ་སླེབ(སླེབས)ཙམ་བྱས། སྨྱུག་ལར་སྡེ་པ་དཔལ་བཟང་པ་ལ་རྩྭ་ཤིང་གི་མཐུན་རྐྱེན་དགོས་ཚུལ་ཞུ་བར། མ་ཎི་བ་དགེ་འདུན་རིན་ཆེན་གྱིས་ཕྱིན་ཡང་། མཐུན་རྐྱེན་ནི་སྣ་གཅིག་ཀྱང་མ་བྱུང༌། རི་གོང་དུ་ཞག་གསུམ་བསྡད། རང་བྱུང་མགོན་པོ་ལ་ཕྱག་མཆོད་སྨོན་ལམ་ཡིད་ཚིམ་བར་བྱས།

དེ་ནས་ལྷུན་རབ་ཏུ་འབོད་མི་ནན་ཅན་བྱུང་བ་བཞིན་ཕྱིན། གཞའ་རི་སྐྱེད་ཚལ་བ་རྣམས་ནང་འཁྲུག་གི་སྐབས་ཤིག་ན་འདུག །ཞལ་ངོ་རྣམས་ཀྱིས་གཞི་ལེན་བཟབས། {མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་མཛད།}

དེའི་སང་འབྲང་མདའི་ཚུགས་ལ་མཐོན(ཐོན)བྱས། {དེ་ནུབ}འབྲང་ཕུ་དགོན་པར་སླེབ(སླེབས)། དེ་མཚམས་སློབ་དཔོན་རིན་པོ་ཆེ་བསམ་སྡིངས་ལ་ཕེབས{སྒོ་ཤར}། ངེད་ཀྱིས{རྗེས་སུ}ཟླ་བ་གཅིག་ཙམ་བསྡད་ཅིང༌། མི་ངོ་རྣམས་ལ་ནཱི་གུའི་ཁྲིད་ཅིག་ཀྱང་བཤད། ཨ་ཁུ་རམ(རབ)འབྱམས་པ་ཞིག་བྱུང་འདུག་པ། ཁོང་གི་ཕྱག་དཔེ་རྣམས་ལ་བལྟ་རྟོག་འདྲ་བྱས། ཚད་མ་མདོའི་གཞུང་ཞིག་འདུག །སློབ་དཔོན་རིན་པོ་ཆེ་ཚད་མའི་དཔེ་ཆ་བཟུང་བ་ལ་ཤིན་ཏུ་དགེས(དགྱེས)པར་འདུག་པས། ཀུན་ལས་བཏུས་ཀྱི་གཞུང་དེ་བྱང་བར་བཟུང༌།

དེ་ནས་དཔལ་དེ་བརྒྱུད་གཡུ་མཚོ་ལ་ཀོ་བ་བཏང་སྟེ་སྒོ་ལུང་བར་སླེབ(སླེབས)། ཡུལ་པ་དང་དགོན་པ་སོ་སོར་ཚེ་དབང་སོགས་འདོད་ཆོས་འདྲ་བཤད་ནས། ལྷུན་གྲུབ་སྨོན་མཁར་དུ་སྡེ་པ་བསྟན་འཛིན་དྲུང་དང་མཇལ། དེ་མཚམས་ནས་ཟླ་གཅིག་མཚམས་དམ་པར་བཅད། མི་གཡོ་བ་སྔོན་པོའི་བསྙེན་པ་ཞིག་བྱས། དེ་གྲོལ་མཚམས་འཛམ་གླིང་ཆོས་འཁོར་ནས་རིན་པོ་ཆེ་གྲགས་པ་ལྷུན་གྲུབ་པ་གཙོ་བོར་བྱོན་པའི་དོ་ནང་གི་བླ་མར་སྨོས་པ་བདུན་བརྒྱད་ཞིག(ཅིག)དང༌། གཞན་ཡང་དོན་གཉེར་སུམ་ཅུ་སྐོར་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། ནཱི་གུའི་ཁྲིད་ཚུལ་ངག་ནས་བཤད་ཅིང༌། ལྷག་མ་ཁྲིད་བརྒྱ་ལུང་ཁྲིད་ཀྱི་ཚུལ་དུ་རྫོགས་པར་བཏང༌། གསང་འདུས་སྒྲོན་གསལ་གྱི་དཔེ་ཞིག་སྟེར་མཁན་བྱུང་བ་དགའ་བ་དང་གུས་པ་ཆེན་པོས་བལྟ་རྟོག་ཀློག{ཐར}འཐེམས་པ་ཞིག་བྱས{ཀྱང}། དེ་སྐབས་གོ་རྟོགས་ནི་གཅིག་ཀྱང་མ་བྱུང་ཀྱང(ཡང)། ཕྱིས་གོ་བ་རང་ཞིག་བྱེད་སྙམ་པའི་ཞེ་དམ་བྱས།

