བཅུ་བཞི་པ།
མཛད་པ་པོ།
རྗེ་བཙུན་ཏཱ་ར་ནཱ་ཐ།
དེ་མཚམས་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་རྩ་བའི་བླ་མ་དམ་པ་མཇལ་བར་འདོད་པས་བཤུལ་ལམ་དུ་ཞུགས་ཏེ། བདེ་ཆེན་གདོང་དགའ་སོགས་བརྒྱུད་ནས་བདེ་སྐྱིད་གླིང་དུ་སླེབ(སླེབས)། ཉི་ཤར་དུ་སྡེ་པ་བརྟན་པ་ལགས་ཡུམ་སྲས་གཉིས་ཅར་སྨན་པས་དཔྱད་ཕུལ་བ་མ་འཕྲོད་པའི(པས)སྟབས་གཅིག་ཏུ་གཤེགས་པ་ནས། སྡེ་པ་རྗེ་དྲུང་ཀུན་དགའ་བསོད་ནམས་དྲུང་གིས{གསུང་ཡིག་ནང་བྲག་སྟོད་ནས་བླ་མ་དམ་པའི་དྲུང་ཡང་ཕེབས་པ་ཡོད་ཅིང་།}ངེད་ལ་ཡོང་དགོས་ཚུལ་ནན་ཆགས་གནང་བ་ལ། མི་ཡོང་བར་ཐག་ཆོད་ཞུས་ནའང༌། སླར་ཡང་ནན་ཆགས་ཡོད་སྐབས། རྗེ་དྲུང་ལ་མངའ་ཞབས་དང༌། ཆོས་སྡེ(སྡེས)ཡུལ་ལོག་བྱས།
བྲག་སྟོད་ནས་བླ་མ་རིན་པོ་ཆེས། ཡུམ་སྲས་སྐུ་གཤེགས་པ་གཉིས་ཀྱི་སྤུར་བཞུ་འབུལ་དང་། བྱང་བཞུ་གནང་སྐབས་ཀྱི་ཞབས་ཏོག་དང་། དགོངས་རྫོགས་དང་། ཡོན་སོགས་ཀྱང་ཉི་ཤར་སློབ་དཔོན་བ་དང༌། མི་སྣ་འདུས་པས་བྱེད་པ་ལས། རྗེ་དྲུང་རང་ལ་རང་དབང་ཐོབ་པ་གཅིག་ཀྱང་མེད་པར་མ་ཟད། དམ་འཇུར་ཆེ་བར་བྱས་འདུག །
བླ་མ་དམ་པའི་ཕྱག་དམ་ན་ཤེལ་དཀར་ཕྱོགས་ལ་སོང་ན་ལེགས་པ་འདུག་ཅིང་། བྲག་སྟོད་དུ་རྩེ་འཛོམ(འཛོམས)ཙམ་གནང་ཕེབས་པ་ལྟར། ཕར་ལམ་ཆུ་ཚན་ཁར་ཞུགས། (ཉིན) གསུམ་ཙམ་ཆུ་ཚན་ཅུང་ཟད་བསྟེན་པས། དེ་སྐབས་ཀྱི་དེ་མགོ་སྲིན་དང་ཆུ་སེར་ལ་ཕན་པར་བྱུང༌།
{རྒྱ་ཚོའི་ལ་བརྒྱུད}ཤེལ་དཀར་དུ་སླེབ(སླེབས)དུས་དེར་རྫོང་གཞིས་དང་། ཆོས་སྡེ་སོགས་ཕལ་ཆེར་གོགས་ཤིང་དེངས་པའི་རྣམ་པ་ཅན་དུ་འདུག་པ་མཐོང་བའི་རྐྱེན་གྱིས་སྐྱོ་ཤས་དྲག་ཏུ་སྐྱེ་བ་བྱུང༌། རྩིབས་རི་རྒོད་ཚང་མཇལ། རྗེ་རྒོད་ཀྱི་ཞེ་བཅད་དང་། སྒྲུབ་ཚུགས་ཀྱི་རྣམ་ཐར་ལ་འཇུག་པར་སྨོན་ལམ་སྙིང་ཐག་པ་ནས་བཏབ། དེར་བཞུགས་ཀྱི་དཔོན་སློབ་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས།
བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་དཔལ་ལྡན་བླ་མ་དམ་པའི་ཞབས་དྲུང་དུ་འབྱོར། དཔོན་སློབ་རྣམས་ཀྱང་དེ་གའི་ཁར་ཉིན་ཀ་ཕེབས་པ་ཡིན། སྐུ་མཐོང་བའི་མོད་ལ་སྔར་དང་མི་འདྲ་བའི་རིག་པ་རྗེན་གྱིས་སོང༌། མཚན་ཟངས་ཀྱི་ཕྱིའི་སྣང་བ་བན་བུན་ཙམ་ལ་རིག་པ་ཡེར་གྱིས་ཐོན་པ་བདེ་སྡུག་ལས་འདས་པ་ཞིག་བྱུང༌། སྐབས་འདིར་རྡོ་རྗེའི་གནས་པ་དང་པོའི་འཆར་སྒོ་སྦྱོར་རྒྱུ་ཡིན།
འདི་སྐབས་བླ་མ་དམ་པའི་ཞབས་དྲུང་དུ་འཁྲིད་ཚུལ་མན་ངག་སྒྲུབ་ཐབས་སོགས་རྣམ་གྲངས་མང་བ་ཞིག་དོན་གཉེར་གྱིས་ཞུས་ཤིང་གནང༌། གསར་དུ་བསྒྱུར་བའི་དབང་བྱིན་རླབས་རྣམས་དགོས་ཕེབས་པ་ལྟར་ཕུལ། བཀའ་སྩལ་སྤྱི་བོར་ནོད་དེ། སྒྲུབ་སྡེ་རྣམས་ལ་རྩ་དབུ་མའི་ཁྲིད་བྱིན་རླབས་ངོ་སྤྲོད་དང་བཅས་པ་དང༌། ནག་པོ་པའི་བསྐྱེད་རྫོགས་གྱི(ཀྱི)ཁྲིད་རྣམས་ཞིབ་པར་བཤད།
དེ་མཚམས་སྤ་ལུང་དུ་ཕྱིན། ཞག་གཉིས་ཙམ་བསྡད། སྤ་ལུང་ཆོས་རྗེ་ངག་དབང་པ་དང་ལྷན་དུ་ལུས་ཀྱི་ཕུའི་ལ་ལ་ཐོན་ནས། གླང་སྐོར་དུ་སྐུ་གདུང་དཀར་རུ་དང་། དམ་པའི་སྐུ་འདྲ་མཚལ་ཞལ་མ། ཀོ་བྲག་པའི་སྐུ་འདྲ་ཕྱག་གནས་མ་སོགས་རྟེན་མཇལ་ཐམས་ཅད་ཞིབ་པར་བགྱིས། རྟེན་རྣམས་ལ་དཀར་མེ་སྙན་དར་སོགས་མཆོད་པ་བཟང་རབ་ཕུལ་ཞིང༌། སྐུ་གདུང་དཀར་རུ་ལ་མཐོང་སྣང་མང་དུ་བྱུང༌།
དེ་ནུབ་རྨི་ལམ་དུ་གྲུབ་ཐོབ་བཅུ་དྲུག་དང་། མཁས་མཆོག་བཅུ་དྲུག་གི་སྐུའི་སྣང་བ་དང་། བྱིན་གྱིས་བརླབས་པའི་ལྟས་བྱུང་ནས་གསོལ་འདེབས་ཀྱང་བརྩམས། འདི་བྱིན་རླབས་སྣ་བསྡུས་འཇུག་ཚུལ་གཅིག་ཡིན་པ་འདུག །རྗེ་བཙུན་དམ་པ་སངས་རྒྱས་རང་གིས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་སོགས་མང་པོ་རང་ཞིག་མཇལ་འདུག་པ་དེའི་རྟེན་འབྲེལ་ཞིག་ཡིན་པ་འདྲའོ། །
ཞིང་རིངས་སུ་ཕྱིན། ཡུལ་པ་དེ་ལ་གདོན་གྱི་བར་ཆད་ཀྱི་འཚུབ་ཆེན་པོ་འདུག །རིག་པ་འུར་ནས་ཁྲོམ་མི་ཐམས་ཅད་བརྡུངས་གཤིས་ངན་པའི་གྲགས་པས་ཁྱབ། འོན་ཀྱང་ཡུལ་པ་དེ་ཚོ་རང་གི་ཆག་སྒོ་སངས་པར་མངོན། ས་སྐྱ་ཡུལ་ཆུང་སྤེ་ལེབ་ར་ཆུ་རྣམས་སུ་སོ་སོའི་འདོད་པ་ལྟར་ཡིག་དྲུག་དང་། ཚེ་དབང་གཙོ་བོར་གྱུར་པའི་ཆོས་འབྲེལ་ཐོགས་པར་བྱས། སླར་ཡང་སྤ་ལུང་དུ་བདེ་མཆོག་གི་དབང་དང༌། ནི་གུའི་དམིགས་འདོམས་དང༌། རྗེས་གནང་འགའ་ཤས་དང་ཁྲོམ་དབང་ཞིག་ཀྱང་བྱས།
ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བྲག་སྟོད་དུ་སླེབ(སླེབས)། སྤྲུལ་སྐུ་སྨན་ཐང་པས་ངམ་རིང་དུ་སྙན་འབུལ་ལ་བརྟེན་ཏེ། དཔོན་ས་མངའ་བདག་དྲུང་ནས་བཀའ་ཐོ་ནན་ཅན་ཆོས་ལུང་གི་མི་སྣ་དང་བཅས་པ་འབོད་མིར་འབྱོར།
ཟླ་བ་འདིའི་ནང་དུ་དྲུང་ཆེན་གྲགས་པ་ལ་དུས་འཁོར་གྱི་དབང་ཞིག་བྱས་པ་སྒྲུབ་སྡེ་པ་ཐམས་ཅད་ཀྱིས་ཀྱང་གསན། བླ་མ་དམ་པས་དགྱེས་པ་རྡོ་རྗེ་ལ་བརྟེན་ནས་དམ་རྫས་སྒྲུབ་པའི་ཕྱག་གཡོག་དེ་བགྱིས་ཤིང༌། འདི་སྐབས་ཀྱང་དྲི་བཟང་ཐག་རིང་དུ་ཚོར་བ་དང་། རྫས་ལ་སྒྲ་དང་བཅས་ཏེ་ཁོལ་བ་ལྟར་གྱུར་པ་ལ། དངོས་སུ་བདུད་རྩི་བབས་པའི་རྣམ་པ་ཡ་མཚན་ཅན་བྱུང༌།
རྗེས་གནང་བྱིན་རླབས་འདྲ་ཞུ་ཡིན་ཡོད་པའི་སྐབས་སུ། བླ་མ་དམ་པའི་ཞལ་ནས། ད་དུང་སེམས་ཁྲིད་ལ་བསྐྱར་མ་ཞིག་བྱས་ན་མི་ལེགས་སམ་ཕེབས་བྱུང་བས། དེ་མ་ཐག་བློ་དང་སྣང་བ་འགྱུར་ནས། ལུས་ཉམས་རྐྱེན་གང་གིས་ཀྱང་མི་ནོན་པ་འདྲ་བ་དང༌། སེམས་ལ་ངོས་གཟུང་མེད་པ་མཆི་མ་རང་དབང་མེད་པར་འབྱུང་ཞིང༌། རྒོད་པ་ལ་སོགས་པའི་ངག་ཉམས་སྣ་ཚོགས་ཤར། དེ་ནུབ་གཉིད་ཀྱང་མེད་ཅིང་། གནམ་ས་གང་ཡིན་ཡང་བཏད་མེད་དུ་སོང༌། ངམ་རིང་ལ་འགྲོ་བའི་བློ་ཡང་བཟློག །
དེ་མཚམས་རང་བསམ་སྡིངས་ནས་སློབ་དཔོན་རིན་པོ་ཆེའི་ཕྱག་དམ་གནང་བའི་ནང་ན་ཡང་ཐུགས་དམ་ལྷས་དང་། དེ་མིན་ཡང་བསླབ་སྟོན་ཞིབ་རྒྱས་བཅས་འབྱོར་པའང་རང་གི་བློ་དེ་དང་མཐུན་པར་བྱུང༌། མཚམས་མུ་ནས་དགེ་སྦྱོར་ལ་རྩོལ་བ་གང་ཆེ་བཅུག །ཁྲིད་ཚུལ་གང་དེབ་དེ་མ་ཡིན་པར་ཚིག་སྤྱི་དང་། ཡིག་སྤྱི་ལ་མ་བལྟོས་པའི་དོན་བརྒྱུད་འཇུག་ཚུགས་སུ་སྟོན་པས། གང་ལ་གང་འདུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་པ་དེ་ཉིད་མངོན་སུམ་དུ་སྟོན་པར་མཛད་དེ། རེས་འགའ་ཉི་མ་གཅིག་ལ་ཡང་རིམ་པ་ན་འཕར་བའི་སྒོམ་ཁ་ལྟ་ཕྱོགས་བཅུ་བཅུ་ཙམ་སྤྲོ་བ་དང་། རེས་འགའ་ཞག་བདུན་བརྒྱད་དུ་ཡང་གཅིག་ལ་འཇོག་པ་སོགས་མངོན་སུམ་ལམ་བྱེད་ཀྱི་བཀའ་དྲིན་བསྩལ།
