Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

བཅུ་གསུམ་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དེ་ནས་བདེ་མཆོག་རྩེའི་རྟེན་བཞེངས་ཀྱི་རབ་གནས་ལ་འབོད་མི་ནན་ཅན་ཡོད་པ་ལྟར་ཕྱིན། ཞག་བརྒྱད་ཙམ་སྡོད་དགོས་བྱུང༌། {བྱམས་པའི་སྐུ་བརྙན་གྱི་གཟུངས་བཞུགས(གཞུག)ལ་བྱིན་བརླབས་རྟེན་འདྲ་དགོས་གསུང་གིན་འདུག་པ་ལ། བརྒྱད་སྟོང་པའི་རྒྱ་དཔེ་གསེར་མ་དབུ་ལྷ་སོགས་རྒྱ་གར་ནུབ་ཕྱོགས་ཀྱི་རི་མོ་ཡིན་པ། ཡི་གེ་རྒྱ་གར་དབུས་ཀྱི་འཕྲལ་ཡིག་ཡིན་པ། ངོ་མཚར་ཅན་ཞིག་ཡོད་པ་དེ་གཟུངས་བཞུགས་སུ(གཞུག་ཏུ)ཕུལ།} རབ་གནས་ཀྱི་ཆོ་གའང་བོད་ཀྱི་ཕྱག་ལེན་ལ་རྒྱ་གར་བའི་ཕྱག་ལེན་གྱིས་བརྒྱན་ཏེ་གཉིས་ཅར་ཚང་བར་བྱས།

དངོས་གཞིའི་ནུབ་མོ(མོར)རྨི་ལམ་དུ་གདམས་ངག་རྨི་ལམ་མ་དེ་བྱུང༌། དེ་གྲོལ་ནས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྗེ་རྡོ་རིངས་པ་ཆེན་པོའི་དངུལ་གདུང་གི་རབ་གནས་ལ{རབ་གནས་དང་ཐུགས་ཀྱི་རྒྱ་མཚོ་ཡོངས་སུ་བསྐང་བའི་ཕྱིར}གཏིང་སྐྱེས་ལ་འགྲོ་དགོས་སྐབས། བདེ་གླིང་དུ་དབང་ཆོས་ཐོར་བུ་འདྲ་བྱས།

ཡང་ཆས་ཏེ་འགོར་མེད་བཀྲ་ཤིས་རྩེར་སླེབ(སླེབས)། དེའི་སང་ཉིན་མཁར་ཆེན་དུ་སླེབ(སླེབས)པའི་གནངས་ཉིན་ནས། དངུལ་གདུང་རིན་པོ་ཆེའི་རྟེན་སྒྲིག་གི་འགོ་བརྩམས། སྐྱེ་ཚང་དུ་བཞུགས་རྒྱུའི་སྐུ་འདྲ་རིན་པོ་ཆེ་ལ་ཐོག་མར་རབ་གནས་ཤིག་བྱས། དེ་ནས་དངུལ་གདུང་རིན་པོ་ཆེ་བྱིན་རླབས་ཀྱི་གཟི་འོད་མཁའ་མཐར་ཆགས་པ་ལ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ(པོའི)ཞལ་ཕྱེ་སྟེ། ཆོ་ག་ཤིན་ཏུ་རྒྱས་པའི་སྒོ་ནས་རབ་ཏུ་གནས་པ་ཕུལ། རབ་གནས་ཀྱི་དགའ་སྟོན་དང་། ཡོན་རྫོགས་སོགས་བཟང་ལ་གྱ་ནོམ་པ་བྱུང༌།

གམ་པ་རྫོང་ནས་འབོད་མི་གནང་བྱུང་བ་ལྟར་ཁོར་ཙམ་ཕྱིན། {ཚེ་དབང་ལྷ་དགུ་མ་སོགས་དགོངས་བཞེད་ཀྱི་ཆོས་ཐན་ཐུན་འདྲ་ཕུལ།}

དགེ་གྲོང་དུ་ཕྱིན{དགེ་གྲོང་དུ་འབོད་མི་བྱུང་བ་ལྟར་ཕྱིན། བཅགས་མལ་ཞིག་བསྡད།} ཁྲོམ་དབང་ཞིག་བསྐུར།

སླར་གཏིང་སྐྱེས་སུ་ཡོང་དུས། དྲུང་ཆེན་སངས་སྙིང་པ་ནི{རྟེན་བཞེངས་ཀྱི་བྲེལ་བ་ཆོད་འཕྲལ}ཐེགས་འདུག །འདི་སྐབས{གཏིང་སྐྱེས་མཁར་ཆེན་དུ་ཞག་པོ་ཉི་ཤུ་རྩ་ལྔ་ཙམ་བསྡད།} བདེ་མཆོག་བོང་ཞལ་ཅན་དང་། སངས་རྒྱས་ཐོད་པའི་དབང་བསྐུར་སོགས་དབང་ཆོས་ཀྱང་ཅི་རིགས་པར་བསྒྲུབས།

དེ་ནས་མྱུར་བར་བསྐྱོད་དེ། ཚུར་ལམ་དཔལ་ལྡན་ས་སྐྱའི་གནས་མཇལ་ཞིབ་མོ་བྱས། ཞབས་དྲུང་རྒྱན་ལ་མཇལ་ཁ་ཞིག་ཞུས་ཏེ་གུ་དོག་མཛད་ནས་མཇལ་མ་བྱུང༌།

དེ་རྗེས་གདོང་དགའ་བརྒྱུད་ལྷ་རྩེའི་དགོན་པ་བདེ་ཆེན་དུ{སླེབས། བཅགས་མལ་ཞིག་བསྡད་པས}ཁྲོམ་དབང་ཞིག་ཀྱང་བྱས།

སླར་མྱུར་སྟབས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་སླེབ(སླེབས)། དེ་ཉིན་ཚེས་ལྔ་ཡིན་ཞིང་ཚེས་བཅུ་བཞི་ལ་དུས་ཁྲིད་ཚུགས་པར་བྱས། དེ་ལོ་ཁྲིད་ཡིག་སོགས་མ་རྒྱབ་པས། ཁྲིད་གསར་པ་མང་པོ་མ་བྱུང{ལྔ་བཅུ་ཙམ་ལས་མ་བྱུང}། ཁྲིད་ལོ་ནི་ཤིན་ཏུ་ལེགས་དེ(ཏེ)ཁྲིད་མ་ཐེབས་པ་གཅིག་ཀྱང་མེད།

ཧོར་ཟླ་དང་པོའི་ཚེས་བཅུ་དགུ་ལ་ཁྲིད་གཏོར་བྱས། ཐོག་མར་དགེ་བའི་ཁྲིད་ངོ་སྤྲོད་དང་བཅས་པ་རྒྱས་པར་བཤད། ཁྲིད་གཏོར་གྱི་སྐབས་བཟོ་བོའི་རྒྱབ་ལ་ཡོད་པའི་སྨོན་འགྲོ་བའི་ནང་བཟན་འགའ་རེས་དྲག་ཆས་སྤྲད་པའི་འཁྲུག་པ་སློང་པའི་རྩིས་འདྲ་བྱས་ནའང༌། ཁ་རོག་བསྡད་པས་ཟར་ཟིར་མེད་ཙམ་བྱུང༌། འདི་སྐབས་རྗེ་དྲུང་རིན་པོ་ཆེའི་སྐུ་གདུང་ཡང་ཆོས་གྲྭར་བཞུགས་པ་གླིང་གི་རྡོ་སྤེར་སྤྱན་འདྲེན་བྱས།

དེ་ནས{ངེད་རྣམས་ཤར་ཕྱོགས་སུ་སོང་རྗེས}སྨོན་འགྲོར་གདན་དྲངས། དེ་ལ་ཀྱལ་ཀ་མང་པོ་བྱུང་བའི་ལོ་རྒྱུས་ཡོད། {ཇོ་ནང་སྤྱི་པ་དང་། སྨོན་འགྲོ་བ་རང་གི་མཚམས་པ་བྱིང་ནས་གནང་བ་དེར་ཞུས་འབུལ་མཛད་པས། གདུང་རུས་རྣམས་གསེར་འབུམ་ཆུང་ངུ་འདིར་བཞུགས་དགོས་རྒྱུ་ཡིན་ན་ཡང་།} གསེར་འབུམ་ཡང་གཟུངས་བཞུགས(གཞུག)སོགས་མེད་པའི་སྟོང་པར་བཞག །རྟེན་ཁོག་སྟོང་བཞེངས་པའི་རྟེན་འབྲེལ་གྱིས་སྨོན་འགྲོ་བ་རང་ལ་མི་ཤིས་པ་བརྒྱུད་མར་བྱུང༌།