དགོན་པ་ལྷ་ལུང་དུ་ཕྱིན་པས་ཡ་མཚན་པ་གཅིག་ཡོད། རིམ་པས་ཡོན་མཆོད་ལྷན་ཅིག་རྒྱགས་ཀྱི་གཞིས་ཀར་ཕེབས། སང་སྔ་བར་བྱོན། སྔོན་དུས་མར་པ་དོ་པའི་བཞུགས་གནས་རྒྱགས་མདའི་ལྷ་ཁང་ཞིག་རོ་དེར་ཕྱིན། ས་ཕྱོགས་དེ་གྲུབ་པའི་བསྟི་གནས་སུ་འདུག་པས། གུས་པ་ཆེན་པོས་ཕྱག་དང་སྐོར་བ་ཞིག་བྱས། དར་ལྕོག་ཅིག་བཙུགས། འཛམ་གླིང་ཆོས་འཁོར་དུ་གུང་ཚིགས་བྱས།

སྣ་དཀར་རྩེའི་ཀླུ་སྡིངས་སུ་སླེབ(སླེབས)། དེ་ནུབ་རྨི་ལམ་དུ་བུད་མེད་ཅིག་ན་རེ། མར་དོ་ལོ་ཙཱ་བ་དེ་བདེ་མཆོག་འཁོར་ལོ་རང་ཡིན་ཏེ། མཁས་སུ་རེ་བ་འགའ་ཞིག་གིས་སྐུར་པ་བྱེད་ཀྱིན་འདུག །ཁྱེད་རང་མར་དོའི་གསུང་ལ་ལྟོས་དང་། འཁོར་ལོ་སྡོམ་པའི་ངེས་གསང་རྣམས་དེ་ན་ཡོད་ཟེར་བ་ཞིག་བྱུང༌། ཕྱིས་གླང་མཚོའི་འགྲམ་དུ་བུད་མེད་ཁྱིམ་མ་གཅིག་གིས་ལྔ་ཚན་གཅིག་བྱིན་པའི་སྡེབས་ལ་མར་དོའི་འགྱུར་རྩ་རྒྱུད་ཆན(མཆན)མ་གཅིག་བྱིན་བྱུང་བ། དེ་ལ་བལྟས་དུས་རྒྱུད་ཀྱི་ཚིག་དོན་འགའ་རེའི་གོ་བ་ལ་ཕན་པ་བྱུང་བ་དང༌། ལར་ཕྱི་ནང་གི་བྱང་ཕྱོགས་སྐོར་དོ་བ་ལུགས་བཤད་པ་བཟང་པ་ལ་ལྟ་བ་འདྲ། གཞན་དམིགས་བསལ་རང་ནི་མ་བྱུང༌།

དེ་ནས་ངེད་ཡོན་མཆོད་ལྷན་དུ་མཁའ་རོ་གངས་ཕུག་ཏུ་ཕེབས། ཞག་པོ་ལྔ་པ་ཞིག་བསྡད། དེ་ནས་གནམ་གྲུ་བཞིར་སྡེ་པ་གྲྭ་ལྔའི་དྲུང་དང་མཇལ་བྱུང༌། རྒྱལ་རྩེར་སྡེ་པ་ཞལ་ངོ་རྣམས་ལ་ཚེ་དཔག་མེད་ལྷ་དགུ་མའི་དབང་བསྐུར་ཞིག་ཕུལ་ཏེ། དེའི་སང་ཉིན་རྩེ་ཆེན་དུ་སླེབ(སླེབས)། དེ་སྐབས་དཔོན་མོ་རྒྱལ་བུ་ཁྲིད་ཕེབས་འཕྲལ་ཡིན། རྩེའི་གཙུག་ལག་ཁང་གི་གནས་བརྟན་ལྷ་ཁང་དུ་ཞག་ཤས་བསྡད། གཙོ་ཆེར་སྒྲོལ་མ་བྱིན་རླབས་ཅན་ལ་གསོལ་བ་འདེབས་པ་ཁོ་ན་བྱས། ཞལ་ངོ་སོ་སོར་དགོངས་བཞེད་ཀྱི་ཆོས་འདྲ་ཕུལ། འདི་སྐབས་ཆོས་སྡེར་རྒྱང་ཙམ་བསྡད་ཅིང་། སོ་སོའི་འདོད་ཆོས་འདྲ་བཤད།

དེ་ནས་མར་ལམ་སྟག་ཚེར་གྱི་གོང་ཙམ་དེར་ཡུར་བ་ཞིག་ན་འོད་འཚེར་བ་འདུག་པས། མགྱོགས་པོར་ཕྱིན་ནས་བླངས་ཙ་ན། དོན་ཞགས་ཁ་ཆེ་པཎ་ཆེན་ལུགས་ལྷ་ལྔའི་རྡོ་སྐུ་ཞིག་བརྙེད(རྙེད)། དེ་ནུབ་རང་གནས་བསམ་སྡིངས་སུ་སླེབ(སླེབས)།