འདི་སྐབས་ཟབ་མོའི་གནད་ཀྱི་གོ་བ་སྔར་མ་རྟོགས་པ་མང་པོ་འདི་ཙུག་ཡིན་པ་འདྲ། འདི་ལྟར་ཡིན་པ་འདུག་སྙམ་པ་ཆུ་དྲག་ཏུ་ཁོལ་བའི་ལྦུ་བ་ལྟ་བུར་ཤར། ལྟ་བ་དང་གྲུབ་མཐའ་ཐ་དད་དང་། བརྗོད་ཚུལ་སྣ་ཚོགས་པ་དག་ལ་ཞེན་པ་ཞིག་ཅིང་། འགལ་འདུས་སྐྱོན་མེད་ཀྱི་རྣམ་པར་གོ །དེ་སྔོན་དང་མི་འདྲ་བའི་ཡིད་ཆེས་ཀྱི་གདེང་ཡ་མཚན་ཅན་བརྗོད་མི་ཤེས་པ་ཞིག་བྱུང༌། འདིར་རྡོ་རྗེའི་གནས་པ་གཉིས་པ་སྦྱར་རོ། །
བླ་མའི་ཞལ་ནས་ལས་རླུང་དུ་སྣང་བའི་འཁྲུལ་བ་མ་འགགས་ན། འགྱུར་མེད་ཀྱི་གནས་ལ་རེག་པ་མེད་པའི་ངེས་ཚིག་ཟབ་མོ་བསྩལ་པ་ལྟར། ཆོས་ཀྱི་དབྱིངས་ཟབ་མོ་རྟོགས་པ་ཡང་ཐབས་ཀྱིས་རྟོགས་པའོ་ཞེས་ངེས་པ་རྙེད། དེ་ཁོ་ན་ཉིད་མཆོག་ཐོབ་ནས་ཉིན་མཚན་ཆད་པ་མེད་པ(པར)རླུང་ཤི་མེད་གོ་མེད་དུ་བཀག་ཅིང༌། ཕྱག་རྒྱ་ཆེན་པོའི་དབྱིངས་ལ་མཉམ་པར་བཞག་པ་ན། རང་བཞིན་ནམ་མཁའ་ལྟར་འགྱུར་བ་མེད་པ་ལ་ཡེ་ཤེས་ཟླ་བ་ཡར་ངོ་བཞིན་འཆར་བར་སྣང་ངོ༌། །འདིར་རྡོ་རྗེའི་གནས་པ་གསུམ་སྦྱར་རོ། །
བར་དེར་གེགས་ཀྱི་རྣམ་པ་རིགས་མི་གཅིག་པ་ལྔ་ཙམ་བྱུང་བ། དོན་དུ་ནི་གེགས་མ་ཡིན་ཏེ། དམིགས་པའི་སྒྱུར་ཀ་བསྩལ་གདམས་པ་གནང་བ་ལྟར་བསྒོམས་པས། དེ་ཉིད་ཡོན་ཏན་དུ་གྱུར་ཏོ། །འདིར་རྡོ་རྗེའི་གནས་པ་བཞི་པ་སྦྱར་རོ། །
མཁའ་འགྲོ་རྒྱ་མཚོའི་དབང་གོང་མ་དང༌། དགྱེས་པ་རྡོ་རྗེ་རྔོག་ལུགས་ཀྱི་དབང་བསྐུར་བ་བསྩལ་བས། དབང་རེ་རེ་ལས་ཡེ་ཤེས་འབར་བ་རེ་རེ་བྱུང་ཞིང༌། ཁྱད་པར་ཧེ་བཛྲ་གྱི་དབང་གི་ནུབ་འོད་གསལ་དང་རྨི་ལམ་འདྲེས་པའི་སྣང་བ་ངོ་མཚར་ཅན་མང་དུ་བྱུང་ངོ༌། །འདིར་རྡོ་རྗེའི་གནས་པ་ལྔ་པ་སྦྱར་རོ། །
དེ་ནས་སྟོན་དུས་ངམ་རིང་ནས་འབོད་མི་གཟི་འབར་བ་གནང་བྱུང་ཞིང༌། དཔལ་ལྡན་བླ་མ་དམ་པའི་བཀའ་ལུང་གི་ཁུར་ཡང་བླངས་ཏེ། སྐུ་གཞོགས་ནས་ཕྱིར་འོངས་སྐབས། གདན་བཞུགས་ཕུལ་བའི་ཐོག་ཏུ་ཚོགས་ཀྱི་འཁོར་ལོ་བཀའ་དྲིན་རྗེས་དྲན་གྱི་ཡོན་དབུལ་བ་མཚོན་བྱེད་དང་བཅས་ཞབས་པད་བརྟན་པར་གསོལ་བ་བཏབ།