དེ་ནས་ཧོར་ཟླ་གཉིས་པའི་མགོ་ལ{ཤར་ཕྱོགས་སུ་ཆས་ཏེ}ལུང་ནག་ཤེལ་དཀར་བརྒྱུད{འདོད་ཆོས་ཐན་ཐུན་འདྲ་བྱས། དེ་མཚམས}ལྷུན་རྩེར་ཕྱིན། ཟླ་ཕྱེད་སྐོར་ཞིག་བསྡད། འཇིགས་བྱེད་བཅུ་གསུམ་མ་སོགས་དབང་བཀའ་རྗེས་གནང་རྣམ་གྲངས་མང་བ་ཙམ་བྱས། དཔོན་རིགས་སོ་སོའི་འདོད་ཆོས་ཐན་ཐུན་ཞུ་བར་ཡང་མང་བར་བྱུང༌། སྡེ་པ་སྐུ་མཆེད་ལ་མགོན་པོའི་རྗེས་གནང་ཞིག་ཕུལ་བ་ཤིན་ཏུ་ཟིལ་ཆེ་བའི་ཐུགས་ཀྱི་སྣང་བ་ཆེར་འགྱུར་བ་ཞིག་བྱུང༌། དེ་སྐབས་བྱིན་རླབས་ཡིན་ཁུངས་བྱས་ཏེ། ཡིན་ནི་འཚུབ་ཀ་ཡིན་པར་འདུག །རྒྱལ་བུ་ན་ཕྲ་མོ་ལ་ཚེ་དབང་སོགས་མང་པོ་ཕུལ། སྡེ་པ་སྐུ་བགྲེས་པའི་དྲུང་དང་། ཡོན་མཆོད་ལྷན་དུ་ཁྲོ་ཕུའི་གནས་རྣམས་མཇལ། འཇའ་སྤྲིན་ཡ་མཚན་ཅན་མང་པོ་བྱུང་ཞིང༌། བྱམས་ཆེན་ལ་གསོལ་བ་བཏབ་པས། མེ་ཏོག་གི་ཆར་ཡང་རྫུན་མེད་དུ་བབས།

{དེ་ནུབ་ཤབ་སྨད་བཀྲ་ཤིས་གླིང་དུ་སླེབས་ཙམ་བྱས།} སང་ཉིན{སང་ཉིན་གྲུ་ཐོན་ནས}ཨོ་རྒྱན་རྫོང་དུ་སླེབ(སླེབས)། དཔོན་སའི་དྲུང་གི་དགོངས་བཞེད་ལྟར་ཚེ་དབང་བརྒྱ་ཚར་དང་ནཻ་གུ་བསྡུས་པ་ཞིག་ཕུལ།

བསམ་འགྲུབ་རྩེ་ནས་འབྱོར་རྒྱས་པ་འབོད་མིར་གནང་བྱུང་བ་བཞིན་བསམ་རྩེར་སླེབ(སླེབས)པའི་ཉིན། ཁྱུང་རྩེ་ཕྱག་ཏུ་འབྱོར་པའི་སྤྱན་འདྲེན་པ་རྣམས་སླེབ(སླེབས)པའི་ཐུགས་བྲེལ་གདའ། དགོངས་བཞེད་ལྟར་ཞལ་ངོ་ཐམས་ཅད་ལ་ཚེ་དབང་བརྒྱ་རྩ་ཕུལ། ཀུན་སྤངས་དྲུང་སྔ་སོར་འབྲུག་སྦྲུལ་རྟ་གསུམ་ལུག་གི་སྟོད་ཚུན{ལོ་ནས་བཟུང་འདི་གོང་ཡན་ཆད་ངེད་ལ་ཡག་པོ་མཛད་གསུང(གསུངས)།} དགྱེས་དགྱེས་མཛད་པ་ཞིག་ཡོད་ཀྱང༌། བར་དེར་སྨོན་འགྲོ་ནས་རྒྱུག་རག་བཏང་། རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱི་འབྲལ་སྤང་བདེ་དགྱེས་ལེགས་ལེགས་མོ་རྒྱ་གར་མའི་ཁུངས་གཉིས། དང་པོ་ཆོས་ལུང་བྱང་རྩེའི་རྟེན་གྲལ་ན་ཡོད་པ་བརྐུས་ནས་སྨོན་འགྲོར་ཡོད་པ་དེ་ཚོ་དང༌། {རྗེ་གྲོལ་མཆོག་ཞིང་བརྗེས་ནས་མི་རིང་བར་སྨོན་འགྲོར་སྤྱན་དྲངས། ཁོང་རང་ཚོའི་རྟེན་གཙོར་མཛད་པ་དེ་ལ་སོགས་པ}ནོར་སྣ་བཟང་ལ་མང་བ་ཀུན་སྤངས་དྲུང་ལ་ཕུལ། རྫི་ལུང་ཞི་བའི་ཞོར་ལ་ཞུ་ལོག་མང་པོ་བཅུག་འདུག་པས། དེ་སྐབས་ཀུན་སྤངས་པ་ཐུགས་འགྱུར་བ་ཞིག་འདུག །ངེད་ཀྱི་བསམ་པ་ལ་ནི་ཨེ་ཨེ་བསམ་པ་ལས་མ་བྱུང༌།

སྐུ་འབྲིང་བས་ཞག་བཅུ་སྐོར་སྡོད་གསུང་བ་ལྟར་བསྡད། རྒྱལ་རྩེ་བླ་མའི་དྲུང་ལ་དགོངས་བཞེད་ཀྱི་བཀའ་ཆོས་འདྲ་ཕུལ། ཟུར་ཁང་སློབ་དཔོན་པ་ཆོས་རྗེ་བསོད་ནམས་དར་རྒྱས་ཆེད་བཏང་ངེད་འཕྲད་པ་ལ་ཕེབས། སྔར་ཕྱག་རྒྱ་བཞིའི་སྙིང་པོའི་གདམས་པ་ཞིག་ཁོང་ལ་བཤད་པ་དེ་ལ་ཉམས་ལེན་མཛད་པའི་གསལ་སྣང་འདྲ་ཤར་འདུག །ཁོང་ད་རེས་མིན་པ་མི་འཕྲད་གསུང་གིན་འདུག་པ་དེ་ཁ་བཞིན་བྱུང༌། {དེ་མཚམས་སྣར་ཐང་དུ་ཞག་ཤས་བསྡད།}

བྱང་ཆེན་དུ{སླེབས་པས}སྨྱུང་གནས་དང་། སྒྲུབ་སྡེ་རྣམས་ལ་མ་ཧཱ་མཱ་ཡའི་དབང་བསྐུར་དང་། འཁྲིད་ཚུལ་ཐན་ཐུན་འདྲ་བཤད། དང་པོ་བསྙེན་རྫོགས་བྱས་པ་ནས། འདི་ཡན་ཆད་དུ་གསང་འདུས་འཕགས་ཞབས་ལུགས་གཉིས་ཀྱི་གཞུང་བཟང་ལ་མང་བ་རྣམས་དང༌། གཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ། གཤེད་དམར་བྲམ་ཟེ་དཔལ་འཛིན་གྱི་ལུགས་སོགས་དང༌། གདན་བཞིའི་གཞུང་བདུན། སངས་རྒྱས་ཐོད་པ་ཕྱོགས་ཀྱི་རྒྱ་གཞུང་མང་པོ་དང༌། རྒྱུད་སྡེ་འོག་མ་ཅི་རིགས་པ་དང༌། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཡིད་ལ་མི་བྱེད་པའི་ཆོས་སྐོར་རྣམས་དང༌། འཕྲེང་བ་སྐོར་གསུམ་སོགས་དང༌། རྒྱུད་འགྲེལ་གྲགས་ཅན་ཕལ་ཆེ་བ་དང༌། བསླབ་བཏུས་དང་། བྱང་ས་ལ་སོགས་གཞུང་ཆེན་མང་པོ་ལ་ཡང་འདྲིས་པར་སྦྱངས་པས། རང་རེའི་ཐོས་བསམ་དང་། དཔེ་ལྟ་ཁོ་ན་ལ་བརྟེན་པའི་བློ་གྲོས་ཀྱི་ལུས་ཕལ་ཆེར་རྫོགས་སོང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་དང་ཉམས་མྱོང་རྒྱུ་མཚན་དུ་བྱས་པའི་ལེགས་བཤད་དང་། ངེས་གསང་གི་བློ་གྲོས་ནི་ཕྱིས་རྒྱལ་བ་རང་ཤིན་ཏུ་མང་བར་ཡོད་དོ། །

དེ་སྐབས་སློབ་དཔོན་རིན་པོ་ཆེའི་དྲུང་ཅུང་ཟད་སྐུ་ཁམས་བསྙེལ་བ་ཞིག་བྱུང༌། བསམ་སྡིངས་སུ་ཕེབས་བཞེད་ཆེ་བར་འདུག་པས་ཆས་ཏེ། ཕར་ལམ{བྱང་ཆེན་ནས}ཚོང་འདུས་སུ{སླེབས་པས་ཞག་གསུམ་ཙམ་བསྡད།} རབ་གནས་ཤིག་བྱས་པ་བཀྲ་མི་ལེགས་པ་རང་བྱུང༌།

