ཇོ་ནང་པའི་ལྟ་གྲུབ་མདོར་བསྡུས།

༄༅།།ངེས་དོན་འཁོར་ལོ་ཕྱི་མའི་རྗེས་འབྲང་གི་དབུ་མ་པ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་བརྒྱུད་རིམ་དང་ལྟ་གྲུབ་ཤིན་ཏུ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།

ཇོ་ནང་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས།

བསྐལ་བ་བཟང་པོའི་རྣམ་འདྲེན་སྟོང་ཕྲག་ལས།།
ཐུགས་བསྐྱེད་པདྨ་དཀར་པོ་ལྟར་འཕགས་པ།།
བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས།།
ཤཱཀྱ་སེང་གེར་གུས་པས་ཕྱག་འཚལ་ལོ།།

རྒྱལ་ཚབ་བྱམས་མགོན་རྒྱལ་སྲས་འཇམ་དཔལ་དབྱངས།།
ཀླུ་སྒྲུབ་ཐོགས་མེད་ཕྱོགས་ཀྱི་གླང་པོ་དང་།།
འཕགས་པ་ལྷ་དང་དབྱིག་གཉེན་ཆོས་གྲགས་སོགས།།
བསྟན་པའི་གསལ་བྱེད་རྣམས་ལ་གུས་ཕྱག་འཚལ།།

འཕགས་པའི་ཡུལ་དང་གངས་ཅན་ལྗོངས་སོགས་སུ།།
ངེས་དོན་བསྟན་པ་དར་ཞིང་རྒྱས་མཛད་པའི།།
མངའ་བདག་མེེ་ཏྲི་པ་དང་གཟི་བཙན་སོགས།།
མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ།།

རྒྱལ་བའི་མདོ་རྒྱུད་དུ་མར་ལུང་བསྟན་ཅིང་།།
གངས་ཅན་ལྗོངས་འདིར་ངེས་དོན་བསྟན་པ་ཡི།།
ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཇོ་ནང་པར།།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

གང་གི་ཐུགས་སྲས་བརྒྱུད་འཛིན་བཅས་རྣམས་དང་།།
གང་གི་རིང་ལུགས་སླར་ཡང་དར་རྒྱས་ཆེད།།
གང་ཉིད་སླར་ཡང་བྱོན་པ་སྒྲོལ་བའི་མགོན།།
བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ།།

གང་རྣམ་གཉིས་ཀྱི་རིང་ལུགས་ལས་བརྩམས་ཏེ།།
ངེས་དོན་སྙིང་པོའི་བསྟན་པ་གསལ་བྱེད་མཁན།།
སྙིགས་མའི་དུས་འདིར་ཐམས་ཅད་མཁྱེན་པ་མཆོག །
ངག་དབང་བློ་གྲོག་གྲགས་པར་སྙིང་ནས་འདུད།།

ཅེས་ཡུལ་ཁྱད་པར་ཅན་ལ་བསྟོད་ཕྱག་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི། ངེས་དོན་འཁོར་ལོ་ཕྱི་མའི་རྗེས་འབྲང་གི་དབུ་མ་པ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་བརྒྱུད་རིམ་དང་ལྟ་གྲུབ་བསྡུས་པ་སྟེ། དེ་ཡང་རྒྱལ་བ་ཇོ་ནང་པའི་རིང་ལུགས་ངེས་དོན་དབུ་མ་གཞན་སྟོང་ཆེན་པོའི་ལྟ་གྲུབ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་འཁོར་ལོ་གསུམ་གྱི་དགོངས་པ་མཐར་ཐུག་གཅིག་ཡིན་ཏེ། ཀ་ཏྱ་ནའི་གདམས་ངག་གི་མདོ་དང་མདོ་སྡེ་ཆེན་པོ་སྟོང་པ་ཉིད་ཆེན་པོའི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་མང་པོ་དང་།ཤེར་ཕྱིན་བྱམས་ཞུས་ལེའུ་དང་ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་མདོ་སྡེ་མང་པོ་ལས་ཀྱང་གཞན་སྟོང་གསལ་བར་བསྟན་པ་དང་། ཁྱད་པར་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་སོགས་འཁོར་ལོ་ཕྱི་མའི་མདོ་སྡེ་ཆེས་མང་པོ་དང་། སྔགས་རྒྱུད་སྡེ་རིན་པོ་ཆེ་ཕལ་ཆེ་བ་ལས་ངེས་དོན་དབུ་མ་གཞན་སྟོང་གི་དོན་ཆེས་གསལ་ཞིང་རྒྱས་པར་བསྟན་པའི་ཕྱིར་རོ།། དེ་ལྟར་ན་ངེས་དོན་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་བ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་དང་ལྟ་གྲུབ་མདོར་བསྡུས་བཤད་པ་ལ། ལོ་རྒྱུས་བརྒྱུད་རིམ་དང་། ལྟ་གྲུབ་མདོར་བསྡུས་གཉིས།