དེ་ནས་རྒྱན་བུ་ཤེལ་དཀར་དང་། བདེ་གླིང་སོགས་སུའང་ཕྱིན། འདར་གྱི་ལྕང་གསེབ་དེར་ཆོས་རྗེ་བསོད་ནམས་ཆོས་འཕེལ་བ་དང་འདར་བའི་ཞལ་ངོ་རྣམས་ཀྱིས་རྒྱས་པ་སྤྲོས་པ་མཛད། མཐར་གྱིས་ངམ་རིང་དུ་འབྱོར། འདི་སྐབས་ཞག་ཉི་ཤུ་རྩ་གསུམ་ཙམ་བསྡད་ཅིང༌། ཞལ་ངོ་རྣམས་སུ་སྒྲོལ་དཀར་གྱི་རྗེས་གནང༌། ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར་དང༌། ལྷ་དགུ་མ་བརྒྱ་ཚར། རྟ་མགྲིན་གྱི་རྗེས་གནང་དང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང་བསྐུར་བ་རྣམས་བྱས། འདི་བྱང་དུ་ཆོས་འབྲེལ་ཐོག་མ་རང་ཡིན། བཞི་སྡེའི་དབུས་མཛད་པ་དང༌། རི་བོ་ཆེ་བའི་རྗེ་དྲུང་བརྟན་པ་སོགས་འགའ་ཤས་ལ་ནཻ་གུའི་དབང་ཁྲིད་ཆ་ཚང་ཙམ་དང༌། གཞན་ཡང་སོ་སོའི་འདོད་ཆོས་ཐན་ཐུན་ཞུ་མི་མང་རབ་བྱུང༌།
འདི་སྐབས་ཕ་རཏྣ་བྷ་དྲའི་ཐུགས་སྲས་གཅིག་པུ་པ་རྗེ་འགྱུར་མེད་དང་ཡང་མཇལ། ཆོས་ཀྱི་གསུང་སླེང(གླེང)འཕེལ་ཞིང་། དྲི་བ་ཆེ་ཆུང་སྣ་ཚོགས་ཕེབས་ཀྱི་འདུག་པ་ལ་བློ་ཚོད་ཀྱི་ལན་རེ་ཕུལ། རྗེ་འདི་པ་ལ་དེ་གོང་སྡོམ་ཆེན་གྱི་དབང་སོགས་ཆོས་ཞུ་འདོད་ཡོད་པ་ནི་སྐབས་དེར་སངས་སོང༌།
སླར་ཡང་འདི་སྐབས་ཆོས་ལུང་བྱང་རྩེའི་ཆོས་ཕྱོགས་ཀྱི་ཁུར་འཁུར་དགོས་རྣམས་བྱེད་དགོས་ཚུལ་ཕེབས་པས། གཙང་གཞུང་གི་ལམ་བརྒྱུད་ཆོས་ལུང་བྱང་རྩེར་སླེབ(སླེབས)འཕྲལ་ནས། ཁོང་ཚོའི་མོས་བཞེད་མཐར་ཐུག་ཏུ་འདུག་པས། སྒྲུབ་སྡེ་གང་ཡོད་ཀྱི་སྟེང་དུ་དོན་གཉེར་ཅི་རིགས་པས་བརྒྱན་ཏེ། གྲངས་བརྒྱད་ཅུ་ཙམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་མདོར་བསྡུས་པ་ཙམ་ཞིག་བཤད། འདི་སྐབས་ཁྲིད་རང་གི་ངོ་བོ་ཤིན་ཏུ་སྨིན་པར་སོང་ཞིང༌། ལུང་པོད་ནག་མ་ཡོངས་སུ་རྫོགས་པ་ཞིག་ལས་གཞན་མ་སོང༌།
