ཇོ་ནང་བའི་ཐེག་ཆེན་སྦྱོར་ལམ་གྱི་ངོ་བོ་འཇོག་ཚུལ།

ཇོ་ནང་བའི་ཐེག་ཆེན་སྦྱོར་ལམ་གྱི་ངོ་བོ་འཇོག་ཚུལ་ལ་དཔྱད་པ།

གཞི་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ།

ནང་དོན་གནད་བསྡུས།
སྤྱིར་ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་དེ་ཆོས་ཉིད་ལ་ཚད་མ་གཉིས་དང་། ཚད་མིན་གྱི་བློ་དག་ལས་གང་ཡིན་སྐོར་ལ། འདོད་ཚུལ་མི་མཐུན་པ་དུ་མ་ཡོད་པ་དང་། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་།མཁས་པ་ཉ་དབོན་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་གསུམ་གྱི་ཞལ་ལུང་ལ་བརྟེན་ནས་དེ་དག་གི་དགོངས་པ་གང་ཡིན་སྐོར་ལ་ཅུང་ཟད་བརྟགས་ནས་བྲིས་ཡོད།

གླེང་གཞི།
དེ་ཡང་སྦྱོར་ལམ་ལ་ཐོས་བྱུང་དང་། བསམ་བྱུང་། ཆོས་ཉིད་ལ་དམིགས་པ་སོགས་ཅི་རིགས་པ་ཡོད་ལ། ཆོས་ཉིད་ནི་སྒྲ་རྟོག་གི་ཡུལ་ལས་འདས་པས་ཐོས་བསམ་གྱི་ངོ་བོར་གྱུར་པའི་སྦྱོར་ལམ་ཡིན་ན་ཆོས་ཉིད་ལ་མ་དམིགས་པ་ཞིག་དགོས། འདིར་བཤད་ཀྱི་སྦྱོར་ལམ་ནི་གཞི་བདེ་གཤེགས་སྙིང་པོ་ལ་གསལ་སྣང་སྐྱེས་པའི་བློ་ཐོག་མ་དེ་ཡིན། འོན་ཀྱང་དེ་ལྟའི་སྦྱོར་ལམ་གྱི་ངོ་བོ་འཇོག་ཚུལ་ནི་དཀའ་གནས་ཤིག་ཡིན་པས་འདིར་བཤད་ལ་ནོར་འཛོལ་སྲིད་ཀྱང་། རང་གི་བློ་ཡི་འཆར་སྒོ་ལྟར་དོན་ཚན་གསུམ་གྱིས་བཤད་འདོད།

དང་པོ། ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱི་ཐད་ལ་མཁས་པ་མང་པོའི་འདོད་ཚུལ་ཅི་འདྲ་ཡོད་ཚུལ། གཉིས་པ། ཉ་དབོན་ཀུན་དགའ་དཔལ་གྱི་རང་ལུགས་གང་ཡིན་བསྟན་པ། གསུམ་པ། ཀུན་མཁྱེན་དོལ་པོ་པ་དང་ཆོས་རྗེ་ཉ་དབོན་པ་རྗེ་ཏཱ་ར་ནཱ་ཐ་གསུམ་གྱིས་འདིར་བཤད་སྦྱོར་ལམ་བློ་ཡི་རིགས་གང་ལ་འཇོག་དཔྱད་པ་བཅས་སོ། །
དང་པོ། ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱི་ཐད་ལ་མཁས་པ་མང་པོའི་འདོད་ཚུལ་ཅི་འདྲ་ཡོད་ཚུལ། ལོཙྪ་བ་ཆེན་པོ་སོགས་ནི། འདིར་བསྟན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་རྣལ་འབྱོར་མངོན་སུམ་དུ་ཁས་ལེན་ནོ།། འབྲེ་དང་འདུལ་དཀར་སོགས་ནི། རྗེས་དཔག་གི་རྒྱུན་བཅད་ཤེས་སུ་འདོད་དོ།། འཇམ་དབྱངས་གསར་མ་ནི། རྗེས་དཔག་དང་བཅད་ཤེས་གཉིས་ཆར་གསུངས་སོ།། བཅོམ་ལྡན་རིག་པའི་རལ་གྲི་ནི། ཚད་མིན་གྱི་ནང་ནས་ཡུལ་མ་བརྗེད་པར་འཛིན་པའི་དྲན་པར་བྱེད་དོ།། ཆུ་མིག་པ་ནི། བཅད་ཤེས་དང་ཡིད་དཔྱོད་ཅི་རིགས་སུ་འདོད་དོ།། བུ་སྟོན་རིན་ཆེན་གྲུབ་པ་ནི། མ་འཁྲུལ་བ་དང་ཆ་མཐུན་པའི་རྟོག་མེད་འཁྲུལ་ཤེས་སུ་བཞག་གོ། གསེར་ཕྲེང་ནི། སྟོང་ཉིད་རྟོགས་པའི་སྦྱོར་ལམ་མཉམ་བཞག་བཅད་ཤེས་སུ་འདོད་དོ།། པཎ་ཆེན་ཤཱཀྱ་མཆོག་ལྡན་ནི། འདིར་བཤད་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཆོས་ཉིད་ལ་རྟོག་བཅས་རྟོག་མེད་གང་ཡང་མིན་པར་གསུངས་སོ།།