དེ་སྐབས་ཧོར་ཟླ་བཅུ་པའི་མཇུག་ཡིན་ཞིང༌། བཅུ་གཅིག་པ་ཚེས་འཕྲལ་མཚམས་བསྡམས། ཟླ་བ་གསུམ་དུ་གཤིན་རྗེའི་གཤེད་ཀྱི་རིགས་འདྲའི་བསྙེན་པ་དང༌། དེ་རྗེས་ཟླ་བ་གཉིས་བསྟན་སྲུང་གི་བསྙེན་པ་འདྲ་བྱས། འདི་སྐབས་རྨི་ལམ་གྱི་ལྟས་རྩུབ་འགྱུར་ཆེ་བ་མང་པོ་བྱུང༌།

ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ། དཔལ་ལྡན་བླ་མ་དམ་པ་མཁས་པའི་དབང་ཕྱུག་སློབ་དཔོན་རིན་པོ་ཆེའི་དྲུང་གིས་དོན་གཉེར་མང་དག་ཅིག་གི་ངོར། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། དབང་བསྐུར་ཆ་གསུམ་བཞི་གནང་བར་སྒོ་དོད་པ། དངོས་ཀྱིས་ཀྱང་བདག་པོ་ཆེན་པོའི་དབང་གི་བར་རྫོགས་པར་ཞུས།

འདིའི་གོང་ཙམ་དུ་ཆོས་ལུང་བྱང་རྩེར་མཆེད་གྲོགས་དཔལ་སྡིངས་པས། {མཆེད་གྲོགས}གཞུང་པའི་ཁང་པ་ལ་མེ་བཅུག །གཞུང་པས་ཀྱང་དཔལ་སྡིངས་པའི་ཆས་ཁ་མང་པོ་བཅོལ་པོའི་ས་ནས་བསྐོར། གཉིས་ཀར་བླ་མ་དམ་པས་ཆོས་ལུང་ནས་འབུད་པ་གནང་འདུག །སྐབས་འདིར་དཔལ་སྡིངས་པ་བསམ་སྡིངས་སུ་སླེབ(སླེབས)བྱུང་། ཆས་ཁ་སོགས་གང་དྲག་བྱིན་ནས་བརྫངས། ཁོང་སྨོན་གྲོ་བའི་རྩ་མི་རང་ཡིན་ཏེ། རང་ལ་ཚུགས་ཁ་མ་བྱུང་ཙ་ན་གནས་སྐབས་དེར་ཁྱི་བསྐྱུར་ཝ་བསྐྱུར་ལ་སོང༌།

དེ་ནས་རིམ་པས་ཁྲི་ཁང་དུ་ཟླ་བ་ཕྱེད་ཙམ་བསྡད། སྡེ་པ་རྗེ་དྲུང་དང་ཞལ་ངོ་གཞན་སོ་སོར་དགོངས་བཞེད་ཀྱི་ཆོས་ཐན་ཐུན་ཕུལ།

དེ་ནས་སྣར་ཐང་དུ་ཞག་བཅུ་བདུན་ཙམ་བསྡད། སྡོད་ས་བྱམས་ལྷ་ཁང་དུ་བྱས། ཟེར་བཞིའི་སློབ་དཔོན་སོགས་དགེ་བཤེས་མང་དག་ལ་ནཱི་གུ་དང་སྙིང་པོ་དོན་གསུམ་བཤད།

བྱང་ཆེན་ལ་ཉིན་འཁོར་ཞིག་མཇལ་དུ་ཕྱིན། དེ་ནས་ལུ་གུ་རིར་ཞག་གཅིག་བསྡད། ཆུ་མིག་གི་རྗེ་བཙུན་མ་བཞུགས་ཀྱིན་འདུག་པས། ཕྱག་མཆོད་སྨོན་ལམ་མང་དུ་བྱས། སྲད་རིན་ཆེན་རྩེར་སྨྱུག་གྲོང་ནས་མཆོག་ལགས་ཀྱིས་གཟབ་མ་མཛད། བྱི་ལོའི་སྡེ་གཟར་གྱི་འགོ་ཡང་མངོན་དུ་གྱུར།

དེ་ནས{ཐག་གི་ཕ་ནས}བཟང་ངུའི་ལ་བརྒྱུད་བཀྲས་གླིང་དུ་གཏིང་སྐྱེས་ནས་ཞལ་ངོ་ཐམས་ཅད་བསུ་བ་ལ་ཕེབས། {མདོས་འདྲར་ཞག་གསུམ་པ་ཞིག་བསྡད། མཁར་ཆེན་དུ་ཞག་གཅིག་རང་བསྡད་ནས}ཆོས་གྲྭར{འབྱོར།} ཟླ་གཅིག་ཞག་པོ་ཉི་ཤུ་སྐོར་བསྡད་ཅིང་། ཞལ་ངོ་རྣམས་ལ་རྣལ་འབྱོར་མའི་བྱིན་རླབས་དང༌། དཔལ་མགོན་ཏྲཀྴད་ཀྱི་རྗེས་གནང་སོགས་རྗེས་གནང་ཟུར་བཀའ་མང་རབ་དང༌། ཆོས་རྗེ་སྟག་སྣ་བའི་དགོངས་བཞེད་ལྟར་དགོན་གསུམ་གྱི་གྲྭ་རིགས་དྲག་བསྡུས་རྣམས་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་ཁྲིད་ཚུལ་ཐན་ཐུན་འདྲ་བཤད། དེ་སྐབས་དུས་འཁྲུག་གི་སྐབས་ཡིན།