ཆོས་ལུང་རང་གི་ཉེར་མཁོ་ལ་དགོས་ཀྱིན་ཡོད་པ་ལྟར། བདེ་མཆོག་ལྷ་ལྔའི་དབང་དང༌། དུར་ཁྲོད་བདག་པོའི་རྗེས་གནང་རྣམས་བྱས། དོན་གཉེར་འདྲ་ལ་འཇིགས་བྱེད་ཞེ་དགུ་མའི་དབང་བསྐུར་ཞིག་བགྱིས། སྨན་ཐང་བ་རང་གི་བཞེད་ཀྱི་མཐར་ཐུག་དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་རྣམས་ཀྱི་བྱིན་རླབས་དང་། ཁྲིད་ཚུལ་གཞུང་དྲུག་གི་ལུང་སོགས་ཆ་ཚང་བར་བགྱིས། རིག་པ་འཛིན་མ་རྩེན་མའི་ཆོས་སྐོར་ཟབ་དོན་བཤད་སྐབས། རྒྱུ་རྐྱེན་གང་ཡང་མེད་པར་སིནྡྷུ་རའི་དཀྱིལ་འཁོར་དང་། ནང་མཆོད་ཀ་ལི་མཆོད་སྟེགས་ནས་འཕར་ནས་ས་ལ་ལྷུང་། དཀྱིལ་འཁོར་ལ་སྐྱོན་ནི་མ་བྱུང་མོད་ཅུང་ཟད་གཉན་ཆར་མངོན་པ་བྱུང་། སྨན་ཐང་པ་རང་ཡང་རྟོག་པ་ཟོས། རང་དང་ལྷན་ཅིག་གནས་པ་གྲགས་བཟང་སོགས་ལ་མ་ཧཱ་མཱ་ཡའི་བསྐྱེད་རྫོགས་ཀྱི་རྣམ་བཤད་ངག་ནས་སྤར་ཞིང༌། མཱ་ཡ་ཉིད་ཀྱི་རྒྱ་གཞུང་འགྲེལ་པ་དང་བཅས་པ་རྣམས་ཀྱི་བཤད་པ་ཞིབ་མོར་བྱས། སྒྲུབ་སྡེ་ལ་ཆོས་ཁྲིམས་སོགས་ཀྱིས་དོ་དམ་བྱེད་གྱུའི(པའི)ཁུངས་ཙམ་བྱས།
དེ་སྐབས་ཀུན། ཇོ་ནང་ནས་རྗེ་དྲུང་རིན་པོ་ཆེའི་ཉེ་གནས་རྗེ་དྲུང་ཉིད་ལྟོགས་རིར་གཏོང་མཁན་ཀུན་བློ་བ་ཟེར་བའི་རྒོད་བྲོ་བ་ཁོ་པས། དཔོན་ས་མངའ་བདག་དྲུང་ལྟག་ཁུར་གྱིས་བར་སྐབས་དེར་སྒྲིག་གཤིག་པའི་རྩིང་སྤྱོད་རང་བྱེད་པ་ཞིག་བྱུང༌། འདི་སྐབས་རྨི་ལམ་དུ་མཁན་པོ་བཀའ་དྲིན་ཅན་སྟག་ལུང་རིན་པོ་ཆེ་དེ། བུད་མེད་རྟ་བ་གཉིས་ཀྱིས་ལམ་སྣ་བྱས། ཙ་རི་ལ་ཕེབས་རྒྱུ་ཡིན་གསུང(གསུངས)པ་ལྟར་ལས་ཆིབས་རྒྱུགས་མཛད་ཕེབས་སོང་བ་ལ། སྟག་ལུང་བས་ཕེབས་བསྐྱིལ་ར་མདའ་འདྲ་རྗེས་ལ་ཡོང་གྱུ་བ་དང༌། ངས་མགྱོགས་པར་རྒྱུགས་པས་ཞབས་རྗེས་ཟིན། ཆིབས་བཤོལ་ནས་བཞུགས་གདན་ལ་བཞུགས་སུ་བཅུག་པས། འོ་ན་ད་རེས་ཐོན་ཙམ་བྱེད་པ་ལགས། ལར་སྟག་ལུང་པ་འདི་ཀུན་ལ་སྐྱོ་བ་སྐྱེས། ཁྱོད་ཀྱིས་སྟག་ལུང་པ་ལ་ཕན་འདོགས་བྱུང་ན་གྱིས་གསུང་བ་ཞིག་གསལ་པོ་རྨི་བ་ལས། དེ་འཕྲལ་བརྟན་བཞུགས་འབུལ་མཁན་བརྫངས་པས། ཁོང་ཚོས་སླེབ(སླེབས)གོང་སྐུ་ཤིན་ཏུ་དུབ་པ་རང་ལ་བརྟན་བཞུགས་ཕུལ་འཕྲལ་རང་སྐུ་ཁམས་ཡར་སོ་ནས་ཞག་བཅུ་སྐོར་ལ་སངས་དྭངས་སུ་བྱུང་བར་གདའོ། །