ཇོ་ནང་པའི་ལྟ་གྲུབ་མདོར་བསྡུས་བཤད་པ།

རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མཚན་ཉིད། སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ། དང་པོ་གོང་གི་བརྒྱུད་རིམ་ལས་ཤེས། གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས། དང་པོ་ལ། མདོ་སྔགས་གཉིས། དང་པོ་ནི། སྤྱིར་འཁོར་ལོ་གསུམ་གྱི་མདོ་ཐམས་ཅད་དང་། ཁྱད་པར་ཀ་ཏྱ་ནའི་གདམས་ངག་གི་མདོ། མདོ་སྡེ་ཆེན་པོ་སྟོང་པ་ཉིད་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང་། བྱམས་ཞུས་ཀྱི་ལེའུ་དང་ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་མདོ་མང་པོ་དང་། མདོ་དགོངས་འགྲེལ།ལང་ཀར་གཤེགས་པ། རྒྱན་སྡུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ཆེ་སྟེ་ཡོངས་གྲུབ་ཆོས་ཉིད་དོན་དམ་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་རགས་པ་ཐུན་མོང་བའི་འཁོར་ལོ་ཐ་མའི་མདོ་མང་པོ་དང་། རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྔ་བོ་ཆེའི་མདོ། སོར་འཕྲེང་ལ་ཕན་པའི་མདོ། དཔལ་འཕྲེང་སེང་གེ་ང་རོས་ཞུས་པའི་མདོ། མྱང་འདས་ཆེན་པོའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། གསེར་འོད་དམ་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ། འཕགས་པ་སྤྲིན་ཆེན་པོ་དང་། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་མདོ་སྡེ་དུ་མའོ།། གཉིས་པ་སྔགས་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་དང་། འདུས་པ་བདེ་དགྱེས་ཀྱི་རྒྱུད་དང་། དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསར་རྙིང་གི་རྒྱུད་སྡེ་ཕལ་ཆེ་བའོ།། གཉིས་པ་བསྟན་བཅོས་ནི། བྱམས་པའི་ཆོས་ལྔ་དང་། ཐོགས་མེད་ཀྱི་རྒྱུད་བླའི་འགྲེལ་བ། ས་སྡེ་ལྔ། མངོན་པ་ཀུན་བཏུས་སོགས་དང་། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་དང་། འབྱེད་རྣམ་གཉིས་ཀྱི་འགྲེལ་བ་སོགས་སྐུ་མཆེད་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཕལ་ཆེ་བ་དང་། འཇམ་དཔལ་གྱིས་མཛད་པའི་ལྟ་འདོད་མདོར་བསྟན་དང་།འཇམ་དཔལ་ཞལ་ལུང་སོགས་དང་། སེམས་འགྲེལ་སྐོར་གསུམ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ། དོན་དམ་བསྟོད་པ། དཔེ་མེད་བསྟོད་པ། འཇིག་རྟེན་འདས་བསྟོད་སོགས་བསྟོད་ཚོགས་རྣམས་དང་། བྱང་ཆུབ་སེམས་འགྲེལ། གསང་འདུས་རིམ་ལྔ་སོགས་རྒྱ་གཞུང་ཤིན་ཏུ་མང་ངོ་།། དེས་ན་བྱམས་འཇམ་དབྱངས་དང་། ཀླུ་ཐོགས་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་གཅིག་ཏུ་གྲུབ་ཅིང་། ཇོ་ནང་ཀུན་མཁྱེན་ཆེན་པོས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཁོང་གི་བཀའ་འབུམ་ཕལ་ཆེར་དང་། གཞན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཆེས་མང་པོ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་པས་འདི་ཙམ་ལས་ངལ་བ་མ་བྱས་སོ།། གསུམ་པ་མཚན་ཉིད་ནི། དབུ་མ་བ་གང་ཞིག ཡོངས་གྲུབ་གཉིས་མེད་ཡེ་ཤེས་གཤིས་ལ་རང་གི་ངོ་བོས་གྲུབ་པར་ཁས་ལེན་ཅིང་གཞན་དབང་ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་གཤིས་ལ་རང་གི་ངོ་བོས་མ་གྲུབ་པར་ཁས་ལེན་པའི་གང་ཟག་དེ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའི་མཚན་ཉིད། བཞི་པ་སྒྲ་བཤད་ནི། སྟོང་གཞི་དོན་དམ་གཉིས་མེད་ཡེ་ཤེས་དེ་རང་ངོས་ནས་མི་སྟོང་པར་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་པ་དང་། ཀུན་རྫོབ་གློ་བུར་གྱིས་བསྡུས་པའི་ཆོས་རྣམས་དོན་དམ་གཞན་གྱི་ངོ་བོས་སྟོང་བའི་སྟེང་དུ་ཀུན་རྫོབ་རང་གི་ངོ་བོས་ཀྱང་སྟོང་བར་སྨྲ་བས་ན། དབུ་མ་གཞན་སྟོང་བ་ཞེས་བརྗོད། ལྔ་བ་འདོད་པའི་ཁྱད་པར་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ལ། གཞིའི་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་། རིང་ལུགས་ཐུན་མིན་མཐར་ཐུག་གི་གཞི་ངོས་བཟུང་བ། གཞི་དེ་རང་གཞན་ཐམས་ཅད་ལ་ཡོད་པར་བསྟན་པ། དེ་ཉིད་འཁོར་འདས་ཀུན་གྱི་གཞིར་བསྟན་པའོ།། དང་པོ་ནི། དོན་དམ་པའི་ཆོས་དབྱིངས་དེ་ཉིད་གདོད་ནས་ཉེས་སྐྱོན་གང་གིས་གོས་མ་མྱོང་ཞིང་། དོན་དམ་པའི་ཡོན་ཏན་གདོད་མ་ནས་རང་ཆས་སུ་རྫོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདེ་གཤེགས་སྙིང་པོ་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་གནས་པ་དེ་ཉིད་དོ།།