གཉིས། ཉ་དབོན་ཀུན་དགའ་དཔལ་གྱི་རང་ལུགས་གང་ཡིན་བསྟན་པ། ཆོས་རྗེ་ཉའི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། སྤྱིའི་ཚུལ་གྱིས་རྟོགས་ན་ནི་སྒྲ་དོན་འཛིན་པའི་རྟོག་པར་འགྱུར་རོ།། དེས་ན་བློའི་ངོ་བོ་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། དེ་ཡིན་ན་མངོན་སུམ་ལས་མ་འདས་ཤིང་དབང་ཡིད་མངོན་སུམ་མིན་པའི་རྒྱུ་མཚན་སླ་ཞིང་། ཞེས་སོགས་ཆོས་རྗེ་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་དང་པོ་ངེས་འབྱེད་ཡན་ལག་གི་སྐབས་སུ་འདིར་བཤད་སྦྱོར་ལམ་རྣལ་འབྱོར་མངོན་སུམ་ཡིན་ཡང་དེ་རྒྱུད་ལྡན་གྱི་གང་ཟག་འཕགས་པ་དང་མཐོང་སྤང་སྤངས་མི་དགོས་པ་ཡིན་པ་ལྟ་བུར་གསུངས་མོད་ཉ་དབོན་རང་གི་འདོད་པ་མིན་སྙམ། འོ་ན་ཉ་དབོན་རང་གི་འདོད་པ་གང་ཡིན་ཞེ་ན། ཕར་ཕྱིན་ཡིད་ཀྱི་མུན་སེལ་གྱི་ཡེ་ཤེས་ཚོགས་ཀྱི་སྐབས་སུ། ཡུལ་ཅན་ཡེ་ཤེས་ཀྱི་ས་མཚམས་འཇོག་ན། ཐེག་ཆེན་ཚོགས་ལམ་དུ་སྤྱིའི་ཚུལ་གྱིས་རྟོགས། སྦྱོར་ལམ་དུ་གསལ་སྣང་སྐྱེས་པའི་ཚུལ་གྱིས་རྟོགས། མཐོང་ལམ་དུ་གསར་དུ། སྒོམ་ལམ་དུ་མཐོང་ཟིན་གོམས། སངས་རྒྱས་ཀྱི་སར་སྒྲིབ་པ་ཐམས་ཅད་དང་བྲལ་བས་མཐར་ཕྱིན་པའི་ཚུལ་གྱིས་རྟོགས་སོ།། ཞེས་དང་། དེའི་སྐབས་གཉིས་པ་ལས། ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བས་མཐོང་། དེ་ཁོ་ནའི་དོན་ཚོལ་བས་སམ་བྱང་ཆུབ་ཏུ་བགྲོད་པའི་ལམ་མོ།། ཞེས་དང་། ཆོས་རྗེ་ཉའི་ལྟ་སྒོམ་སྤྱོད་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ལུང་རིགས་རྣམ་དག་གིས་ཆོས་ཀུན་དེ་ཁོ་ན་ཉིད་དུ་སྤྲོས་བྲལ་སྤྱིའི་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་པ་དང་། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པ་དང་། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པ་སློབ་པའི་ཤེས་རབ་གཙོ་བོར་གྱུར་པ་དེ་རྣམས་ཀྱང