ན་གཞོན་སློབ་མའི་ཕུགས་བསམ་སྐོར་གྱི་གླེང་མོལ།

༄༅། །ན་གཞོན་སློབ་མའི་ཕུགས་བསམ་སྐོར་གྱི་གླེང་མོལ།

རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།

མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་གི་རྣམ་དཔྱོད་དང་ཕུགས་བསམ་ཅན་གྱི་སློབ་བུ་མཆོག་གསུམ་རྒྱལ་དང་། མགོན་སྐྱབས་རྒྱལ། ཁོན་ཐར་རྒྱལ། བསོད་ནམས་འབུམ་སྐྱབས་བཅས་ཀྱིས་བདག་ལ་ཁོ་ཚོས་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་ཞེས་པའི་བྱ་འགུལ་ཞིག་སྤེལ་གྱིན་ཡོད་ལ། སློབ་ཆེན་མཐར་ཕྱིན་རྗེས་ལས་འཇུག་བྱེད་མ་ཐུབ་ན་ཁྱོད་ཀྱིས་ཅི་ཞིག་བྱེད་རྩིས་ཡིན་ཞེས་པའི་དྲི་བ་ལ་སློབ་གྲོགས་གཞན་གསུམ་གྱིས་དྲི་ལན་མི་འདྲ་བ་གསུམ་བྱུང་ཡོད་པས། ང་ལ་དེ་དང་འབྲེལ་ཏེ་སློབ་མའི་ཕུགས་བསམ་སྐོར་ལ་ཚིག་འགའ་བཤད་རྒྱུའི་རེ་བ་ནན་གྱིས་བཏོན་བྱུང་བས། བདག་གིས་ཀྱང་ཁས་ལེན་མི་བྱེད་ཀ་མེད་བྱུང་།

དེས་ན་དེའི་སྐོར་ཅུང་ཟད་སྤྲོས་ན། བློ་གསལ་གཞོན་ནུ་རྣམས་ཀྱིས་ཐོག་མར་རང་ཉིད་ཀྱི་ལུས་རྟེན་འདིའི་རིན་ཐང་ལ་ངོས་ཟིན་བཟང་བོ་ཞིག་ཡོད་དགོས་ཏེ། འཇིག་རྟེན་འདིར་མི་ལ་ལ་ཞིག་གིས་སྐྱེ་བོ་བྱེ་བ་དུང་ཕྱུར་མང་བོའི་འཚོ་ཐབས་དང་། བདེ་སྐྱིད་ལ་སྨན་པའི་རླབས་ཆེན་གྱི་ལས་དོན་སྒྲུབ་ཀྱིན་ཡོད་པ་ནི་དཔེར་ན། རྒྱལ་པོ་ཆེན་པོ་དང་། ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོ། མཚན་ཉིད་རིག་པ་བ་ཆེན་མོ། རྩོམ་རིག་པ་ཆེན་མོ་སོགས་ལྟ་བུ། ཡང་མི་ལ་ལ་ཞིག་གིས་གཞན་གྱི་བདེ་སྡུག་ལ་དོ་ཁུར་བྱེད་རྒྱུ་ལྟ་ཅི། ཐ་ན་རང་གི་ལྟོ་བ་འབྱིད་ཐབས་དང་ཉི་མ་འཕུད་ཐབས་ཙམ་ཡང་མི་ནུས་པ་ནི་དཔེར་ན་སྲང་མདོའི་སློང་མོ་པ་ལྟ་བུའོ། །

དེས་ན་མི་ཡིན་པ་དང་། ཡན་ལག་དང་དབང་བོ་ཚང་བ་འདྲ་བཞིན་དུ་དེ་འདྲའི་ཁྱད་པར་ཞིག་ཅི་ལ་ཤོར་པ་ཡིན་ཞེ་ན། རང་གི་ལུས་རྟེན་འདིའི་རིན་ཐང་མ་ཤེས་པས་ལན་པ་ཡིན། མིའི་ལུས་རྟེན་འདི་ལ་བརྟེན་ནས་ཚེ་གཅིག་གི་ཡུན་ཙམ་ལའང་སྲིད་པའི་ཕུན་ཚོགས་མཚར་དགུ་སྒྲུབ་ནུས་པས། འདི་ལས་ལྷག་པའི་ཡིད་བཞིན་ནོར་བུ་ཞིག་གནམ་སའི་ཁྱོན་ཀུན་ལ་བཙལ་ཀྱང་རྙེད་པར་མི་འགྱུར་རོ། །