གཉིས་པ་དེ་རང་གཞན་ཐམས་ཅད་ལ་ཡོད་པར་བསྟན་པ་ནི། ཇོ་ནང་ཀུན་མཁྱེན་ཆེན་པོས། ཀུན་རྫོབ་ཆོས་ཀུན་རང་རང་ངོ་བོས་སྟོང་།། སྟོང་པའི་གཞི་ལ་དོན་དམ་ཆོས་སྐུ་བཞུགས།། ཞེས་དང་། དྲི་མ་སྦྱང་བའི་གཞི་བདེ་བར་གཤེགས་པའི་སྙིང་པོའོ།། ཞེས་དང་། འབའ་མདའ་བ་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་ནས། ཀུན་རྫོབ་ཆོས་ཀུན་གདོད་ནས་སྟོང་པའི་གཞིར།། སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་ཡོངས་རྒྱས་པ།། ཡེ་ནས་བཞུགས་པ་ཇོ་ནང་ཆེན་པོའི་ལུགས།། ཞེས་དང་། ས་བཟང་མ་ཏི་པཎ་ཆེན་གྱིས། གཞི་ཡི་མཐར་ཐུག་དོན་དམ་ཆོས་ཀྱི་དབྱིངས།། རང་བཞིན་རྣམ་དག་རང་གཞན་ཐམས་ཅད་ལ།། ནམ་མཁའ་ལྟ་བུར་ཁྱབ་པར་རྟོགས་པ་ཡིས།། སྤྲོ་དང་གུས་དང་ཤེས་རབ་ཡེ་ཤེས་༩འབྱུང་།། ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསལ་བར་བསྟན་ཏོ།། གསུམ་པ། དེ་ཉིད་འཁོར་འདས་ཀུན་གྱི་གཞིར་བསྟན་པ་ནི། ཐེག་པ་ཆེན་པོ་ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ།། དེ་ཡོད་པས་ནི་འགྲོ་ཀུན་ལ།། མྱ་ངན་འདས་པའང་ཐོབ་པ་ཡིན།། ཞེས་སོགས་གསུངས་སོ།། ཞར་བྱུང་བདེན་གཉིས་ཀྱི་རྣམ་བཞག་མདོར་བསྡུས་ལ། རྩ་ཤེས་ལས། གང་དག་བདེན་པ་དེ་གཉིས་ཀྱི།། རྣམ་དབྱེ་རྣམ་པར་མི་ཤེས་པ།། དེ་དག་སངས་རྒྱས་བསྟན་པ་ནི།། ཟབ་མོའི་དེ་ཉིད་རྣམ་མི་ཤེས།། ཞེས་དང་། དབུ་མ་བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག། ཐུབ་པའི་བཀའ་ལ་མི་རྨོངས་ཏེ།། དེ་དག་མ་ལུས་ཚོགས་བསགས་ནས།། ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད།། ཅེས་གསུངས། རྣམ་ཤེས་འཁོར་བཅས་ཀྱི་ཡུལ་གང་ཞིག གཤིས་སམ་གནས་ཚུལ་ལ་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི། ཀུན་བཏགས་གཞན་དབང་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ།། ཡེ་ཤེས་ཁོ་ནའི་ཡུལ་གང་ཞིག། གཤིས་སམ་གནས་ཚུལ་ལ་རང་གི་ངོ་བོ་བདེན་པར་གྲུབ་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི། ཡོངས་གྲུབ་ཆོས་ཉིད་ཁོ་ནའོ།། བདེན་པ་གཉིས་ལ་བདེན་ལུགས་གཉིས་དང་སྟོང་ལུགས་གཉིས། སྣང་ལུགས་གཉིས་སོགས་ཡོད་དེ། དང་པོ་བདེན་ལུགས་གཉིས་ནི། ཀུན་རྫོབ་བདེན་པ་ནི། བློའི་འཁྲུལ་ངོའམ་འཇིག་རྟེན་པའི་ཤེས་ཡུལ་དུ་བདེན་པ་དང་། དོན་དམ་བདེན་པ་ནི། བློ་མ་འཁྲུལ་བའམ་འཕགས་པའི་ཤེས་ཡུལ་