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང་། ཞེས་མཐོང་ལམ་མ་གཏོགས་སྦྱོར་ལམ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པར་མ་གསུངས་པའི་ཕྱིར་ན་ཉ་དབོན་རང་གི་ཐུགས་དགོངས་ལ། སྦྱོར་ལམ་རྣལ་འབྱོར་མངོན་སུམ་མ་ཡིན་པ་དང་། སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་བཞེད་ཅེས་སྨྲས་ན་འགྲིག་སྙམ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་དང་པོའི་སྦྱོར་ལམ་བཤད་པའི་སྐབས་སུ་རྣལ་འབྱོར་མངོན་སུམ་དུ་གསུངས་པ་ནི། གསང་སྔགས་ཐུན་མོང་མ་ཡིན་པའི་ལུགས་ལྟར་ཡིན་པ་འདྲ་སྟེ། ཆོས་རྗེ་ཉའི་འོད་གསལ་རྒྱན་ཡིད་ཀྱི་མུན་སེལ་ལས། ཆོས་ཉིད་ཅུང་ཟད་མཐོང་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར། ཉེ་ལམ་ཟབ་མོའི་སྐབས་སུ་རིང་ལམ་འཆད་པའི་སྐབས་ཀྱི་ལུང་གིས་མི་གནོད་པས། ལྷམ་དཔེ་ཞྭ་ལ་མ་འགེབས་ཤིག་བློ་གསལ། དེ་བས་ན་ཆོས་ཉིད་ཅུང་ཟད་མངོན་སུམ་དུ་མཐོང་ཡང་མཐོང་སྤང་སྤངས་པའི་ཚུལ་གྱིས་མཐོང་བ་མིན་ཞིང་། ཆོས་སྐུ་མ་ཐོབ་པས་འཕགས་པ་མིན་ལ། ཞེས་དང་། དེ་ཉིད་ལས། བློ་སྔར་བཤད་པ་དེ་རྣལ་འབྱོར་མངོན་སུམ་དུ་རྟོགས་ཏེ། སྒོམ་བྱུང་རྟོག་བྲལ་མ་འཁྲུལ་བའི་ཡེ་ཤེས་ཡིན་པའི་ཕྱིར། ཞེས་གསུངས་པ་དང་། གསེར་ཕྲེང་ལས། མདོར་ན་གང་དག་ཚུར་མཐོང་གིས་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་ཡོད་པར་འདོད་ཅིང་མཚན་ཉིད་ཀྱི་ཐེག་པ་ནས་མི་མཐོང་བར་བཤད་པའི་འགལ་སྤོང་ལ་སྔགས་དང་མཚན་ཉིད་ཀྱི་ལམ་ཉེ་རིང་གི་དབང་གིས་ཡིན་ནོ་ཞེས་པའི་སྒྱུས་འདྲིད་པ་ནི་ཁོ་བོའི་མ་མོ་གཤམ་མོ་ཞེས་པ་དང་འདྲ་ཞིང་། ཞེས་གསུངས་པ་དེའི་ཐད་ལ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་བ་དོན་གསལ་གྱི་མཆནའགྲེལ་ལས། སྒྱུས་འདྲིད་པ་ནི། ཞེས་པ་སྔར་གྱི་ཉ་དབོན་དང་ཇོ་ནང་བ་སོགས་ཡིན་ནམ་སྙམ། ཞེས་གསུངས་པ་ནི་བདེན་པའི་གཏམ་མོ།།