དེ་འཕྲལ་བསམ་གཏན་སྡིངས་སུ་ཕེབས། དེ་མཚམས་ནས་སྐུ་ཁམས་ཇེ་ལོད་དུ་སོང་། སྨན་དཔྱད་ཀུན་ཀྱང་ཅུང་ཟད་ལོག་པའི་ཟླ་བ་གཉིས་ཙམ་གྱི་བར་དུ་ཤིན་ཏུ་ཉེན་པ་བྱུང༌། {བདག་གིས}སླེབ(སླེབས)འཕྲལ་ནས་མཚམས་དམ་པར་བཅད། དགོངས(དགོང)རེ་བཞིན་སྐུ་རིམ་དུ་དམིགས་པའི་དྲུག་ཅུ་རྩ་བཞི་ལ་སོགས་པ་གཏོར་མའི་ཆོ་ག་རྣམ་གྲངས་མང་ཙམ་བཏང་། དེ་མིན་དགེ་སྦྱོར་རང་ལ་འབུངས་བསྐྱེད། ཐོ་རངས་སྔ་མོ་ནས་སྔོན་འགྲོ་གཏོར་མ་སྔོན་དུ་འགྲོ་བའི་འཁོར་ལོ་སྡོམ་པའི་བསྐྱེད་རིམ་ཉིན་ཐུན་བཞི་པོ་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་འདོར་ལེན་དུ་བསྒྲུབས་ཤིང༌། བཟླས་བརྗོད་ལ་ཤིན་ཏུ་འགྲུས་པར་བྱས། སྲོད་ཐུན་ལ་ལག་མཆོད་དང༌། ཕྱི་རོལ་མཆོད་པ་རྒྱས་པ་རེ་གཏོར་མའི་སྔོན་དུ་མ་ཆག་པ་དང༌། ནམ་ཕྱེད་དུ་ཉེ་བ་ན་བུམ་པ་ཅན་གྱི་རླུང་སྦྱོར་དང༌། དཔྱིད་ཐིག་བསྒོམ་པས་འདའ་བར་བྱས།

ཟླ་བ་ཕྱེད་གཉིས་ཙམ་གྱི་མཚམས་སུ་ཚོང་འདུས་ནས་སྡེ་པ་ལྷུན་ཆེན་སྐུ་གཤེགས་པའི་སྟབས། དགོངས་རྫོགས་ཀྱི་སྙིང་པོ་དང༌། མཚན་བྱང་བཞུ་བ་ལ་འགྲོ་དགོས་ཀྱིས་མཚམས་སེད་པ{བསང་བ}དང་འགྲོ་བ་མཉམ་དུ་བྱས་ཤིང་། དབུ་རྩེར་ཞག་གཅིག་སྡོད་དགོས་བྱུང༌།

སང་དགོངས(དགོང){བསམ་སྡིངས་སུ་སླེབས་པས་དེ་འཕྲལ}ཀ་མཚམས་བསྡམས། སླར་ཡང་སྔར་གྱི་རྒྱུན་གྱི་རྣལ་འབྱོར་ལ་ཞུགས། དེའི་སྔ་གོང་ལྷའི་གསལ་སྣང་དང་བདེ་སྟོང་གི་ཉམས་མང་པོ་འཆར་བ་ཞིག་ཡོད་པ། ཟླ་ཕྱེད་ཙམ་གྱི་བར་དུ་སོར་མ་ཆུད། དེ་ནས་དྲུང་འཚོ་བ་ས་ལུང་པས{ཆོས་ལགས་ཀྱི}སློབ་དཔོན་རིན་པོ་ཆེར་གསོལ་སྨན་སོགས་ཕུལ་བ་འཕྲོད་བསྟེན་གྱི་ངོ་ཆེ་བར་བྱུང་ཞིང༌། ངེད་རང་བད་མཁྲིས་ཀྱི་ཞག་ཤས་གྱུང་ངེ་བ་ན་བ་ཞིག་ལ་ནད་འདོན་གྱི་དམིགས་པ་དང་། རླུང་སྦྱོར་འཕྲན་བུ་བྱས་པས། སྔ་དྲོ་ཞིག་དུད་ཁུ་འདྲ་བ་སླ་ང་དོ་ཙམ་སྐྱུགས། དེ་གོང་བད་མཁྲིས་མཐོ་མོ་དེ་ལོ་ཤས་བདེ་བར་བྱུང༌། དེས་ན་མན་ངག་ཁུངས་མའི་གེགས་སེལ་ཐམས་ཅད་དེས་མཚོན་པར་གོ་དགོས།

རིམ་པ་དེ་ཉིད་ཀྱི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཡན་ཆོད་དུ། དཔལ་སྡོམ་པ་ལཱུ་དྲིལ་ནག་གསུམ་ཅར་གྱི་བསྙེན་པ་ཡིད་རྣམ་གཡེངས(གཡེང)ཁོ་ནའི་དབང་དུ་མ་སོང་ཙམ་དུ་གྲུབ། གསུམ་ཅར་གྱི་རྫོགས་རིམ་ལ་ཡང་སོ་སོར་མྱོང་བ་ཅུང་ཟད་ཐོན། ཡང་འདི་སྐབས་ནས་ཚིགས་གྲུམ་ལ་བརྟེན། རྐང་པ་ཤིན་ཏུ་ན་བ་ཞིག་རྒྱུན་ཆགས་རང་དུ་བྱུང༌།

ཟླ་བ་དེ་ཉིད་ཀྱི་ཉེར་གཅིག་ལ་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པའི་སློབ་དཔོན་ནིརྦཱ་ཎ་ཤྲཱི་ཡང་ཕེབས་བྱུང་། ཟླ་བ་ཕྱེད་གཉིས་ཙམ་བཞུགས་ཤིང༌། སྔར་གྲུབ་ཆེན་ལྷོ་ཕྱོགས་པ་ལ་ལེགས་པར་མནོས་པའི་གདམས་པ་དང་། བཤད་པའི་འཕྲོ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཆེ་བར་བྱུང༌།

འདི་སྐབས་ཟམ་བྲག་ནས་སྡེ་པ་ཀ་བཞིའི་དྲུང་གིས་རབ་གནས་ལ་ཡོང་དགོས་ཚུལ་གནང་བྱུང་ནའང༌། སློབ་དཔོན་རིན་པོ་ཆེ་སྐུ་ཁམས་ཡིད་བརྟན་ཐུབ་པ་མི་འདུག་པ་དང་། དགོངས་པའང་མ་གྲོལ་བའི་སྟབས་ནས་འགྲོ་མ་ཐུབ། དེས་ཁོང་ཚོ་དང་སྡེ་པ་ཀུན་སྤངས་དྲུང་ཡང་ཤིན་ཏུ་མ་དགྱེས་ཏེ་ཐབས་ཀྱང་མ་བྱུང་མོད། ངེད་ལ་ཁྱད་ཀྱང་མ་མཆིས་ལ། ཁོང་ཚོ་ལ་སྙིང་པོ་ཡང་ཅི་ཡོད། ཕཊ།

བརྒྱད་པའི་ཚེས་བཅོ་ལྔ་མན་ནས་འཚམས(མཚམས)མ་གྲོལ་གྱི་བར་དུ་རྗེ་བཙུན་མ་ཞལ་གཉིས་མ་ལ་བསྙེན་པ་བྱས་ཤིང་། བྱིན་གྱིས་བརླབས་པའི་རྟགས་མཚན་ཡང་ཅི་རིགས་པ་བྱུང༌། ཉིན་མཚན་དུ་དགེ་སྦྱོར་འཕེལ་བར་བྱས་པའི་ཕན་ཡོན་གྱིས་གཉིད་ཀྱི་སྐབས་སུ་ཡང་དྲན་པས་ཟིན་ཅིང་། རྟགས་སྣང་མང་པོ་ཤིན་ཏུ་གསལ་བར་འཆར་བ་དང་། རྨི་ལམ་མི་ཟིན་པ་མི་སྲིད་པ་ལྟ་བུར་མོར་སོང་། ལྷ་སྐུའི་སྦྱོང་སྤེལ་གྱི་རྩལ་ཤིན་ཏུ་ཆེ་བར་བྱུང༌། ལྐོག་གྱུར་ཡུལ་སྣང་ཐན་ཐུན་གཏན་ལ་ཕེབས་པ་དང་། རྨི་ལམ་གྱི་དུས་ཐམས་ཅད་དུ་བཟླས་བརྗོད་ཀྱི་སྣང་བ་རྒྱུན་མི་འཆད(ཆད)པར་འབྱུང་བ་དང་། ཉིན་པར་ལྷ་སྐུ་དྲག་ཏུ་བསྒོམས་པའི་ཤུགས་ཀྱིས་མི་རྟོག་པ་གསལ་སྟོང་ལ་ཆམ་ཆམ་འགྲོ་ཞིང༌། རེས་འགའ་གཞན་གྱི་སེམས་ཤེས་པ་སྙམ་བྱེད་པ་ལ་སོ་སོར་བསྒྲིམས་ཏེ་བལྟས་པའི་ཚེ། དུ་བས་གཟུགས་བསྒྲིབས་པ་བཞིན་མུན་མུན་འགྲོ་བ་ཞིག་བྱུང༌། ཕྱིས་བླ་མ་དམ་པ་ལ་ཞུས་པས། གཞན་སེམས་ཤེས་པ་སྙམ་བྱེད་པ་ལ་ཅི་དགར་བསྐྱུར་ན་ཡོན་ཏན་གོང་འཕེལ་དུ་འགྲོ་བ་ལ། ཆེད་འཛིན་བྱས་པ་དེས་བསྒྲིབས་པ་ཡིན་གསུང(གསུངས)།