དེ་ནས་ལ་སྨད་ཀྱི{ཁྱུང་རྩེའི་བར་དུ་ཞལ་ངོ་རྣམས་ཀྱིས་ཀྱང་སྐྱེལ་མར་ཕེབས་པ། ལམ་དུ}དཀར་ལའི་སྒྲུབ་གནས་དེ་མཇལ་དུ་ཕྱིན་པས། བག་ཆགས་ཅུང་ཟད་ཞིག(ཅིག)སད{དེ}། བྱང་ཕུག་གི་ཇོ་བོ་མཇལ་ཞིང་། ཞག་གསུམ་གྱི་བར་དུ་ཕྱག་དང་སྐོར་བ་ཅི་ནུས་བྱས། དཀར་མེ་སྙན་དར་ཡང་མང་རབ་འབུལ་རྒྱུ་བྱུང༌།

སྟག་སྣ་ཆུ་འདུས་ཉི་ཤར་རྣམས་བརྒྱུད་ནས་དྲང་སོའི་མདའ་དེར། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། {ཐུགས་རྗེ་ཆེན་པོའི་སྒོ་ནས}བསུ་བར་ཕེབས་པ་དང་ཡང་ཞལ་མཇལ། {བླ་མའི་ཕྱག་ཕྱིར་དཀྲིས་ཏེ}བོང་ཆུའི་རབ་བརྒལ། མཚོ་སྒོར་དཔོན་ས་ཁྱེ་འདྲེན{དྲུང་གི(གིས)མཐུན་རྐྱེན་དཔེ་མེད་མཛད།}

དེ་ནས་འབྲང་དཔོན་པོའི་སར་ཞག་གཅིག་བསྡད། ཁོང་ཚོས་རུས་གཅིག་པ་ཡིན་ཟེར་བའི་ཞེན་གྱིས་སྤྲུག་སྤྲུག་བསིགས་བསིགས་བྱས།

དེ་ནས་ས་ལ་གནས་པའི་འོག་མིན{སྟུག་པོ་བཀོད་པའི་ཞིང}བྲག་སྟོད་ཡེ་ཤེས་ཀྱི་ཕོ་བྲང་དུ་སླེབ(སླེབས)། {ཞག་གསུམ་བཞི་སྐུ་ངལ་གསོ་བ་གནང་།} བླ་མའི་བཀའ་བཀོད་དང་བསྟུན་ནས། སྒྲུབ་སྡེ་རྣམས་ལ་ནཱི་གུ་ཞིག་བཤད། སྔ་ཕྱིར་ཕ་དྲུག་གི་ཡུལ་མི་འཕྲད་དུ་བྱུང་བ་རྣམས་ལའང་ཆོས་ཀྱི་འབྲེལ་པ་རེ་ཐོགས། བླ་མ་རྗེ་བཙུན་གྱི་སྐུ་དྲུང་དུ་གྲུབ་སྙིང་ཨ་མ་ན་སིའི་སྐོར་ཡོངས་རྫོགས་དང༌། ཆོས་ཆུང་བརྒྱ་རྩའི་སྐོར། བཀའ་བརྒྱུད་ཀྱི་བླ་མ་སྣ་ཚོགས་པའི་རྣམ་ཐར་མང་པོའི་ལུང༌། མ་ཧཱ་མཱ་ཡའི་ཁྲིད་ཚུལ་ཞིབ་མོ། གཞན་ཡང་ཟབ་ཁྲིད་ཅི་རིགས་པ་དང་བཅས་པ་ཞུས། ཆོས་རྫོང་གི་ཇོ་བོ་སྤྱན་རས་གཟིགས་ཀྱང་ཕེབས་བྱུང་བ་མཆོད་པ་བཟང་དུ་ཕུལ། དེ་སྐབས་ཟླ་བ་ཕྱེད་གཉིས་ཙམ་སྐུ་གཞོགས་སུ་བསྡད། དེ་ཁའི་དབྱར་ལ་སྟོན་བཏགས་ཀྱི་རིང་། དེ་ལ་སློབ་དཔོན་དྲུང་དུ་དབུ་མ་འཇུག་པའི་བཤད་པ་ཡོངས་རྫོགས་དང༌། གཞུང་ཕྲན་འགའི་བཤད་པ་དང༌། དབུ་མ་རྩ་བ་སོགས་གཞུང་ཆེ་བ་འགའ་ལ་གནད་བསྡུས་གལ་ཆེ་ཆེའི་བཤད་པ་རྣམས་ཐོབ་པ་བློ་ལ་ངེས་པར་བྱུང༌། ཕྱིར་ཡོང་སྐབས་ཚོགས་འཁོར་རྒྱས་པ་ཞིག་ཞུས་ཤིང་བརྟན་བཞུགས་ཕུལ། འདི་སྐབས་བླ་མ་རིན་པོ་ཆེས་ནི་ཟླ་བ་ཕྱེད་ཀྱི་བར་དུ་ཞབས་སྐྱིལ་དཀྲུངས(དཀྱིལ་ཀྲུང)ལན་གཅིག་གནང་བ་མ་ཞིག་པར་བཞུགས་འདུག །