དུ་བདེན་པ་སྟེ་བདེན་ལུགས་གཉིས་དང་། གཉིས་པ་སྟོང་ལུགས་གཉིས་ནི། ཀུན་རྫོབ་བདེན་པ་རང་ངོས་ནས་སམ་རང་གི་ངོ་བོས་སྟོང་བའི་རང་སྟོང་དང་། དོན་དམ་བདེན་པ་རང་ངོས་ནས་སམ་རང་གི་ངོ་བོས་མི་སྟོང་བར་གཞན་གློ་བུར་དྲི་མས་སྟོང་བའི་གཞན་སྟོང་སྟེ་སྟོང་ལུགས་གཉིས་དང་། གསུམ་པ་སྣང་ལུགས་གཉིས་ནི། ཀུན་རྫོབ་བདེན་པ་རྣམ་ཤེས་ལ་སྣང་བ་ལས་ཡེ་ཤེས་ལ་མི་སྣང་བ་དང་། དོན་དམ་བདེན་པ་ཡེ་ཤེས་ལ་སྣང་བ་ལས་རྣམ་ཤེས་ལ་མི་སྣང་བ་སྟེ་སྣང་ལུགས་གཉིས་སོགས་ངེས་དོན་སྟོན་པའི་བཀའ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་གསུངས་སོ།། གཉིས་པ་ལམ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། གང་ལ་ཞུགས་ན་རང་འབྲས་མྱང་འདས་སུ་ཕྱིན་བྱེད་དུ་གྱུར་བའི་ལམ་ཞུགས་ཀྱི་མཁྱེན་པ་དེ། ལམ་གྱི་མཚན་ཉིད། འདི་དང་མངོན་རྟོགས་དང་། ཐེག་པ་རྣམས་དོན་གཅིག དབྱེ་ན་ཚོགས་ལམ་སོགས་ལྔའོ།། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས། མཁྱེན་པ་གསུམ་གྱི་རྣམ་པ་མ་ལུས་པ།། གཞན་སྟོང་ལྟ་བ་ཆེན་པོས་རྒྱས་བཏབ་སྟེ།། ཐེག་མཆོག་ལམ་བསྒྲོད་ཇོ་ནང་ཆེན་པོའི་ལུགས།། ཞེས་གསུངས་པ་ལྟར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་བཅས་གཙོ་བོ་སེམས་རང་བཞིན་གྱིས་འོད་གསལ་བའི་ཡིན་ལུགས་སྒོམ་པ་སྟེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ཏེ། ལམ་ལྔ་དང་ས་བཅུ་རིམ་བཞིན་བསྒྲོད་པའོ།། ཁྱད་པར་ཇོ་ནང་པའི་ཕྱག་སྲོལ་ལ། ཟབ་ལམ་རྫོགས་རིམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་སྒོམ་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཞལ་ནས། དྲི་མ་སྦྱོང་བར་བྱེད་པའི་ལམ་རྡོ་རྗེའི་རྣལ་འབྱོར་རོ།། ཞེས་གསུངས་སོ།། ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བློ་གྲོས་སེང་གེའི་དྲིས་ལན་ལས། ལམ་གྱི་མཐར་ཐུག་ཟབ་ལམ་རྡོ་རྗེ་ཡི།། རྣལ་འབྱོར་ཡན་ལག་དྲུག་གི་དོན་བསྒོམས་ན།། མ་དག་འཁྲུལ་སྣང་རིམ་གྱིས་འགག་པ་ལས།། གནས་གྱུར་དག་པའི་སྣང་བ་རིམ་གྱིས་འཆར།། ཞེས་སོ།། ལམ་འདི་ལ་ལྟ་སྒོམ་སྤྱོད་པ་གསུམ། ལྟ་བ་ནི། ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བློ་གྲོས་སེང་གེའི་དྲིས་ལན་ལས། རྒྱུ་འབྲས་བསླུ་བ་མེད་ལ་ཡིད་ཆེས་པ།། འཇིག་རྟེན་པ་ཡི་ཡང་དག་ལྟ་བ་སྟེ།། ཀུན་རྫོབ་རང་རང་ངོ་བོས་སྟོང་པའི་ཚུལ།། རྟོགས་པའང་སྟོང་ཉིད་ལྟ་བ་ཐུན་མོང་ལ།། དོན་དམ་ཆོས་དབྱིངས་གློ་བུར་དྲི་མ་ཡིས།། སྟོང་ཞིང་རང་གི་ངོ་བོས་མི་སྟོང་བ།། རྣམ་ཀུན་མཆོག་ལྡན་སྟོང་ཉིད་རྟོགས་པ་ནི།། ཐུན་མོང་མ་ཡིན་ཡང་དག་ལྟ་བ་ལགས།། ཞེས་དང་། བསྒོམ་པ་ནི། བསྒོམ་པའང་བསྐྱེད་རིམ་དམིགས་པ་སྣ་ཚོགས་དང་།། རྫོགས་རིམ་ལ་ཡང་དམིགས་མེད་རང་སྟོང་གི། ངང་དུ་བཞག་ནས་དངོས་འཛིན་འགོག་པ་ནི།། ཐུན་མོང་བ་སྟེ་ཀུན་ལ་གྲགས་ལགས་མོད།། རྫོགས་རིམ་མཐར་ཐུག་དོན་དམ་སྟོང་པ་ཉིད།། ངང་དུ་བཞག་པས་བདེ་སྟོང་ཟུང་འཇུག་གི། ཉམས་མྱོང་རིམ་གྱིས་འཕེལ་བར་འགྱུར་བ་ནི།། ཐུན་མོང་མ་ཡིན་གསང་སྔགས་ཟབ་མོའི་དོན།། ཞེས་དང་། སྤྱོད་པ་ནི། སྤྱོད་པ་ཐུན་མོང་པ་ནི་འདུལ་བ་ཡི།། གཞུང་བཞིན་ཚུལ་ཁྲིམས་རྣམ་དག་བསྲུངས་པ་དང་།། ཐེག་ཆེན་གཞུང་བཞིན་སེམས་བསྐྱེད་བཟང་པོ་ཡིས།། ཕ་རོལ་ཕྱིན་དྲུག་ཉམས་སུ་ལེན་པའོ།། གསུམ་པ་འབྲས་བུ་ནི། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་ནས། མི་ཤེས་མུན་པ་དྲུང་ནས་ཕྱུང་བ་ན།། གདོད་ནས་བཞུགས་པའི་སྟོབས་བཅུའི་སངས་རྒྱས་ཉིད།། མངོན་དུ་གྱུར་འདི་ཇོ་ནང་ཆེན་པོའི་ལུགས།། ཞེས་དང་། ཀུན་མཁྱེན་ཆེན་པོའི་ཞལ་ནས། དྲི་མ་དང་བྲལ་བའི་འབྲས་བུ་བྲལ་འབྲས་ཆོས་སྐུའོ།། ཞེས་གསུངས་པ་ལྟར། ལམ་བསྒོམས་ཏེ་རང་རྒྱུད་ཀྱི་གློ་བུར་གྱི་དྲི་མ་མཐའ་དག་བསལ་ཏེ། གཞི་འབྲས་དབྱེར་མེད་ཀྱི་དོན་དམ་པའི་ཆོས་སྐུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མཛད་པ་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་པ་མངོན་དུ་གྱུར་པ་དེ་ལ་འབྲས་བུ་ཞེས་བརྗོད་དོ།། ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བློ་གྲོས་སེང་གེའི་དྲིས་ལན་ལས། འབྲས་བུའི་མཐར་ཐུག་དྲི་བྲལ་ཆོས་ཀྱི་སྐུ།། གཙང་བདག་བདེ་དང་རྟག་པའི་ཡོན་ཏན་གྱི།། ཕ་རོལ་ཕྱིན་པ་མངོན་དུ་གྱུར་པ་ན།། ཟག་མེད་བདེ་བ་ཆེ་ལ་རྟག་ཏུ་གནས།། ཁྱད་པར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས།། ཀུན་རྫོབ་འཁྲུལ་སྣང་དོན་ལ་མེད་པ་ལ།། མེད་པར་མཁྱེན་ཏེ་དོན་དམ་ཆོས་ཀྱི་དབྱིངས།། ཡོད་པར་གཟིགས་ནས་དེ་བཞིན་ལམ་རབ་སྟོན།། གཞི་ཡི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད།། ལམ་གྱི་མཐར་ཐུག་རྣལ་འབྱོར་ཡན་ལག་དྲུག།། འབྲས་བུའི་མཐར་ཐུག་དྲི་བྲལ་ཆོས་ཀྱི་སྐུ།། ཞེས་སོ།།