གསུམ་པ།
ཀུན་མཁྱེན་དོལ་པོ་པ་དང་ཆོས་རྗེ་ཉ་དབོན་པ་རྗེ་ཏཱ་ར་ནཱ་ཐ་གསུམ་གྱིས་འདིར་བཤད་སྦྱོར་ལམ་བློ་རིགས་གང་ལ་འཇོག་དཔྱད་པ། ཀུན་མཁྱེན་ཆེན་པོའི་ཕར་ཕྱིན་མདོ་ལུགས་མ་ལས། འཇིག་རྟེན་འདས་པའི་ཡེ་ཤེས་རྗེས་མཐུན་པར་གསུངས་པ། ཞེས་དང་། ཉ་ཊཱིཀ་ལས། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པ་དང་། ཞེས་དང་། རྗེ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་ལས། སྦྱོར་ལམ་དེ་ཆོས་ཉིད་ལ་གསལ་སྣང་ནི་ཐོབ་པ་ཡིན་ཅིང་། མི་རྟོག་པའི་ཚུལ་གྱིས་ཆོས་ཉིད་ཅུང་ཟད་རང་གིས་རིག་པ་ཡང་ཡིན་ལ། རྣལ་འབྱོར་པའི་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང་། ཞེས་གསུངས་པས་མཁས་པ་གསུམ་ཆར་གྱིས་འདིར་བཤད་སྦྱོར་ལམ་ལ་ཆོས་ཉིད་གསལ་བར་སྣང་བར་འདོད་པས་རྟོག་བཅས་མིན་པར་གྲུབ་སྟེ། རང་ལུགས་ལ་ཆོས་ཉིད་རྟོག་པའི་ཡུལ་དུ་མི་ཡོང་བར་གསུངས་པས་སོ།། འོ་ན་རྟོག་མེད་ཡིན་ན་རྟོག་མེད་མངོན་སུམ་ཚད་མ་ཡིན་ནམ་ཞེ་ན་དེ་ནི་མིན་ཏེ། རྗེ་ཏཱ་ར་ནཱ་ཐའི་ཤེར་སྙིང་དཀའ་འགྲེལ་ལས། རྟོག་མེད་མངོན་སུམ་ལམ་ཡང་མིན།། ཞེས་གསུངས་སོ། འོ་ན་ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ནམ་ཞེ་ན་དེ་ཡང་མིན་ཏེ། ཀུན་མཁྱེན་ཆེན་པོའི་ཕར་ཕྱིན་མདོ་ལུགས་མ་ལས། འོ་ན། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག། རྗེས་སུ་འབྲེལ་བཅས་བཟློག་པ་དང་།། ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག། རྗེས་སུ་འབྲེལ་མེད་བསྒོམ་པའོ།། ཞེས་གསུངས་པ་ཅི་ཞེ་ན། འདིའི་གཉེན་པོ་བསྒོམ་པའི་གང་ཟག་གསུམ་གྱི་དབྱེ་བ་སྟོན་པ་ཡིན་གྱི། སོ་སྐྱེའི་རྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ངོ་བོ་ཕྱིན་ཅི་ལོག་ཏུ་སྟོན་པ་ནི་མིན་ནོ།། ཞེས་དང་། རྗེ་ཏཱ་ར་ནཱ་ཐའི་ཤེར་སྙིང་དཀའ་འགྲེལ་ལས། གལ་ཏེ་ཐོས་བསམ་ཙམ་ཡིན་ན།། ཕྱིན་ཅི་ལོག་གི་བློ་ཅན་ཕྱིར།། ཡང་དག་པར་ཞེས་གསུང་མི་འགྱུར།། དེ་ཕྱིར་སྦྱོར་ལམ་ཁོ་ནའོ།། ཞེས་གསུངས་སོ།། ད་ནི་ལུང་དེ་རྣམས་ཀྱི་གྲུབ་དོན་ནམ་དོན་གྱི་རྡོ་ཁ་བསྟན་ན། འདིར་བཤད་སྦྱོར་ལམ་ཉིད་རྟོག་མེད་མངོན་སུམ་ཡིན་ཡང་། རྟོག་མེད་མངོན་སུམ་དུ་གྱུར་པའི་ཚད་མ་བཞི་པོ་གང་ཡང་མིན་ལ་ཡུལ་མ་རྟོགས་པའི་ཚད་མིན་གྱི་བློ་རྟོག་མེད་ཀྱི་ཤེས་པ་ཞིག་ཡིན་པ་དང་། དེ་ལྟར་འཇོག་པ་ནི་ཀུན་མཁྱེན་དང་། ཆོས་རྗེ་ཉ་དབོན་པ་རྗེ་ཏཱ་ར་ནཱ་ཐ་རྣམ་གསུམ་གྱི་རང་ལུགས་དྲི་མ་མེད་པ་ཡིན་སྙམ་མོ།།མཇུག་བསྡུ།འདིར་བཤད་སྦྱོར་ལམ་བློ་རིགས་གང་ཡིན་སྐོར་ཀུན་མཁྱེན་ཆེན་པོ་དང་། ཆོས་རྗེ་ཉ་དབོན་པ། རྗེ་ཏཱ་ར་ནཱ་ཐ་གསུམ་གྱི་གཞུང་ན་ཁ་མི་གསལ་བས་འདི་ཡིན་ཞེས་ཁ་ཚོན་གཅོད་དཀའ་ཡང་། སྔར་བཤད་ཀྱི་འཇོག་ཚུལ་ནི་མཁས་པ་གསུམ་ཆར་གྱི་དགོངས་པ་རེད་སྙམ་པ་ཡང་ཡང་བྱུང་བས་བྲིས་པ་ཡིན་མོད་ནོར་འཁྲུལ་ནོངས་འགལ་གྱི་ཆ་འབྱུང་བ་ནི་གདོན་མི་ཟ་བས། གཟུ་བོར་གནས་པའི་དཔྱོད་ལྡན་དག་གིས་དགོངས་འཆར་དཔྱིད་ཀྱི་གྲུ་ཆར་འཇོ་བ་ཇི་བཞིན་སྩོལ་ཅིག་གུ། དགེའོ།། མངྒ་ལམ།