དངོས་ཀྱིས{དེ་ནུབ་བཤལ་དུ་བསྡད། ཏུ་ལ་རྒྱབ}མཚོ་སྒོ་དང{སོགས་བརྒྱུད་ནས།} མང་མཁར་བདེ་སྐྱིད་གླིང{ཞག་གཅིག་བསྡད།} ལྷ་རྩེ་རྫོང་དུ་བདག་པོ་ནམ་མཁའ་རྒྱལ་པོ་དང་མཇལ།

ཧོར་ཟླ་དགུ་པའི་ཟླ་སྨད་སྒྲུབ་གནས་ཆོས་ལུང་རྩེར་སླེབ(སླེབས)། རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་དང་ཞལ་མཇལ། དེ་ནས་མི་རིང་བར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་དབང་ཁྲིད་ཤིན་ཏུ་སྨིན་པ་དེའི་འགོ་ཚུགས། {ལམ་འབྲས་སུ་མ་ཟད}མཻ་ཏྲི་མཁའ་སྤྱོད་སོགས་སྔར་མ་ཐོབ་པའི་ཆོས་སྣའང་མང་དུ་ཐོབ། གསུང་ངག་གི་ཁྲིད་ཚུལ་རྣམས་ཡིག་སྤྱི་ལ་མ་ལྟོས་པའི་སྨར(དམར)ཁྲིད་དུ་ཐེབས། རང་གཞན་གྱི་གྲུབ་མཐའི་ངེས་གནས་ཐམས་ཅད་མ་འདྲེས་པར་ཕྱེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱུང༌། འདི་སྐབས་ཆོས་རྗེ་བྱམས་རིན་པ། རིན་པོ་ཆེ་ཀ་བཞི་ནས་ཀྱི་མི་སྣའི་གོ་ཆོད་དང༌། ཁོང་པ་རང་ངེད་ལ་འཕྲད་པར་ཕེབས་པ་ཡང་ཡིན་པར་འདུག །གང་ནའང་ཀ་བཞི་ནས་ཀྱིས་འབུལ་བ{གནང་སྐྱེས}ཤིན་ཏུ་གཟབ་པ་རང་གནང༌།

དང་པོ་རྗེ་དམ་པས་ཁྱོད་རང་བླ་མ་མ་བྱེད་གསུང་བ་ཡོད་ནའང་། བར་སྐབས་སུ་བླ་ཆེན་གྱི་ཁུངས་བྱས་པ་དེ་བཀའ་བཅག་པར་སོང་བས། དེའི་བཤགས་པ་ཡིན་ཞིང་། ད་སྒོས་བླ་ཚུགས་མི་ཕྱེད་པའི་དམ་བཅའ་འབུལ། ད་ལྟ་ཡིག་བརྒྱ་འབུམ་ཐེར་ཚར་གང་མང་བྱེད་ཀྱིན་ཡོད་པའང་དེ་ལ་དམིགས་པ་ཡིན་གསུང་བ་ཕེབས་བྱུང༌། ཁོང་རྣམས་ལ་ཡང་ཆོས་འབྲེལ་བཤད། དེ་རྗེས་ཁྲིད་གྲོལ་ནས་ཞག་གཉིས་ཆོས་མཚམས་ཤིག་གནང་བ། བླ་མ་དམ་པ་སྐུ་ཁམས་ཤིན་ཏུ་ཟི་བའི་ཉེན་ཆེ་བ་རང་ཞིག་བྱུང་བ། སྐུ་རིམ་དུ་གསང་རི་སོགས་གནས་ཆེན{རྡོ་རྗེ་བྲག །པདྨ་བྲག་ཁུང་། རི་སུལ་གྱི་རྣལ་འབྱོར་མ། བྲག་སྔོན་བདེ་མཆོག །ཚོགས་བསྡུད་ཀྱི་ཕུག །རྩེ་མཆོད་ཁང་། འདུ་ཁང}རྣམས་སུ་ཚོགས་མཆོད་རེ་གཏོང་དུ་བཅུག །བརྟན་བཞུགས་ཤིག་ཕུལ་བ། བརྟན་བཞུགས་ཀྱི་ཚོགས་གྲོལ་འཕྲལ། སྐུ་ཁམས་དྭངས་སོར་གྱིས་བྱུང་བས་བློ་བདེ་སངས་ཀྱིས་སོང༌། ཞག་བདུན་སྐུ་མཚམས་བཅད་རྒྱ་གནང་བས་སྐུ་ཁམས་ཤིན་ཏུ་དངས(དྭངས)པར་བྱུང་ཞིང༌། དེ་ལོ་རྩེའི་བདེ་མཆོག་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་བདག་ལ་གྱིས་བཀའ་བཀོད་ཕེབས་པ་ལྟར{དངོས་ཀྱིས་བྱེད་དགོས་བྱུང་ཞིང་།} ས་ཆོག་ནས་རྡུལ་ཚོན་སྤྱན་འདྲེན་གྱི་བར་ལྷག་ཆད་མེད་པ་དང༌། དངོས་གཞི་ཉི་མ་བཅུ་གསུམ་བྱུང༌།