སླར་སྨྲས་པ།
དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་བ་སྟེ།།
དུས་གསུམ་རྒྱལ་བ་རྒྱ་མཚོས་ལུང་བསྟན་པ།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་པར།།
སྒོ་གསུམ་གུས་པས་སླར་ཡང་ཕྱག་འཚལ་ལོ།།

ངེས་དོན་གཞན་སྟོང་དབུ་མའི་དགོངས་དོན་ཟབ་ཅིང་རྒྱ་ཆེ་བ།།
བདག་འདྲ་རྨོངས་པ་བྱིས་པའི་བློ་ཡི་སྤྱོད་ཡུལ་མ་ཡིན་ཀྱང་།
ཟབ་མོའི་གནས་ལ་ཅུང་ཟད་གོམས་ཤིང་བག་ཆགས་ཙམ་འཇོག་ཆེད།
འདི་འདྲའི་མདོར་བསྡུས་ཙམ་ཞིག་བདག་གིས་འབྲི་ཁུལ་བགྱིས་པ་ལགས།།

འདི་ལ་ཉེས་པ་ཅི་མཆིས་རྒྱལ་བ་སྲས་བཅས་དང་།
གཟུར་གནས་མཁས་པ་ཡོངས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས།
དགེ་བས་མཁའ་མཉམ་མར་གྱུར་སེམས་ཅན་ཐམས་ཅད་ཀྱིས།།
བདེ་གཤེགས་སྙིང་པོ་མངོན་དུ་གྱུར་པའི་རྒྱུར་གྱུར་ཅིག།

ཅེས་ངེས་དོན་འཁོར་ལོ་ཕྱི་མའི་རྗེས་འབྲང་གི་དབུ་མ་པ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་བརྒྱུད་རིམ་ཅུང་རྒྱས་པ་ཙམ་དང་ལྟ་གྲུབ་ཤིན་ཏུ་བསྡུས་པ་འདི། ཇོ་ནང་ལྕམ་མདའ་དགོན་གྱི་མཁན་མིང་ཙམ་འཛིན་པ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་ཞེས་བྱ་བས་རང་ལོ་གྱ་བདུན་པར་འབྲི་ཁུལ་བགྱིས་པའོ།། འདིས་ཀྱང་ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་རྒྱལ་བ་གཉིས་པ་ཇོ་ནང་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ། སརྦ་མངྒ་ལཾ།

ནང་དོན་ཡོངས་ཁུངས། དུང་དུང་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།