དེ་རྗེས་ཇོ་ནང་དུ་དེ་ལོའི་ཁྲིད་དུས་རན་དུ་ཚུགས། ཁྲིད་གསར་པ་ཡང་མང་རབ་བྱུང༌། སྦྱོར་དྲུག་གི་རྒྱ་གཞུང་རྣམས་དང་། ཆོས་རྗེ་ཡབ་སྲས་བཅུ་བཞིའི་རྣམ་ཐར་སོགས་ཀྱི་ལུང་བཀླགས། ཚོགས་ཆོས་མ་གཏོགས་ཟུར་ཆོས་བཞིན་གྱི་བྲེལ་བ་མེད་པར་སེམས་ཀྱི་ལྟ་ཕྱོགས་ཀྱང་སྨར་བར་བྱུང༌། བོགས་འབྱེད་སྤོགས་པའི་ཆོ་ག་བླ་མའི་ཞལ་ལུང་ནས་འབྱུང་བ་འགའ་ཞིག་ཉམས་སུ་བླངས་པས། བདེ་གསལ་མི་རྟོག་པའི་ཉམས་ཀྱི་རྩལ་གོང་ནས་གོང་དུ་ན་འཕར་ཞིང་། རང་བཞིན་མི་འགྱུར་བ་ལ་ཅུང་ཟད་གདེང་ཤར་རོ། །འདིར་རྡོ་རྗེའི་གནས་པ་དྲུག་པ་སྦྱར་རོ། །
ཁྲིད་གཏོར་གྱི་ཚེ། མི་མང་པོའི་འདུ་ལོང་ཟང་ཟིང་སྣ་ཚོགས་ཡོད་པ་རྣམས་རང་སེམས་སྣང་སྟོང་གི་རང་ངོ་ཙམ་དུ་ཤར། དེ་ལ་བརྟེན་དེ(ཏེ)ཡིད་ཆེས་ཀྱིས་དྲངས་པའི་དགའ་བདེ་ཞག་བདུན་ཙམ་རྒྱུན་མི་འཆད(ཆད)པར་བྱུང་ཞིང༌། དེ་ནས་བགས་ཀྱིས་དབྱིངས་སུ་ཞི་ནས་བཏང་སྙོམས་ཆེན་པོ་ཞིག་གི་ངང་དུ་གྱུར་ཏོ། །
ཆོས་ལུང་དུ་སླེབ་ཙམ་ནས། རྒྱལ་མཁར་རྩེ་དང་། གཏིང་སྐྱེས་ནས་འབོད་མི་ཅར་སྡོད་ཡོད་པ་དང༌། ཁྱད་པར་རྗེ་བཙུན་བླ་མ་དམ་པའང་གཏིང་སྐྱེས་སུ་ཕེབས་འདུག་པས། ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་སྐོར་ལ་རིམ་པས་ཡར་ཆས་ཏེ། ལྷ་རྩེ་རྫོང་དུ་ཚོམས་ཆེན་གྱི་ལོགས་བྲིས་ལ་རབ་གནས་ཞིག(ཤིག)བྱས། འདི་སྐབས་རི་མོའི་ཞིབ་ཆ་རྣམས་ནི་མ་གྲུབ་འདུག །
དེ་ནས་ཀྱང་ལམ་འགོར་ཆེ་སེ་བ་ལ་གཏིང་སྐྱེས་སུ་སླེབ(སླེབས)། དགོན་གསུམ་གྱི་དགེ་འདུན་རྣམས་ལམ་འབྲས་ཤིག་དགོས་པའི་ནན་ཆགས་རང་བྱུང་བ་བཞིན། དེའི་གནངས་ཉིན་རང་ནས་ཆོས་ཀྱི་འགོ་བཙུགས་ཤིང༌། ཁྲིད་སྨིན་རྒྱས་དང་། ལུང་གི་སྐོར་ནི་བླ་མ་བརྒྱུད་པའི་རྣམ་ཐར་ཆ་ཚང་ཞིག་དང་། ལམ་འབྲས་ཡིག་སྣ་དྲུག་ཅུ་པོ་རྫོགས་པར་བཀླགས། དེ་མིན་ལུང་གི་སྤྲོས་པ་སྤངས། གོ་དོན་བཤད་པ་རྣམས་ཀྱང་མཐའ་ཆོད་པར་བྱས། ཁྲིད་ཞུ་བ་ལ་ཞལ་ངོ་རྣམས་མ་གཏོགས་དགེ་འདུན་ཤ་སྟག་ཡིན་ཞིང་སུམ་བརྒྱ་སྐོར་ཡོད། རྒྱུ་དབང་ལ་དབང་ཆ་བཅུ་བདུན་ཙམ་བྱུང༌།