དེ་སྐབས་བཀའ་ནན་ཆེར་སྩལ(བསྩལ)ཏེ། ཆོས་ལུང་གི་ཁུར་ལེན་བྱེད་དགོས་ཕེབས་པ་ནས། སྤྱིར་དངོས་ཅག་གིས་དགོན་གཞིས་རྒྱ་ཆེན་པོ་འཛིན་ཐུབ་པའི་རིགས་སུ་ཡང་མེད། ད་ལྟ་སློབ་གཉེར་འདྲ་དང་། ཐུགས་དམ་འདྲ་ཡོང་དུ་རེ་བའི་འདུན་པ་ཁོ་ན་ཡིན་པ་དང༌། ཁྱད་པར་དགོན་གནས་འཛིན་པའི་བློ་བཞེད་ཀྱང་མེད་པ་དང༌། སྒོས་སུ་སྡེ་པ་རྣམས་ཀྱིས་ཀྱང་དགོངས་པར་བདེ་བ་མེད་པས་བཟུང་ཡང་བསྟན་པའི་ཞབས་ཏོག་ཏུ་མི་འགྲོ་བ་དང༌། ཡང་སྒོས་བླ་མ་དམ་པ་དཔོན་སློབ་བཞུགས་ཕྱིན་དུ{ཞོ་ལམ་དར་བས་བཀག་པ་རང་དུ་འགྲོ་བ་སོགས་ཀྱི}ངེད་རང་ལ་འོས་བབ་མེད་པའི་སྙན་ཞུས་ཞག་མང་པོ་སྦྲེལ་ཏེ། དགོངས་ཁྲོལ(འཁྲོལ)ཞུས་ཀྱང་མ་བྱུང༌། {དགོངས་ཁྲོལ(འཁྲོལ)ཡོངས་རིགས་སུ་མི་འདུག་ཅིང་།} སླར་ནས་ཞུ་ནན་ཆེས་ན་ཐུགས་ཟློག་པའི་རྒྱུར་འགྲོ་བ་འདུག་པས། བཀའ་བཞིན་མི་སྒྲུབ་མཐུ་མེད་བྱུང་ཞིང༌། དེ་ནས་སྐུ་ཇི་སྲིད་འཚོའི་བར་དུ་ཆོས་ལུང་རང་དུ་གདན་ཕབ་པའི་བཞུགས་ས་གནང་དགོས་ཚུལ་གྱི་གསོལ་འདེབས་ཁོ་ན{རྟག་ཏུ}ཞུས་པ། དེ་སྐབས་ཞལ་གྱིས་བཞེས་པ་ལྟར་བྱུང་ནའང་། {སླར་ཐུགས་དམ་གྱི་ལྟས་སོགས་ལས}ལོ་དེའི་ངོ་བསྒང་ཙམ་མ་གཏོགས། ཆོས་ལུང་དུ་མ་བཞུགས{པ་གནང་ཐུབ་པའང་མ་བྱུང}།

ངེད་རྣམས་དེ་སྐབས་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་ཤར་དུ་ཕྱོགས་ཏེ། ཇོ་ནང་དུ་རྗེ་དྲུང་རིན་པོ་ཆེ་མཇལ{བར་ཡོང}། ཀུན་མཁྱེན་ཆེན་པོའི་རྣམ་ཐར་འགའ(གྷ)རོང་པས་མཛད་པའི་ལུང་དང་། སྦྱོར་དྲུག་གི་ཁྲིད་ལུང་མགྱོགས་ཁྲིད་ཅིག་ཞུས། ཇོ་མོ་ནང་གི་ཁྲི་ཐོག་ཏུ་འགོད་པར་མཛད་ཅིང་། རྗེ་དྲུང་ཉིད་ཀྱིས་ཕྱག་ནས་ཀྱང་གཏོར།