སྤྱིར་ནས་དབང་ཤེས་བདེ་སྟོང་དུ་གནས་མ་གྱུར་གྱི་བར་དུ་དངོས་གནས་ཇི་ལྟ་བ་བཞིན་དུ་ཤེས་དཀའ་ཞིང༌། ནང་གི་རྩ་ཐིག་རླུང་གསུམ་གྱི་བྱེད་པ་ལ་བརྟེན་ཏེ་ཉམས་ཀྱི་ཚུལ་དུ་སྐྱེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལྟ་བུར་སྣང་བ་ངོ་བོ་ཉམས་སྣང་དུ་ཤར་བ་རྣམས་ཀྱིས་ཅི་རིགས་པ་སྟོན་པ་ཡོང་བར་སྣང་སྟེ་དངོས་གནས་ཡིན་པ་དཀའོ། །

འདི་སྐབས་ཕྱིན་ཆད་ནས་དབེན་པར་མཚམས་བཅད་དེ་འཁོར་ལོ་སྡོམ་པའི་སྒོམ་བཟླས་ལ་ཞུགས་པའི་ཚེ། རྨི་ལམ་དུ་ས་གསུམ་གྱི་ཕོ་ཉའི་རྣམ་པས་ཁྱབ་པ་དང་། བདེ་སྟོང་གི་ཉམས་གཞིག་པར་དཀའ་བ་རྟག་ཏུ་ཡོད་སྣང༌། འོན་ཀྱང་ཕྱིས་ཆོས་སྣ་ཚོགས་གཞན་ལ་སྨྲ་དགོས་འདི་དང༌། དམ་སེལ་གྱི་གྲིབ་མས་ནོན་པས་གོང་འཕེལ་དུ་འགྲོ་བ་ནི་མེད་དོ། །

དེ་ནས་སློབ་དཔོན་དམ་པ་རེ་ཞིག་སྐུ་ཁམས་བདེ་བའི་རྣམ་པ་བྱུང༌། སྔར་སོར་ནས་སོ་སོས་འབོད་མི་ནན་ཆགས་ཡོད་པ་ལྟར། ཧོར་ཟླ་བཅུ་གཅིག་པའི་ནང་དུ་བསམ་སྡིངས་ནས་བཏེགས། ཁྱུང་རྩེར་ཞག་གཅིག་བསྡད། དེའི་སང་ཉིན་ཡོལ་མོ་སྤྲུལ་སྐུའི་དྲུང་དང་མཇལ། བླ་མའི་རྣལ་འབྱོར་ཞིག་དགོས་གསུང(གསུངས)པ་ལྟར་ཕུལ་ཞིང༌། ངེད་ལ་ཤིན་ཏུ་ཐུགས་མོས་སྟོབས་སུ་གྱུར་པའི་ཞབས་དབང་དགོས་ཕེབས། སྨོན་ལམ་མང་པོ་འདེབས་པ་གནང་གིན་འདུག །གསུང་ལས་བདག་ཚོ་ལུས་ཀྱང་བདེ་མོ་མི་འདུག་པས། གསོན་གཤིན་ཇི་ལྟར་བྱུང་ཡང་། ཐུགས་དམ་སྐྱབས་འོག་ཏུ་འཇུག་དགོས་སོ་གསུང་ངོ(གསུངས་སོ)། །འདོལ་བྱུང་དུ་དབང་ཆོས{འཇིགས་བྱེད་རོ་ལངས་བརྒྱད་སྐོར་དང་། གཤེད་དམར་ལྷ་ལྔའི་དབང་། ཚེ་དབང་བརྒྱ་ཚར་དང་། རྗེས་གནང་ཟུར་བཀའ་མང་པོ་དང་བཅས་པ}རང་མི་རང་ལས་བྱས{ཀྱི་ཚུལ་དུ་ཕུལ}།

རྗེ་རྒྱུད་པ་བ་སངས་རྒྱས་རྒྱ་མཚོ་ཡང་ངེད་འཕྲད་པར་ཕེབས་བྱུང༌། དགོངས་བཞེད་ལྟར་རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང་ཡང་ཕུལ། སྔགས་ཕྱོགས་ཀྱི་གསུང་གླེང་ཤིན་ཏུ་འཕེལ་བ་བྱུང༌། ཤིན་ཏུ་དགྱེས་ཤིང་། ཐུགས་དང་བ་དཔེ་མེད་མཛད་ཀྱིན་འདུག །

དེ་ནས་སྟག་རྩེར་ཀུན་ར་བས་མཐུན་རྐྱེན་བཟང་པོ་སྦྱར། དེ་ནས་རྒྱལ་མཁར་རྩེར{དེ་ནས་འབྲོང་རྩེར་བཅགས་མལ་ཞིག་བསྡད། བཞེད་དོན་གྱི་ཆོས་ཕྲན་བུ་ཕུལ། རྩེ་ཆེན་ཀླུང་སྡིངས་སུ་ཡང་བཅགས་མལ་ཞིག་བསྡད། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་རྒྱལ་མཁར་རྩེར་འབྱོར། འདི་སྐབས}ཟླ་གཅིག་ལྷག་ཙམ་ལི་མ་ལྷ་ཁང་གི་མདོའི་གཡབས་ཁྲ་དེར་སྡོད་ཡུལ་བྱས། རྟེན་བཟང་བ་སོགས་ཀྱིས་ཡིན་ནམ། རིག་པ་དྭངས་ཤིང་རྨི་ལམ་བཟང་བ་ཤ་སྟག་བྱུང༌།

རྭ་ལོ་ཆེན་པོའི་ཐུགས་དམ་རྟེན་ཡིན་ངེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཐང་སྐུ་དེ་སྔས་མགོར་བཀྲམ་སྟེ། སྲོད་ཐོ་རངས་བཟླས་སྒོམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལན་ཅིག་རང་ཉིད་འཇིགས་མཛད་ཀྱི་སྐུ་ཉང་སྟོད་ཀྱི་ལུང་པ་དེ་ཡང་ཞབས་གཅིག་གིས་ཁེངས་པ་ཙམ་གྱི་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ་སྙམ་བྱེད་པ་ཞིག་བྱུང༌།

བདག་པོ་ཆེན་པོས་སྔ་སོར་སྐུ་ལ་ཡང་ཡང་ཕན་པའི་དྲིན་བསོབ(གསོབ)ཏུ་འབྲིང་མཚམས་དགེ་གྲོང་ཕྱེད་ཀ་དང༌། མངའ་བདག་རྒྱལ་མོའི་དྲུང་གིས{བཀའ་བཀོད་གནང}བསམ་སྡིངས་ཀྱི་སྒྲུབ་སྡེ་གསར་འཛུགས་ཀྱི་ཐེས་སུ་དཔལ་བེ་ལྷ་ལུང་གི་ཆོས་གཞིས་གནང༌།

འདི་སྐབས་དོན་གཉེར་སོ་སོ་ལ། ལམ་འབྲས་ཀྱི་གཞུང་བཤད་སྨར་མ་སོགས་ཀྱི་ལུང་དང༌། གྲུབ་ཆེན་ཛ་ལནྡྷ་ར་བའི་དོ་ཧའི་མན་ངག་དང་བཤད་པ། དེ་ཉིད་བདུན་འགྲེལ་གྱི་བཤད་པ། དམར་པོ་སྐོར་གསུམ་གྱི་མན་ངག་ཡོངས་རྫོགས་ཀྱི་ལུང༌། གྲུབ་པ་སྡེ་བདུན་དང༌། སྙིང་པོ་སྐོར་དྲུག་གི་ལུང༌། བདེ་མཆོག་ནག་པོ་པའི་དབང་ཆ་གཉིས། བདེ་མཆོག་བོང་ཞལ་ཅན་གྱི་དབང༌། ཐོད་པ་ཉེར་ལྔ་མའི་དབང༌། གཤེད་དམར་གྱི་འོད་གསལ་འཆར་བའི་བྱིན་རླབས། ནི་གུ་ཆོས་དྲུག །དྲིལ་བུ་རིམ་ལྔ། གཤེད་དམར་སྤྲོས་མེད་སོགས་ཆོས་ཤིན་ཏུ་འཕེལ་བར་བྱུང༌།

བྷངྒ་ལའི་པཎྜི་ཏ་པུརྞཱནནྡ་ཏེ་གང་བ་ཀུན་དགའ་དང༌། པྲ་ཡ་མཱ་ནནྡ་ཏེ་བྱམས་པ་ཀུན་དགའ་གཉིས་ཀྱང་བྱོན་བྱུང་བ། ངེད་ཀྱིས་ཆོས་ཀྱི་གསུང་གླེང་མང་དུ་བྱས་པས། ཁོང་གཉིས་ཤིན་ཏུ་དགྱེས། ངས་ཀྱང་པཎྜི་ཏ་ཡིན་ཚུལ་རྒྱ་ཆེར་བསྒྲགས། ཁོང་ཚོ་མར་ལམ་པཎྜི་ཏ་ཡིན་པ་སུས་ཀྱང་མ་ཤེས། ཁོང་རང་ཚོས་ཡིན་གསུངས་ཀྱང་། རྩིས་གདབ་མ་བྱས་འདུག་ནའང༌། ཕྱིས་སོང་དུས་དེ་སྐབས་ཀ་པཎྜི་ཏ་ཡིན་པར་ཡང་ཤེས། ཐུགས་དམ་འདི་ལ་བྱེད་ཅེས་སོགས་གནང་ཆུང་དེ་འདྲ་ལ་ཡང་ཆ་མེད་རྒྱུས་གཏམ་གྱི་ཆོས་བརྒྱད་མཛད་མཁན་ཡང་སྣང་ངོ༌། །

