Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

འདི་སྐབས་དགེ་གྲོང་གི་ཕྱེད་ཀ་འཕྲོས་མ་གཏིང་སྐྱེས་ཀྱི་ཕྱག་ན་ཡོད་པ་དེ་ཡང་ཆོས་གཞིས་སུ་སྦྱོར་འཇགས་གནང་བྱུང༌། ལམ་འབྲས་ཀྱི་ཁྲིད་གྲོལ་ནས། གམ་པ་ནས་རབ་འབྱམས་པ་ལེགས་བཤད་འབོད་མིར་གནང་བྱུང་བ་བཞིན་ཕྱིན། ཞག་བདུན་ཙམ་བསྡད་ཅིང་། ནག་པོ་པའི་དབང་བསྐུར་ཞིག་དང༌། གཞན་ཚེ་བཀའ་རྗེས་གནང་སོགས་དགོངས་བཞེད་ལྟར་ཕུལ།

དགེ་གྲོང་ཀོལ་ཆུ་ཚན་ཁ་སྲད་ཏང་ཏང་གི་གཞུང་རྣམས་བརྒྱུད་མག་དགེ་སྡིངས་མཇལ། འདོལ་བྱུང་དུ་ཞག་ཤས་བསྡད། བསམ་འགྲུབ་རྩེར་སྡེ་པ་སྐུ་འབྲིང་བའི་དྲུང་མགུལ་ཤིན་ཏུ་བསྙིལ་བའི་སྟབས་ནས། དབང་བཀའ་སོགས་ཞུ་བཞེད་ཀྱི་འབོད་མི་གནང་བྱུང་བ་ལྟར་བསམ་རྩེར་སླེབ(སླེབས)། དེ་གོང་དུ་སྐུ་ཁམས་དེ་ལ་ཞུད་ཁ་སྡང་བ་རང་ཞིག་ཡོད་འདུག །དེ་ཕྱིན་ནས་མ་བྱུང་ཞིང༌། ཞལ་ངོ་སྤྱི་ཁྱབ་ཏུ་ཚེ་བཀའ་ཅི་རིགས་དང༌། སྐུ་སྒོས་སུ་ཚེ་དབང་བརྒྱ་ཚར། ཕྱག་ན་རྡོ་རྗེ་གཏུམ་པོ་རས་ཆུང་ལུགས་ཀྱི་དབང་སོགས་དང་། རྗེས་གནང་མང་བ་ཙམ་ཕུལ། ཤར་སྟེང་ནས་སྲས་ཡུམ་དུ་དཔལ་ཀྱཻའི་རྡོ་རྗེའི་དབང་བསྐུར་བ་དགོངས་བཞེད་ལྟར་བསྒྲུབས། སྐྱེས་རབས་བརྒྱ་རྩ་མཛད་བཅུ་དང་བཅས་པའི་ཞལ་ཐང་གསར་བཞེངས་ཐོག་ཚད་མ་ཉི་ཤུ་རྩ་ལྔ་པ་ཞིག་འདུག་པ་ལ་རབ་གནས་བྱས།

སླར་ཡང་ཚོང་འདུས་དབུ་རྩེར་ཞག་ཤས་བསྡད། {གཤེད་དམར་ལྔའི་དབང་སྐུར་སོགས་བཞེད་ཆོས་འགའ་ཞིག་ཀྱང་ཕུལ་ཞིང་། གཙོ་བོར་སྡེ་པ}གྲྭ་ལྔའི་དྲུང་དང་ཐུགས་སྣང་དག་པའི་གསུང་གླེང་སྨར་བ་ཉིད་ཆོས་ཀྱི་གཙོ་བོར་བྱས། ད་ལམ་དབུས་ཕྱོགས་སུ་འགྲོ་རྒྱུར་འདུག་པ་ལོ་གཅིག་ཙམ་ནས་ཡར་ཕེབས་པ་ཞིག་དགོས། དེ་མིན་མ་མཇལ་དོགས་པ་ཡིན་གསུང་གིན་འདུག །