དེ་ནས་བྱ་རྒོད་གཤོངས་སུ་ཡོངས(ཡོང་།) ཞག་གསུམ་སྡོད་དགོས་བྱུང༌། འོད་དཔག་མེད་ཀྱི་ལྷ་ཁང་དང་། ཇོ་བོ་དང་རྣམ་སྲས་ཀྱང་མཇལ། ཇོ་བོ་ལ་གསོལ་བ་བཏབ་དུས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་ཡིན་པ་ལ་དྲི་མས་གོས་པའི་སྐུ་ལས་འོད་མཐིང་ཁ་ཞིག་བྱུང་། རང་ལ་ཐིམ་སྙམ་པ་ཞིག་བྱུང༌།

མར་ལམ་སྣར་ཐང་དུ་ཞག་དགུ་བསྡད། གཞི་རྒྱང་སོགས་ཀྱི་དཔུང་ཆེན་ཐམས་ཅད་འདུག །རིན་སྤུངས་ནས་ས་སྐྱོང་ངག་དབང་འཇིག་རྟེན་དབང་ཕྱུག་ཡབ་སྲས། རྒྱལ་རྩེ་ནས་བདག་པོ་རྒྱལ་བའི་དྲུང༌། སྡེ་པ་གསེར་མ་ནས་དང༌། ཁྱུང་རྩེ་ནས་སྡེ་པའི་དྲུང་སོགས་དང་མཇལ་ཞིང༌། སོ་སོའི་དགོངས་བཞེད་ཀྱི་དབང་རྗེས་གནང་རྣམ་གྲངས་མང་བ་ཙམ་ཕུལ། རིན་སྤུངས་ཞབས་དྲུང་ཡང་དེ་གོང་བརྗོད་སྒོ་སྣ་ཚོགས་ལ་བརྟེན་པའི་ཞུ་འཕྲིན་ཟབ་པ་རང་མེད་རུང༌། དེ་སྐབས་དད་གུས་ཡང་དག་པ་གནང་གིན་འདུག །

སླར་བསམ་རྩེ་ཀླུ་སྡིངས་སུ་ཞག་གཅིག་བསྡད། ནང(ནངས)པར་མི་ཕམ་རྒྱལ་བའི་འདུན་ས་ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲར(གྲྭར)འབྱོར། མཁན་སློབ་དགེ་འདུན་རྣམས་ཀྱི(ཀྱིས)བསུ་བ་མཛད་ཅིང༌། བླ་བྲང་དུ་སླེབ་མ་ཐག{དག་པའི་ཞིང་མཆོག}བཀྲ་ཤིས་བརྩེགས་པར་གཞིས་ལེན་བཞུགས་གྲལ་གཟབ་མར་བྱུང༌། ཞག་བཞིའི་བར་དུ་ཚོགས་ཆོས་རེ་མ་ཆག་པ་དང༌། གཞན་སོ་སོའི་འདོད་ཆོས་ཅི་རིགས་པར་བཤད། འཕྲད་མི་ཤིན་ཏུ་རྣམ་གྲངས་མང་བས་བྲེལ་བ་ཆེ་བར་བྱུང༌། རང་གནས་བསམ་གཏན་སྡིངས་སུ་སླེབ(སླེབས)འཕྲལ་ནས་ཕྱི་མཚམས་སེ་བྱས།

སྤྱིར་སྔ་ཕྱི་ཐམས་ཅད་དུ་ལེ་ལོ་དང་གཡེང་བས་དུས་འདའ་བ་ཞིག་རང་རེའི་མཛད་སྤྱོད་ཀྱི་སྐུ་སྐལ་དུ་ཡོད་ནའང༌། ལོ་འདི་ལ་བརྩོན་འགྲུས་ཀྱང་དགའ་ཚད་ཙམ་བྱས། དེ་ལོ་དུས་གཟིངས(ཟིང)ཤིན་ཏུ་འཁྲུགས་པ་ཡོད་ནའང་། ཆགས་སྡང་གི་རྣམ་རྟོག་དང་། ཆོས་བརྒྱད་ཀྱི་སྐྱེད་འཕེལ་གཅིག་ཀྱང་མ་བྱས་པར་ཐོས་བསམ་སྒོམ་གསུམ་ཁོ་ན་ལ་བསྒྲིལ་ཏེ། དཔྱིད་གསོས་མདོ་རྩའི་གཞུང་རྫོགས་པར་བློ་ལ་བཟུང༌། མངོན་པ་མཛོད་ཀྱི་དབུ་ཞབས་ཐར་ཆགས་སུ་ཞིབ་བཤད་མཐའ་གཅོད་དང་བཅས་པ། མཁས་པའི་དབང་པོ་བྱམས་པའི་མཚན་ཅན་ཉིད་ལས་ཞུས།