མར་ལམ་རྩེ་ཆེན་དུ་ཞག་གསུམ་བསྡད། ཆོས་སྡེའི་སློབ་དཔོན་སོ་སོར་འདོད་ཆོས་ཐན་ཐུན་དང༌། {སྒྲོལ་མ་ལྷ་ཁང་དུ་ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ་ཞིག་ཕུལ།} རྩེའི་ལྷ་ཁང་དུ་ལོགས་བྲིས་ཞིག་གསོས་དང་། གསུང་རབ་རྣམས་ལ་རབ་གནས་རྒྱས་པ་ཞིག་ཀྱང་བྱས།

སླར་བསམ་སྡིངས་སུ་སླེབ(སླེབས)། དེའི་སང་དགོངས(དགོང)ཉིད་ནས་མཚམས་བསྡམས། བདེ་མཆོག་གི་བསྙེན་པ་ཁ་གསོ་ཞག་བདུན་པ་ཞིག་བྱས་ནས། ཡབ་བཀའ་ཡུམ་བཀའ་གཉིས་འདུས་ཀྱི་སྦྱིན་བསྲེག་ཞག་བཅུ་གསུམ་ཙམ་བྱས་ཤིང་། གྲངས་ཀྱང་ཐིམ། དེ་མཚམས་ནས་ཐབ་ཀྱང་ཁ་བསྒྱུར་ཏེ། སྡིག་སྒྲིབ་སྦྱང་བར་རང་ལ་དམིགས། རང་གི་སྐྲ་བྲེགས་པའི་བུབས་སུམ་ཅུ་ཙམ་ཡོད་པ་ཐམས་ཅད་སྦྱིན་བསྲེག་གི་ཚུལ་དུ་བསྲེགས། འདི་སྐབས་འཆར་སྒོ་ངོ་མཚར་ཆེ་བ་རང་ཞིག་བྱུང༌།

དེ་རྗེས་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་བཟླས་པའི་ཐུན་ཆེ་བ་རེ་ཆག(འཆག)མེད་དུ་བྱས་ཤིང༌། ལྷག་མ་གཤིན་རྗེ་གཤེད་དམར་པོའི་བཟླས་བརྗོད་དང༌། སྲུང་མའི་དབང་པོ་འགའ་ཞིག་གི་བསྙེན་པ་བྱས།

རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་པའི་སློབ་དཔོན་ཆེན་པོ་པུརྞྞ་བཛྲ་བ་དཔོན་སློབ་ཀྱང་ཕེབས་བྱུང་བ་ལ་ཡང་འཕྲལ་ཞབས་འདེགས་གང་དྲག་བྱས། ཆོས་ཀྱི་འཕྲོས་མང་དུ་ཞུས། ས་གའི་ཟླ་བའི་ཚེས་བརྒྱད་ནས་བཅུའི་བར་དུ་འཁོར་ལོ་སྡོམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་དེ་ཉིན་རེ་ལ་ཐུན་རེ་བྲིས་པས་ལེགས་པར་གྲུབ། རང་ལ་བློ་གཏད་པའི་གཤིན་པོ་འགའ་ཞིག་གི་རྗེས་སྒྲུབ་དང་། དུས་མཚུངས་བྱུང་བས་ཡན་ལག་བདུན་པའི་སྨོན་ལམ་རྣམས་དེ་དག་ལ་དམིགས་པ་གཙོ་ཆེ་བས་བཏབ།

འདིའི་ཚེས་བཅུའམ་དགུ་ལ་ཡོལ་མོ་སྤྲུལ་སྐུ་ཡང་གཤེགས། སྔགས་ཀྱི་མངོན་པར་མིང་བཏགས་པའི་རྩོམ་པ་དེ་ཡང་བྱས། འཕགས་ཡུལ་མཁས་གྲུབ་ཀྱི་ཐུགས་བཅུད་ཕྱོགས་འདིར་ངེད་རང་གི་ཐུན་མོང་མ་ཡིན་པའི་ལེགས་བཤད་ངེས་དོན་གྱི་གསང་ཚིག་མགོས་ཆེ་བ་བརྩམས་པའི་ཐོག་མ་ཡིན།

དེ་ནས་མི་རིང་བར་ཞྭ་དམར་ཅོད་པན་འཛིན་པའི་སྤྲུལ་སྐུ་ཡང་སྤ་མནམ་དུ་ཕེབས། དེའི་གནངས་ཉིན་སྡེ་པ་ཀ་བཞིའི་དྲུང་ཡང་བསམ་སྡིངས་སུ་འཕྲད་པ་ལ་ཕེབས། {དགོངས་བཞེད་ཀྱི་ལུང་ཐན་ཐུན་འདྲ་ཕུལ།} རྗེ་ཞྭ་དམར་བ་མཇལ་བར་ཕྱིན་དུས་དཔེ་མེད་ཀྱི་བསྟི་སྟང་གནང༌། རྡོ་རྗེའི་བསུང་བརྒྱ་ལྔ་བཅུ་པའི་ལུང་ཞིག་དང༌། སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཡིག་ཆོས་རྗེ་རང་བྱུང་བས་མཛད་པ་དེའི་ལུང་དང༌། བླ་མའི་རྣལ་འབྱོར་ཀུན་འདུས་ནོར་བུའི་ལུགས་ཤིག་དང༌། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་བསྡུས་པ་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའི་ལུང་ཞིག་ཀྱང་ཐོབ།

དེ་འཕྲལ་རྒྱལ་རྩེར་དཔོན་ས་མངའ་བདག་དྲུང་གཤེགས་པའི་དགོངས་རྫོགས་ཀྱི་ཆོ་ག་ལ་ཡོང་དགོས་ཀྱི་འབོད་མི་བྱུང་བས། དེ་ནུབ་བསམ་སྡིངས་སུ་སླེབ(སླེབས)ཙམ་བྱས། སང་སྔ་བར་བཤད་ནས་ཕྱིན་ནས་དགོངས(དགོང)ཇ་ཐོག་ཏུ་རྒྱལ་རྩེར་སླེབ(སླེབས)། དེ་ནས་དགོངས་རྫོགས་མ་གྲོལ་གྱི་བར་སྤུར་གྱི་རྩར་མི་འཁྲུགས་པའི་ཆོ་ག་ཚར་བཞི་བཞི་བདག་མདུན་བུམ་བསྐྱེད་རྣམས་ལ་བཟླས་པ་བརྒྱ་ཚར་རེ་དང་། ཐུན་ཐ་མ་ལ་ལྷོ་སྒོ་ཆག་མེད་རེ་བྱས། དཔོན་ས་ཡུལ་དེ་ཉིད་རྗེ་དམ་པ་ལ་མི་ཕྱེད་པའི་དད་པའི་གདུང་ཤུགས་གང་དང་ཡང་མི་མཉམ་པ{མངའ།} དངོས་ལའང་ཤིན་ཏུ་ཐུགས་གཏད་པ་ཞིག་ཡིན་པ་ནས། དགོངས་རྫོགས་ལ་དམིགས་པའི་ཆོས་སྡེར་སྨན་བླ་ཆེན་མོའི་ལུགས་ཀྱི་ཉིན་ཐུབ་ཀྱི་རྙེད་བཀུར་ཞིག་དང༌། དགེ་འདུན་རྣམས་ཀྱི་ཕྱག་ཏུ་ཁལ་རེ་ཐོབ་པའི་རྩིས་ཀྱི་འགྱེད་དང༌། སྨན་བླ་ཕྱེད་ལངས་ཀྱི་དབང་དུ་བྱས་པའི་རྙེད་བཀུར་དང་འགྱེད་སོགས་བཏང་ཞིང༌། དགོངས་རྫོགས་དངོས་གཞི་གྲོལ་མཚམས་ཉི་ཕྱེད་ཙམ་ལ་ཐོན་པར་བྱས་ཏེ། སང་ཉིན་བསམ་སྡིངས་སུ་སླེབ(སླེབས)པར་བྱས།

ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེ་གཤེགས་ཁར་ཞལ་ཆེམས་སུ། དགོངས་རྫོགས་དངོས་གཞིའི་གྲལ་དབུ་ངེད་ལ་ཆོས་གསུང་བ་ཡོད་འདུག་པ་ལྟར། ཁོང་རྣམས་ཀྱིས་སྔ་སོར་ནས་ཡོང་དགོས་ཚུལ་ཡོད་པ་བཞིན། དེའི་སང་ཉིན་སྐྱིད་སྦུག་ཏུ་སླེབ(སླེབས)། ཕྱི་ན་གུར་རྒྱབ་འདུག་པས། དེ་ཁར་ཆོ་ག་བཏང་། ཉི་མ་ཕྱེད་ཡོལ་ཙམ་ལ{དགའ་བ་གདོང་། བསམ་སྡིངས། དཔལ་རི། གངས་རི་སོགས}རྣལ་འབྱོར་པ་ཤས་ཆེ་བའི་དགོན་སྣ་མང་པོ་ནས་འདུས་པའི་ཚོགས་པ་ལྔ་བརྒྱ་ཙམ་ལ་དགོངས་རྫོགས་དངོས་གཞི་གཟབ་མ་བྱུང༌། གྲལ་འགོ་ལ་ངེད་ཀྱིས་ཕྱིན{ཞིང་། ཐུགས་དགོངས་རྫོགས་པའི་བསྔོ་བ་རྒྱས་པར་ཕུལ}། སང་ཉིན་ཆོས་རྗེ་གདན་ས་པ་སོགས་ལ་ཤིས་བརྗོད་དང་། ཚེ་དབང་སོགས་བྱས། ཉི་ཕྱེད་ཙམ་ལ་ཡོང་།