འོན་ཀྱང་འདིའི་རིན་ཐང་མངོན་དུ་བྱ་ཐུབ་མིན་ནི་འདི་དགོལ་ཕོད་མིན་དང་འཁོལ་ཤེས་མིན་ལ་རག་ལས། དེ་བས་རང་རེ་རྣམས་ཀྱིས་ཆུང་ངུའི་དུས་ནས་བྱ་བ་རླབས་ཆེན་ཞིག་དང་དམིགས་གཞི་རྒྱ་ཆེན་པོ་ཞིག་བསྒྲུབ་པའི་དམ་བཅའ་སྙིང་ལ་རི་མོ་བཞིན་དགོད་དགོས། དཔེར་ན་བདག་ནི་མི་ཚེ་འདི་ལ་ལྷ་རྗེ་ཆེན་མོ་ཞིག་ཏུ་གྱུར་ནས་འགྲོ་བའི་ལུས་ཀྱི་ཟུག་རྔུ་དབྱུང་བར་བྱའོ་སྙམ་པ་དང་། སློབ་གསོ་པ་ཆེན་མོ་ཞིག་ཏུ་གྱུར་ནས་འགྲོ་བའི་བློ་ཡི་རྨོངས་པ་བསལ་བར་བྱའོ་སྙམ་པ་ལྟ་བུ་སྟེ། དེ་ལྟ་བུའི་འདོད་བློ་ཤུགས་ཆེ་ལ་རྒྱུན་ཆགས་པ་ཞིག་སྐྱེས་པའི་ཚེ། མི་ཚེ་དོན་ལྡན་དུ་བྱེད་པའི་མགོ་བརྩམས་པ་ཡིན་ལ། ཁྱོད་ཚོས་བགྲོ་གླེང་བྱེད་པའི་ཕུགས་བསམ་ཞེས་པ་དེའང་འདི་ལྟ་བུ་ཞིག་ལ་གོ་དགོས། དེ་ལྟ་བུ་ཞིག་དྲན་ཕོད་པ་ནི་ཁྱོད་ལ་ཕུགས་བསམ་ཚུགས་པའི་རྟགས་ཏེ། འཇིག་རྟེན་འདིའི་སྐྱེ་བོ་མང་ཆེ་ཤོས་སམ་བརྒྱ་ཆའི་དགུ་བཅུ་བརྒལ་པ་ཙམ་ཞིག་ནི། ང་ལྟ་བུས་དེ་འདྲ་ག་ལ་ནུས་ཞེས་པའི་འགག་འཕྲང་དོག་མོ་དེ་ནས་ཐར་ཐུབ་ཀྱིན་མེད་ལ། རང་གི་ལུས་རྟེན་གྱི་རིན་ཐང་ལ་ངོས་ཟིན་ཟབ་མོ་ཞིག་མ་རྙེད་པར། ཆེན་པོ་ཞིག་ཡིད་ལ་དྲན་མ་ཐུབ་པའི་ངང་ལ་མི་ཚེ་དོན་མེད་དུ་ཟད་པ་ཡིན།

དེ་ལྟ་བུའི་བློ་ནི་གནོད་ཚབས་ཤིན་ཏུ་ཆེ་སྟེ། ཞིབ་ཏུ་དཔྱད་ན། ཁྱོད་ཀྱང་ཡན་ལག་དང་དབང་བོ་ཚང་བས། གཞན་གྱིས་ནུས་པ་ཞིག་ཁྱོད་ཀྱིས་མི་ནུས་པའི་རྒྱུ་མཚན་ནི་ཅུང་ཟད་ཀྱང་བཙལ་ནས་མི་རྙེད་ལ། དེ་འདྲ་ག་ལ་ནུས་ཞེས་མི་ནུས་པར་ཐག་གིས་གཅོད་མཁན་ཡང་རང་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །མི་ནུས་ཞེས་པའི་བློ་དེ་སྐྱེས་པ་ན་རང་གིས་རང་ལ་ལེགས་ཚོགས་ཐམས་ཅད་ཀྱི་སྒོ་གཏན་པ་ཡིན། དཔེར་ན་བྱ་བ་ཆུང་ངུ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པ་ལྟ་བུ་ཞིག་ལ་མཚོན་ནའང་། ངས་ཅིས་ཀྱང་རྒྱུགས་འཕྲོད་པར་བྱའོ། །གཞན་གྱིས་འཕྲོད་ན་ང་ལ་མི་འཕྲོད་པའི་རྒྱུ་མཚན་ཅི་ཡང་མེད་སྙམ་པ་ཞིག་ཡིད་ལ་སྐྱེས་པའི་ཚེ། དེ་ཙམ་གྱིས་ཁྱོད་ཀྱི་དམིགས་ཡུལ་དེའི་ཕྱེད་ཀ་འགྲུབ་ཟིན་པ་ཡིན་ལ། དེ་ལས་ལྡོག་སྟེ། ངས་རྒྱུགས་ག་ལ་འཕྲོད་སྙམ་པ་སྐྱེས་པའི་ཚེ། བློའི་འགྱུ་བ་སྐད་ཅིག་མ་དེའི་ཡུན་ལ་རང་གི་མི་ཚེ་དང་མདུན་ལམ་ཐམས་ཅད་ཐག་གིས་བཅད་ཟིན་པ་ཡིན།