སྨྲས་པ།
འདི་བྲིས་ལས་ལ་དགེ་རྩ་ཅུང་མཆིས་ན།།
མདོ་སྔགས་དང་བཅས་གཞུང་ཆེན་མཐར་ཕྱིན་ཅིང་།།
ལམ་ལྔ་ས་བཅུའི་ཐེམ་སྐས་ལ་བརྒྱུད་ནས།།
སྐྱབས་མགོན་བླ་མའི་ཞབས་དྲུང་སྐྱེ་བར་ཤོག།

༢༠༢༣ལོའི་ཟླ་༡༠ཚེས་༢༢ལ། ཇོ་ནང་མདོ་སྔགས་སློབ་གླིང་དུ་བྲིས་པའོ།།

(༡)ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན། གྲུབ་མཐའ་ཇོ་ནང་། དུས་རབས༡༣་པའི་དུས་མཇུག་ལ་འཁྲུངས་དུས་རབས་བཅུ་བཞི་བའི་དུས་དཀྱིལ་ལ་འདས།
(༢)རྗེ་ཉ་དབོན་ཀུན་དགའ་དཔལ། གྲུབ་མཐའ་ཇོ་ནང་། དུས་རབས༡༣པའི་དུས་སྨད་ལ་འཁྲུངས་དུས་རབས་བཅུ་བཞི་བའི་དུས་སྨད་ལ་འདས།
(༣)རྗེ་བཙུན་ཏཱ་ར་ནཱ་ཐ་དུས་རབས་བཅུ་དྲུག་པར་འཁྲུངས། གྲུབ་མཐའ་ཇོ་ནང་།

ནང་དོན་ཡོངས་ཁུངས། འཚོལ་སྙེག་པའི་འཇིག་རྟེན་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།