སྤ་མནམ་ཞོལ་དུ་གསེར་མདོག་ཅན་ནས་མཁན་སློབ་ཚོས་གནས་ཚང་དུ་གསོལ་ཇ་ལ་ཤོག་གསུང(གསུངས)པ་ལྟར་ཕྱིན། གསུང་རབ་ཀྱི་གླེང་བསླང་དང་། བཞད་གད་འདྲེས་མས་ཉམས་དགའ་བར་བྱུང༌། {ཞྭ་དམར་སྤྲུལ་པའི་སྐུར་སྔ་སོར་མཇལ་དུས་རྒྱ་དཔེ་འཐེབ་འཁྲོལ་འདྲ་ཡོད་ན་དགོས་ཕེབས་པ་ལྟར། ཟ་མ་ཏོག་བཀོད་པའི་རྒྱ་དཔེ་དབུ་ལྷ་ཅན་ཞིག་ཕྱག་ཏུ་ཕུལ།}

དེ་ནུབ་རང་གནས་སུ་སླེབ(སླེབས)། ཞག་ཉི་ཤུ་སྐོར་ཕྱི་མཚམས་སེ་བྱས་ཤིང༌། སྔ་གོང་སྟག་ལུང་ནས་སྐྱབས་གནས་དམ་པའི་བཀའ་ལས། འཕགས་ཡུལ་ནས་བྱུང་བའི་ཆོས་གསར་པ་འདི་རྣམས་རྒྱ་གཞུང་ཀུན{ད་ལྟ}ལག་ཏུ་ལོངས་དཀའ་བར་འདུག་པས། ཐམས་ཅད་ལ་ཡིག་ཆ་གསལ་བ་རེ་བྱེད་དགོས་བཀའ་སྩལ་བ་ལྟར། འཕྲལ་དུ་བྱེད་འདོད་ཙམ་ཡོད་ནའང་། ལེ་ལོས་རྒྱུ་བྱས། བྲེལ་བ་དང་ཁ་འདོན་སོགས་ཀྱི་སྟབས་ནས་ཆེར་མ་གྲུབ།

ཡོས་ལོའི་ནང་དུ་དྲན་བསྐུལ་གྱི་ཕྱིར་ས་བཅད་ཙམ་རེ་བྲིས། སྐབས་འདིར་ཛ་ལནྡྷ་རའི་སྒྲུབ་ཐབས་ལྟར་གྱི་ཕག་མོ་ལས་བདུན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྔོན་པའི་གདམས་ངག །རྣལ་འབྱོར་མ་སྣ་ཚོགས་མདོག་ཅན་རྣམས་ཀྱི་སྒྲུབ་སྐོར་དང༌། དོ་ཧ་རྣམ་གྲོལ་སྙེ་མའི་ཁྲིད་ཡིག་སོགས་མན་ངག་གི་ཡི་གེ་དྲུག་ཙམ་བྲིས་ཤིང༌། དེ་ནས་མཚམས་བཀྲོལ་ཏེ་ཚོང་འདུས་སུ་སླེབ(སླེབས)ཙམ་བྱས། དགོངས་བཞེད་ཀྱི་ཆོས་ཐན་ཐུན་ཕུལ། སྡེ་པ་རྒྱལ་བུ་སྐུ་བགྲེས་པའི་དགོངས་བཞེད་ལྟར། ཕྱག་དྲུག་པའི་གཏོར་ཆོག་སྔ་མ་དེ་བརྩམས། ཛ་ལནྡྷ་རའི་དོ་ཧའི་ཊཱི་ཀ་རྩོམ་པའི་འགོ་ཡང་བཙུགས་ཤིང༌། དེ་ནས་སྣར་ཐང་དུ་གཙུག་ལག་ཁང་གི་རྟེན་རྣམས་ལ་ཕྱག་མཆོད་རྒྱས་པར་ཕུལ།

འདི་སྐབས་སྐོར་དུ་སྡེ་པ་སྣར་ཐང་ནས་དང་། མཐོང་ལེགས་པ་ཁོང་རང་དཔོན་གཡོག་འཕྲོགས་པ། ཁོང་དཔོན་གཡོག་གཉིས་ཐད་ནས། ངེད་ལ་ཐུགས་རྟོག་ཟོས་པའི་གསུང་འབྱོན་པ་ཞིག་འདུག །སྤྱི་བབས་ནི་རང་གིས་བཟང་མ་བཏང་བའི་གནོང་བ་ཡང་ཡིན་སྲིད་པ་དང༌། ཁྱད་པར་ལུང་བསྟན་སད་སུད་ལ་ཐུགས་གཏད་རང་འཆའ་བ་ཞིག་འདུག་པས། དེ་ལྟར་ཡིན་ནམ་ཆ་མ་མཆིས། གང་ལྟར་ནའང{ངེད་ཀྱིས་ནི་ལས་སྦྱོར་ལྟ་ཅི་སྨོས། དེ་འདྲའི་ཡིན་སྣང་ཙམ་ཡང་མེད།} ཐུགས་རབ་ཆེ་ཤོས་དང་། ཐུགས་དྲན་གསལ་ཤོས་དང་། ཐུགས་ཆོད་ཆེ་ཤོས་དང་། ལུང་བསྟན་མཛད་པ་པོ་རྣམས་ཀྱི་རང་མཚང་སྟོན་བྱེད་ཙམ་དུ་གདའོ། །

གནས་སྲིན་པོ་རིར་ཤོག་གསུང་བ(གསུངས་པ)ལྟར་ཞག་གསུམ་ཙམ་བསྡད་ཅིང༌། དགོངས་བཞེད་ལྟར། གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དབང་བསྐུར་ཞིག་བྱས། ལུང་ནག་ཤེལ་དཀར་དུ་ཡང་གནས་བཅུའི་ཐང་ཀ་གསར་བཞེངས་ལ་རབ་གནས་བྱས་པ་བཀྲ་ལོད་པ་རང་ཞིག་བྱུང་བས། དེ་རྗེས་ལོ་དེ་ཀའི་ནང་དུ་ཤེལ་དཀར་གྱི་གདོང་དེ་ལ་འགྲོ་དགོས་ལན་གཉིས་བྱུང་ནའང་། ཁོང་ཚོ་ལ་གསངས་ནས་ཕྱིན།

དེ་ནས་ཇོ་ནང་དུ་སླེབ(སླེབས)། གཙང་བདེ་མཆོག་རྩེ་ལ་འབོད་མི་ནན་ཅན་བྱུང་བ་བཞིན་ཕྱིན། འདི་སྐབས་འདུ་ཁང་གི་ལོགས་བྲིས་སྐྱེས་རབས་བརྒྱ་རྩ་དང་། གཙང་ཁང་གི་ལོགས་བྲིས་དང་། ལམ་འབྲས་བླ་བརྒྱུད་ཀྱང་གཅིག་གཉིས་མ་གཏོགས་ཕལ་ཆེར་གྲུབ་འདུག་པ་བཞིན་རབ་གནས་རྒྱས་པར་བྱས། རྟེན་རྣམས་སྣུམ་ཞིང་བཀྲག་ཆེ་བར་འགྲོ་བ་སོགས་ཐུན་མོང་སྤྱི་མཐུན་དུ་བྱིན་རླབས་ཀྱི་ལྟས་མངོན་ཙམ་བྱུང༌། དགོན་པ་བ་རྣམས་ལ་ཀྱཻ་རྡོར་གྱི་དབང་བསྐུར་ཞིག་དང༌། སྔར་ལམ་འབྲས་ཞུ་མྱོང་བའི་གྲྭ་པ་འགའ་ཞིག་ལ་ལམ་དབང་ཞིག་ཀྱང་བྱས།

སླར་ཇོ་ནང་དུ་དུས་འཁོར་སྒྲུབ་མཆོད་ཀྱི་སྐབས་སུ་བྱུང་བ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་། དེ་ཉིད་ནས་སྒྲུབ་སྡེ་གང་ཡོད་ཀྱི་སྟེང་དུ་རིན་པོ་ཆེ་ངག་དབང་བཀྲ་ཤིས་པ་དཔོན་སློབ་སོགས{དང་། ཆོས་རྗེ་ཆུ་སྟོད་པ་དཔོན་སློབ། ཆོས་གཞིས་ཀྱི་མི་ནག་པ}ཅི་རིགས་དང་བཅས་པ་ཡོངས་སྒྲིལ་བདུན་བརྒྱ་ཙམ་ལ{བདག་པོ་ཆེན་པོའི་དབང་མ་གཏོགས}དུས་ཀྱི་འཁོར་ལོའི་དབང་བཅུ་གཅིག་ཡོངས་རྫོགས་སུ་བསྐུར། ཛ་ལནྡྷ་ར་པའི་དོ་ཧའི་འགྲེལ་པ་ཡང་འདི་སྐབས་སུ་བཀོད་གྲུབ།