དེ་བས་ཕོད་དམ་མི་ཕོད་ལྟ་བུའི་སེམས་ཀྱི་འཁྱེར་སོ་ཕྲ་མོ། སྐད་ཅིག་མ། ཐོགས་རེག་མེད་པ་དེ་ལྟ་བུས་སྐྱེ་བོ་ཀུན་གྱི་འདུན་མ་ཐག་གཅོད་བྱེད་ཀྱིན་ཡོད་པས། བློའི་མཐུ་ནུས་དང་ནུས་པ་དེ་ལ་ངོས་ཟིན་གཏིང་ཟབ་མོ་ཞིག་རྙེད་དགོས།

ལུས་རྟེན་འདི་ལེགས་པར་འཁོལ་བའི་བསམ་བློ་དེ་ལྟ་བུ་ཞིག་བསྐྱེད་ཕོད་པའམ་ཕུགས་བསམ་ཡོད་པ་ཙམ་གྱིས་ད་དུང་མི་ཆོག་སྟེ། ཕུགས་བསམ་མངོན་འགྱུར་བྱེད་པ་ལ་རང་གི་ལུས་རྟེན་ལེགས་པར་འཁོལ་ཤེས་མིན་ཡང་ཧ་ཅང་གལ་ཆེ་བས། མི་ཚེ་ཡུན་ཐུང་བ་ལ་བསམས་ནས་རང་གི་དམིགས་ཡུལ་ཇི་ལྟར་རིམ་པ་བཞིན་བསྒྲུབ་པའི་འཆར་གཞི་ཞིབ་མོར་བཟོས་ཏེ། རེ་རེ་ནས་ལག་བསྟར་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

གཞན་ཡང་། ཕུགས་བསམ་ཞེས་པ་ནི་རྒྱ་ཆེ་བ་ཞིག་དགོས་པས་བྱ་བ་ཆུང་ངུ་ཁང་ཁྱིམ་འབུབས་པ་ལྟ་བུ་ཞིག་ལ་གོ་མི་རུང་། ཁང་ཁྱིམ་སོགས་ཀྱང་གལ་ལོས་ཆེ་མོད། ལོ་ཏོག་དོན་དུ་གཉེར་བ་ན་སོག་མ་ཞར་ལ་ངེས་པར་འབྱུང་། འཚོ་བའི་རྩོད་སྒྲུབ་རིག་པ་འདི་ལས་འུ་ཅག་གིས་ཁང་ཁྱིམ་ཙམ་དོན་དུ་གཉེར་ན་ཁང་ཁྱིམ་ཙམ་ལས་ཅི་ཡང་མི་འཐོབ་པ་དང་། ལག་པས་རིང་སར་བསྙབས་ན་ལག་ཡོང་ཤིན་ཏུ་མང་བའི་གནས་ལུགས་ཤེས་དགོས།

དེ་ཡང་ཕུགས་བསམ་གྱི་སྐོར་འདིར་བརྗོད་ན་བརྗོད་རྒྱུ་མང་ཡང་། རེ་ཞིག་ཉུང་ངུ་ཙམ་ལས་སྤྲོས་མེད་པ་འདི་ཁྱོད་ཅག་གི་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་ལ་ཅུང་ཟད་སྨན་པར་ཤོག

ཡོང་ཁུངས། སྦྲང་ཆར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།