སྡེ་པའི་དགོངས་བཞེད་ལྟར། རྒྱུད་སྡེ་ལྔའི་དབང་བྱས་པ་ལ་དབང་མི་ལྔ་བཅུ་ལྷག་ཙམ་བྱུང༌། ཞང་གི་རིགས་ཀྱི་སྔགས་པ་བཅོ་ལྔ་ཙམ་དང་། སྡེ་པ་ཡབ་སྲས་དོན་གཉེར་གཞན་འགའ་ཞིག་དང་བཅས་པ་དབང་ཆ་གཅིག་ལ་གཤིན་རྗེ་གཤེད་དགྲ་ནག་ཞང་ལུགས་ཀྱི་དབང་བཞི་དྲག་པོའི་རྗེས་གནང་རྒྱས་བསྡུས་གཉིས་ཅར་དང་བཅས་པ་རྫོགས་པར་བྱས། སྔགས་པ་ཁ་ཅིག་ལ་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྗེས་གནང་ཡང་བགྱིས་སོ། །
མཆོག་གི་བླ་མ་དམ་པ་ལ་ཉམས་དང་མྱོང་བ། གང་ཡོད་ཤིན་ཏུ་ཞིབ་མོར་སྙན་དུ་ཕུལ། མདོ་རྒྱུད་མན་ངག་རྒྱ་མཚོའི་གནད་འདུས་པའི་ཞལ་གྱི་གདམས་པ་ཕེབས་པས། ཚིག་རེ་རེས་ཀྱང་མདུད་པ་མང་དུ་ཁྲོལ་ཡངས་ཏིང་གི་སོང༌། ཁྱད་པར་རང་ཉིད་ཀྱི་བློའི་འཆར་ཚུལ་ལས་བརྩམས་ཏེ། གནས་ལུགས་ཀྱི་ཡེ་ཤེས་གཅེར་མཐོང་མཛུབ་ཚུགས་སུ་ངོ་སྤྲོད་གནང་བས། མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་དོན་གྱི་བརྒྱུད་པ་ཐོབ། འདི་ཙམ་ནས་བཟུང་མཁས་འདོད་དབྱིངས་སུ་ཡལ། སྒྲ་སོགས་ཕྱི་རོལ་གྱི་རིག་གནས་ཐམས་ཅད་བྱིས་པའི་རྩེད་མོ་ལྟ་བུར་གོ །ཐར་ལམ་སྟོན་པའི་མདོ་སྔགས་ཀྱི་ཆོས་ཆེན་པོ་རྣམས་ལ་སྔར་ལས་ཆེས་ལྷག་པའི་མོས་གུས་སྐྱེས་ནའང་། ཐོས་བསམ་གྱི་སྲེད་པ་དང་བྲེལ་བ་ཞིག་བྱུང༌།
དེ་ལྟར་གང་དང་ཡང་མཉམ་པ་མེད་པའི་བཀའ་དྲིན་བསྩལ་ཏེ། གཅིག་ཆོག་རྒྱལ་པོ་རྩ་བའི་བླ་མ་ཞེས་བསམ་པ་ཐག་པ་ནས་དང་བ་དང་། འདུན་པ་དང་། ཡིད་ཆེས་པའི་བདག་ཉིད་དུ་གྱུར་ཏེ། འདིར་རྡོ་རྗེའི་གནས་པ་བདུན་པ་སྦྱར་རོ། །
བླ་མས་ཀུན་རྫོབ་དང་། དོན་དམ་པའི་མངོན་པར་དབང་བསྐུར་བས་དབང་བསྐུར་ཏེ། སྐབས་འདིར་ཞལ་གྱི་གདམས་པ་མང་པོ་ཞིག་དང༌། རྒྱུད་འབུམ་གྱི་འཕྲོས་ཕལ་ཆེ་བའི་ལུང་ཡང་ལེགས་པར་ཐོབ་བོ། །
འདིར་སྨྲས་པ།
གནས་ལུགས་གདོང་ལྔས་ཁྱབ་པའི་ནགས་ཀླུང་དུ། །
སྤྲོས་པ་གཉིས་འཐུང་དབང་པོ་སྡེར་བཅས་བཅོམ། །
དུས་གཅིག་སྟོང་གསུམ་བགྲོད་པ་ཡིད་མགྱོགས་སྟོབས། །
གཅིག་ཅར་ཆོས་ཀུན་རིག་པ་བླ་མའི་དྲིན། །