དེ་ཡང་ཉིན་ཕྱེད་ནས་ཉི་མ་བཞུད་དུ་ཉེ་བ་ཙམ་གྱི་བར་པཎ་ཆེན་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སྩལ་ཞིང(བསྩལ་ཅིང)། དགོང་མོ་ཐུགས་དམ་གྱི་ཐུན་རྣམས་གྲོལ་བའི་རྗེས་སུ། སྲོད་ལ་བཤད་པ་ཐུན་ཆེ་བ་རང་ལ་ནན་ཆགས་རེ་ཞུས་ཤིང༌། ཐོ་རངས་སྔ་མོ་ཐུན་གྲོལ་མཚམས་སྒྲོན་མེའི་འོད་ལ་དཔེ་བལྟ་རྐྱང་ཙམ་བྱས། སྔ་དྲོ་གདན་བཞེས་གྲོལ་འཕྲལ་མདང་གི་བཤད་པ་དེ་ཉིད་སླར་སྐྱོར་བ་རེ་བྱས། དབྱར་ཀ་འདུལ་པའི་བཤད་པ་ཞུས་ཏེ་སྔར་ལུགས་བཞིན་བྱས། སྟོན་སེར་དེ་སྒྲ་ཀ་ལཱ་པའི་ཀུན་བཤད་དང་པོ་ཡན་ལ་བློ་སྟེང་ནས་ས་རིས་ཤིན་ཏུ་ཞིབ་པ་ཞུས་ཤིང༌། དེ་མཚམས་རྒྱ་འདྲེའི་ཆོ་འཕྲུལ་ཆེ་བ་བྱུང༌། བླ་མ་པས་ཀྱང་ཀུན་བཤད་མན་ཆད་སློབ་དཔོན་སྔ་མ་ལ་དཔེ་སྟེང་ནས་གསན། ཕྱིས་ལྷ་ལྡོངས་པ་བཤེས་གཉེན་རྣམ་རྒྱལ་བའི་སློབ་བརྒྱུད་ལ་ཐུགས་སྟེང་ནས་བསླབས་པར་སྣང་བས། རྟོག་དཔྱད་ཙམ་བྱུང༌། དེ་མན་ཆད་དཔེ་སྟེང་ནས་འཇུག{འཛུག}ཁྲིད་རྫོགས་པར་ཞུས།

ལོ་སྔ་མ་གཏིང་སྐྱེས་སུ་ཆོས་རྗེ་བློ་བཟང་པ་དང་མཉམ་དུ་སྙན་དངགས་ཀྱི་རྩོམ་རྒྱུགས་ཅི་རིགས་པ་སོང་བ། དེ་སྐབས་འཕྲོ་མ་ལུས་པས། འདི་སྐབས་དེའི་འཕྲོ་ནས་བླངས་ཏེ་རྩོམ་རྒྱུགས་རྫོགས་པར་སོང༌། མདོ་སྡེ་བརྒྱན(རྒྱན)ལ་རྒྱལ་སྲས་ཐོགས་མེད་པའི་ཊཱིཀྐ་དང༌། འབྱེད་གཉིས་ལ་རོང་ཊཱིཀ་སྦྱར་བའི་བཤད་པ་རགས་རིམ་དང་། ལུང་ཡང་མནོས་པས་གོ་བ་ལེགས་རབ་ཤར།

དེ་ལྟར་ཐ་སྙད་ཀྱི་གཙུག་ལག་ལ་ཅུང་ཟད་བསླབས་ཤིང༌། གཞུང་ལུགས་ཆེན་པོ་རྣམས་ལའང་རོ་བྲོ་བལྟ་བ་ཙམ་རེ་བྱས་པས་ཀྱང༌། ཕྱིས་ཀྱི་མཁས་གྲགས་ཅན་འགའ་ཞིག་གིས་རྩོམ་པ་བྱས་པའི་དཔེ་ཆ་མཐོང་བ་དང༌། མཁས་པ་རྣམས་བཤད་པ་དང་འབེལ་གཏམ་བྱེད་པ་ལ་ཡེ་ནས་རང་འགྲམ་མཆུ(ཆུ)མི་ལྡང་བ་ཙམ་སྣང་ངོ༌། །

འདིར་སྨྲས་པ།

ཐོགས་མེད་ལུང་རིགས་ཤིང་རྟའི་རླུང་སྟོབས་ཀྱིས། །
ཡིད་འོང་ལེགས་བཤད་འོད་སྟོང་འཆར་བ་ལས། །
གང་བློའི་རྒྱ་མཚོར་མཐའ་དག་ཤེས་བྱ་ཡི། །
གཟུགས་མཛེས་ནམ་ཡང་འཆར་བ་སུ་ཡིས་འགོག །

{ཅེས་པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་བློ་གྲོས་ཀྱི་སྣང་བ་ཡོངས་སུ་འཆེད(མཆེད)པ་ལས་བརྩམས་པ་ཏེ(སྟེ)བརྒྱད་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།