སངས་རྒྱས་བྱང་ཆུབ་སེམས་དང་རྡོ་རྗེ་མ། །སྐད་ཅིག་དེ་ལ་ནམ་མཁའ་གང་བར་སྣང༌། །ཞེས་པའི་ཚིག་གི་འགྲེལ་པ་རྩོམ་སྐབས། ཉིན་མོ་གཉིད་ཡུར་དུ་སོང་བའི་རྨི་ལམ་ན། གཞུང་དོན་དང་མཐུན་པའི་རྨི་ལམ་གྱི་ལྟས་ནམ་མཁའི་ལྷ་ལས་དབང་བསྐུར་བླང་བའི་གསལ་སྣང་དང་བཅས་པ་བྱུང་ཞིང༌། གདོང་དགའ་བ་སྐུ་གཞོན་པ་ཚེ་བརྟན་ལགས་ཁོང་རང་ཚོ་ལ་ཤིན་ཏུ་གཅེས་པ་ཡིན་པ། ངེད་ལའང་སྙིང་ནས་དད་པ་ཡོད་ངེས། དེ་ངམ་རིངས་སུ་འདས་པའི་བསྔོ་རྟེན་ཡང་འདི་སྐབས་བྱུང༌།

སླར་ཡང་དེ་མཚམས་སློབ་དཔོན་རིན་པོ་ཆེའི་དྲུང་དུ། རྡོ་རྗེ་འཕྲེང་བའི་དབང་ལ་སོགས་པ་ཆོས་འགའ་ཞིག་ཞུ་བར་མྱུར་ཤད་ཕྱིན།

བོ་དོང་བཀྲ་ཤིས་སྒང་གི་ཐད་དེར་གདོང་དགའ་ནས་ཚེ་དབང་བསྐུར་བ་ལ་ཡོང་དགོས་ཚུལ་འབོད་མི་ནན་ཅན་དཔེ་མེད་རང་བྱུང་ནའང་། ད་རེས་ཡོང་མི་ཐུབ། ཟླ་བ་གཉིས་ཙམ་གྱི་ཁོངས་སུ་ཡོང་གང་ཐུབ་བྱེད་བྱས་ཐག་བཅད་ནས་ཕྱིན།

བྱང་ཆེན་དུ་སླེབ(སླེབས)དུས{རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཡུལ་ནས་བྱོན་པའི}པཎྜི་ཏ་པུརྞཱ་ནནྡ་དང་། {ནནྡ་སྟེ་གང་བ་ཀུན་དགའ་དང}། པྲ་ཡཱ་མཱ་ནནྡ{སྟེ་བྱམས་པ་ཀུན་དགའ}གཉིས་པོའང་ལྷ་ས་སོགས་དབུས་ཕྱོགས་རྣམས་འཁོར་བའི་ངེད་ལ་ཆེད་ཀྱིས་འཕྲད་པར་བྱོན། དེ་དག་གྲུབ་མཐའ་ནང་པར་འདུག་ཀྱང་། ཕ་མེས་ཀྱི་ཆོས་རིག་བྱེད་ལ་ཡང་ཞེན་ཆེ་བར་འདུག་ཅིང་། ཕྱི་རོལ་པའི་ལྷ་གཅིག་གཉིས་བསྟེན(སྟེན)གྱིན་འདུག་པས། དབང་ཆོས་སོགས་ནི་མ་ཞུས། རིག་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་པར་འདུག་པས། དོགས་གཅོད་མང་དུ་བགྱིས་ཤིང་། བསྟན་བཅོས་ཐན་ཐུན་འདྲ་བསྒྱུར། བྷ་ར་ཏ་དང་། རཱ་མ་ཡ་ཎ་ལ་སོགས་པའི་ལོ་རྒྱུས་ཀྱང་མང་དུ་ཐོས། དེ་སྐབས་རཱ་མ་ཡ་ཎའི་སྲུང་མ་ཧ་ནུ་མནྡའི་ཆོ་འཕྲུལ་ལུས་བྱང་ཆེན་གྱི་རི་དང་མཉམ་པའི་སྤྲེའུ་དང་། བྷ་ར་ཏའི་སྲུང་མ་རྒྱལ་པོ་བྷཱི་མ་དངོས་སུ་མཐོང་བས་པཎྜི་ཏ་ན་རེ། ཁྱོད་ལ་འགོ་བར་འདུག །མཐུ་དང་སྙན་གྲགས་ལོངས་སྤྱོད་ཆེན་པོ་ཡོང་གསུང(གསུངས)ནའང༌། ཆོས་ལ་མི་དད་པའི་ལྷ་འདྲེ་བསྟེན་པ་ག་ལ་ཞིག །ཕྱིས་ཀྱི་བླ་ཆེན་མང་པོའི་འདོད་བྱ་ཆེན་པོ་ཞིག་དེ་དུས་རང་རྩོལ་མེད་དུ་འགྲུབ་ལ་ཁད་བྱུང་ནའང་། རྣལ་འབྱོར་བ་བདག་གིས་ཅི་དགར་བོར་བ་ལགས་སོ། །ཞག་བཅུ་ཙམ་ཉིད(ཉིན)དང་མཚན་དུ་གླེང་བསླང་བྱུང༌།

དེ་རྗེས{ངེད་ཀྱིས་ཚོང་འདུས་བརྒྱུད་ནས}བསམ་སྡིངས་སུ{སླེབས}། དཔལ་ལྡན་བླ་མ་དམ་པ་བྱམས་པའི་མཚན་ཅན་གྱི་དྲུང་དུ་རྡོ་རྗེ་འཕྲེང་བའི་དབང་ཡོངས་སུ་རྫོགས་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བ་ཞུས།

འདོལ་བྱུང་དུ་ཁོར་ཙམ་ཞིག་ཕྱིན། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་ལྡན་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས་ཀྱང་སྤྱན་དྲངས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་བདག་པོ་ཆེན་པོའི་མཐར་ཐུག་པ་དང༌། གསང་བདག་འཁོར་ལོ་ཆེན་པོ། དྲིལ་བུ་ལྷ་ལྔ། གཟུངས་གྲྭ་ལྔ། དྲིལ་བུ་ལུས་དཀྱིལ་ལ་སོགས་པའི་དབང་བསྐུར་མང་པོ་ཞུས་ཤིང༌། དེ་མཚམས་རྒྱལ་རྩེར་ཞག་གསུམ་ཙམ་ཞིག་ཕྱིན། ཡར་ལམ་མར་ལམ་གཉིས་ཅར་ཏལ་སྙོགས་བྱས། བླ་མ་དམ་པ་དེ་ཉིད་ཀྱི་དྲུང་དུ་སླར་ཡང་ལཱུ་ཡི་པ་དང༌། འཆི་མེད་རྔ་སྒྲའི་དབང་དེ་ཞུས།

དེ་མཚམས་ཤངས་ནས་འཇག་པ་རྣམས་ཀྱིས་འབོད་མི་ནན་ཅན་བྱུང་བར་བརྟེན། ཤངས་སུ་ཕྱིན་དུས། གར་ཕྱིན་ཕྱིན་དུ་ཡུལ་མི་ཐམས་ཅད་ལ་ཚེ་དབང་དང་། མ་ཎིའི་ལུང་ཙམ་གྱི་ཆོས་འབྲེལ་བྱས། རྣམ་རྒྱལ་གླིང་དུ་ཞག་གསུམ་ཙམ་བསྡད། གྲྭ་ཚང་ཆེན་མོར་མང་ཇའི་རྒྱུར་ཇ་སིག་གཅིག་ཕུལ། གཞན་གནང་སྦྱིན་དགོས་ན་བླ་ཆེན་འབེར་མོ་ཚོ་ལ་ཞུས་ཤིག །བྱ་བཏང་ལ་རྒྱུ་ནོར་གྱི་རེ་མ་ཆེ།

ཡར་ལམ་ཞོང་ཞོང་གི་གནས་མཇལ་ཙམ་བྱས་ཏེ། དེ་ནུབ་སྒྲུབ་གནས་ཆེན་པོ་འཇག་ཏུ་སླེབ(སླེབས)། སང་ཉིན་གྲྭ་ཚང་ཆེན་མོའི་སློབ་དཔོན་པ་རིན་པོ་ཆེ་ཚུལ་ཁྲིམས་པ་སོགས་ཤངས་ཀྱི་དགོན་སོ་སོ་ནས་ཆོས་ཞུ་བ་མང་བར་སླེབ(སླེབས)པའི་གནངས་ཉིན་དེ་ཀ་ནས་ཤངས་ཆོས་རྒྱས་པའི་འགོ་བཙུགས་ཏེ། ཕྱིའི་ཆོས་གྲྭར་ཁྲིད་ཀྱི་ཆོས་ཐུན་གཉིས་གཉིས་མགོན་པོའི་བཀའ་རྣམས་མ་གཏོགས་གཞུང་བཀའ་ཉི་ཤུ་པོ་ཡང་ཆོས་གྲྭ་དེ་ཉིད་དུ་བགྱིས་ཤིང་། ལུང་ཡང་ཕལ་ཆེ་བ་དེ་ཀར་སོང༌། ཆོས་ཀྱི་རྣམ་གྲངས་གཞན་ཐམས་ཅད་བླ་བྲང་དུ་བྱས་ཤིང་། ནམ་ལང(ལངས)མ་ཐག་ནས་སྲོད་ཆིལ་གྱི་བར་དུ་ཆོས་ཀྱིས་འདའ་བར་བྱས།

གནས་དེར་རིག་པ་དྭངས་པོ་ཉིན་མོའི་བྱ་བས་དུབ་པའི་རྣམ་པ་མེད་པའི(པས)། ནུབ་མོ་ཁ་འདོན་དགེ་སྦྱོར་ཤིན་ཏུ་སྨར་བ་དང་། གཉིད་ཅུང་ཟད་རེ་བྱུང་བ་ལ་ཡང་། རྨི་ལམ་ཡ་མཚན་ཅན་ཁོ་ནས་དུས་འདའ་བར་བྱུང༌། ཚོགས་པ་རྣམས་ལ་ཚེ་དབང་ཞིག་བྱས་པ་ལ་ཆེད་ཀྱིས་བརྡའ་བཏང་བ་སོགས་མེད་ཀྱང་། མདའ་ནས་མི་ནག་པ་སྟོང་བུད་ཙམ་ཚོགས། མི་ཚོགས་ཆེ་ཞིང་། དད་པའང་ཆེ་བར་འདུག་པས། བྱང་ཆུབ་ཀྱི་ས་བོན་ཐེབས་སུ་རེ་བའི་ཚེ་དབང་གི་སྔོན་དུ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ཞིག་བྱས། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་ཡིན། ཐང་ཞལ་ཕྱེ་བའི་དུས་སུ་འཇའ་སྤྲིན་གྱི་བཀོད་པ་སྣ་ཚོགས་ལས་མེ་ཏོག་གི་ཆར་འབབ་པ་བྱུང༌།

དེ་མཚམས་དགྲ་འདུལ་ནས་ཀྱང་འབོད་མི་ནན་ཅན་དང༌། བརྒྱ་ཚོ་ནས་ཀྱང་ཅོག་པོ་རྩེ་ཙམ་དུ་ཅིས་ཀྱང་ཡོང་དགོས་ཤིང༌། ཞལ་ངོ་རྣམས་ཀྱང་ཅོག་པོ་རྩེར་ཕེབས་གསུང་བ(གསུངས་པ)སོགས་བྱུང་ཡང༌། གདོང་དགའ་ནས་འཕྲལ་དུ་ཡོང་དགོས་པའི་འབོད་མི་ནན་ཆེས་པ་དང༌། དེ་སྐབས་གདོང་དགའ་བའི་གནས་གཤིས་ཀྱིས་འདོད་དང་མ་བསྟུན་ཀྱང་། མ་བྱུང་བའི་སྟབས་ནས་དེ་ཚོར་འགྲོ་མ་ཐུབ་ཅིང་། ཅོག་པོ་རྩེ་གྲུབ་ཆེན་ཁྱུང་པོའི་གནས་ཆེན་ཡིན་པ་ལ་མཇལ་ཡང་མ་ཐུབ། སྤྱིར་ཡང་ཡོན་བདག་གི་ངོས་འཛིན་འདི་བར་ཆད་ཤིན་ཏུ་ཆེ་བར་ཡོང་གིན་གདའོ། །

ཁོང་ལམ་དུ་ཞག་གཉིས་བསྡད། ཤིན་ཏུ་འཚུབ་པ་རང་ཞིག་བྱུང་བ་ཁོང་ཚོའི་ནང་སོ་དྲག་ཤོས་དེ་ལོ(ལོར)འདས། {འཇག་ནས་རིན་པོ་ཆེ་གཉིས་པོས་དོན་རབ་བར་སྐྱེལ་མ་ལ་ཕེབས།} གཡང་གི་ཆོས་སྡེར་སྡེ་པ་ཆོས་རྗེའི་སྲས་པོ་སྐུ་འབྲིང་བ་སྨོ་སྨོ་དྲུང་དང་བཅས་པས{བཅས་པ་བཞུགས་ཀྱིན་འདུག་པས}སྣ་ལེན་བཟང་པོ་དཔེ་མེད་མཛད་ཅིང༌། ཆོས་ཐན་ཐུན་འདྲ་ཕུལ།

དེ་ནས་ཨོ་རྒྱན་རྫོང་དུ་དཔོན་སའི་དྲུང་གི་དགོངས་བཞེད་བཞིན་སྨར(དམར)ཁྲིད་ཀྱི་སྙིང་པོ་བསྡུས་པ་ཞིག་དང་། ཚེ་དབང་སོགས་ཕུལ་ཏེ། ར་ས་བརྒྱུད་ནས{རྩང་མོ་དབྱངས་གྲོང་དང་། ར་སའི་ནོར་བུ་ཆོས་འཕེལ་བརྒྱུད་ནས}གདོང་དགར་སླེབ(སླེབས)། ཞག་བཅུ་གསུམ་ཙམ་བསྡད་པའི་རིང་ལ་ཀྱཻ་རྡོར་གྱི་དབང{དང་། བདེ་མཆོག་ནག་པོ་པའི་དབང་། གཟུངས་གྲྭ་ལྔའི་དབང}སོགས་དབང་དང་། དམར་པོ་སྐོར་གསུམ་ལ་སོགས་པ་རྗེས་གནང་ཟུར་བཀའ་མང་པོ་དང༌། ཡུལ་གང་དུའང་མི་བཅུ་པ་ཡར་ཀླུངས་སུ་བཅུའི་རྣམ་པས་ཚེ་དབང་སྟོང་རྩ་རང་བྱེད་དགོས་བྱུང༌།

{བདེ་གླིང་དུ་བཅགས་མལ་ཞིག་བསྡད། དེ་མཚམས་མྱུར་ཤད་ཀྱི(ཀྱིས)}རི་ཁྲོད་ཆེན་པོ་ཇོ་ནང་དུ་སླེབས། སླེབ(སླེབས)འཕྲལ་ནས་དུས་ཁྲིད་སྔར་ཁྱུད་ཀྱི་ཕྱག་ལེན་ལྟར་བཙུགས། དེ་ལོའང་དུས་ཁྲིད་འཛུགས་འཕྱིས་པས། ཁྲིད་གསར་བ་ཧ་ཅང་མང་བ་རང་ནི་མ་བྱུང༌། སྒྲུབ་སྡེ་རང་ལ་ཁྲིད་ཤིན་ཏུ་སྨིན་པ་བར་དུ་དགེ་བའི་ཁྲིད་ཡན་ཆད་རྫོགས་པར་བྱས་ཤིང་། ངེས་དོན་རྒྱ་མཚོ་བཤད། ཀུན་དགའ་དཔལ་བཟང་ཡང་འདི་སྐབས་ཟླ་བོ་ལ་སླེབས་པ་ཡིན།

སྐབས་དེར་འཚེར་དུ་མཇལ་བར་ཁོར་ཙམ་ཕྱིན། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་ཟུར་བཀའ་ཞིག་ཞུས་པས{ཟུར་བཀའ་དང་།} རྡོ་རྗེ་འཕྲེང་བའི་དེ་ཀ{འདུས་སུ}བྱུང༌།

སླར་ཇོ་ནང་དུ{ནམ་ཉིད་དུ་སླེབས།} ཆོས་ལུང་བྱང་རྩེའི་སྒྲུབ་སྡེ་པ་རྣམས་ཆོས་ཞུ་བར་བྱུང་བ་ཉེར་མཁོའི་ཀྱཻ་རྡོ་རྗེ། མི་འཁྲུགས་པ། བདེ་མཆོག་ནག་པོ་པ། བདེ་མཆོག་ལྷ་ལྔ། འཇིགས་བྱེད་རྣམས་ཀྱི་དབང་དང་། རྣལ་འབྱོར་མའི་བྱིན་རླབས་སོགས་བྱས་སོ། །{སྨན་ཐང་བློ་བཟང་པས་ཀྱང་དེ་རྣམས་ཞུས་སོ། །དེ་དག་ཏུ་ཡང་དགེ་བའི་མཆོག་མི་ཉམས་ཤིང་ཅུང་ཟད་འཕེལ་བར་གྱུར་ཏོ། །}

འདིར་སྨྲས་པ།

ཐ་སྙད་ངན་གཡོའི་ཟློས་གར་དེ་ཡིས་ཅི། །
ངེས་དོན་སྦྲང་རྩི་འཐུང་བ་འདི་ཉིད་མཆོག །
དུས་ནི་མི་བརྟན་ལང་ཚོ་ཡོལ་པ་དང༌། །
མི་རྟག་དོན་སེམས་ཡང་དག་དོན་ལ་གཞོལ། །

{ཅེས་པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་ཟབ་མོ་ལ་ཆེས་ཆེར་མོས་པ་རྙེད་པ་ལས་བརྩམས་པ་སྟེ་བཅུ་གསུམ་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།