དེ་ནས་ཡར་ལམ་དགའ་གདོང་པ་རྣམས་ཀྱིས་འབོད་མི་བྱུང་བ་ལྟར་ཁོར་ཙམ་ཕྱིན། འདུ་ཁང་དུ་ཁྲི་ལ་འཁོད་ནས་དགེ་འདུན་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས། {བྱམས་པ་ལ་སོགས་རྟེན་རྣམས་ལ་ཕྱག་མཆོད། དགེ་འདུན་རྣམས་ལའང་མང་ཇ་དང་རྙེད་བཀུར་གང་དྲག་བྱས།}

དཔལ་བསམ་སྡིངས་སུ་སློབ་དཔོན་མཆོག་གི་ཞབས་དྲུང་དུ། འོད་ཟེར་དགུ་ཕྲུགས་ཀྱི་བྱིན་རླབས་དང་། ཨ་ར་པ་ཙ་ན་ལྷ་ལྔའི་དབང་ཆོས་འབྲེལ་དུ་ཞུས་ཤིང༌། མི་གཡོ་བླ་མེད་ཀྱི་དབང་ཆོས་འབྲེལ་དུ་དགོས་ཕེབས་པ་ལྟར་ཕར་ཕུལ། འཁོར་ལོ་བདེ་མཆོག་དཀར་པོ་རྣམ་པར་རྩེན་པའི་བྱིན་རླབས་དེ་ཆོས་འབྲེལ་གྱི་རྗེས་མར་འབུལ་དགོས་བྱུང་ཞིང༌། གང་སྤྱིའི་གནས་ཚུལ་འདས་མ་འོངས་ཀྱི་བཀའ་བཀོད་ཐམས་ཅད་ཀྱང་མཐར་དམ་པའི་ཆོས་ཀྱི་ཟབ་དོན་དང་འབྲེལ་བ་ཁོ་ན་གནང་བ་དང༌། སྔ་ཕྱིའི་གནས་ཚུལ་ཞིབ་ཆ་འབུལ་བ་སོགས་ཀྱིས་ནམ་ཕྱེད་ཕྱེད་སྐུ་གཞོགས་སུ་འགོར་བ་ཤ་སྟག་བྱུང་ཞིང༌། སྐུ་ཁམས་ལོག་དོགས་བྱུང་ནའང་། ཡང་ནས་ཡང་དུ་བཀའ་ཕེབས་ལ། ད་སྒོས་དབུས་ཕྱོགས་འཁོར་བའི་མྱུར་དུ་མཇལ་བར་སྨོན་ཏེ་ཕལ་ཆེར་ད་མི་མཇལ། འམ་བུ་ཚེའི་འདུ་བྱེད་གཏོང་ཁར་སྔས་མགོར་བཞུགས་པ་ཞིག་བྱུང་ན་དགོས་པ་གདའ་སྟེ། སྔ་ཕྱིའི་རྟེན་འབྲེལ་རྣམས་ལ་དཔགས་ན་མི་ཡོང་བ་འདུག །འམ་བུས་ནན་ཆགས་སུ་ཞུས་ན། ལོ་ཤས་ཉེ་སྐོར་འདི་ཀར་བཞུགས་པ་ཞིག་ལོས་ཡོང་དུ་འདུག་སྟེ། སྟག་ལུང་ནས་བླ་མའི་བཀའ་བཀོད་ཀྱང་ཡིན་པ་དང་། གཞན་ཕན་གྱི་བར་ཆད་མི་བྱེད། ད་རེས་ཀྱི་རེས་ལ་གསུང་འཕྲོས་སྨར་བ་རང་བྱེད་དགོས་ཕེབས་ཤིང་། འཕྲོས་གཏམ་འབུལ་བ་ལ་བསྡད་པ་རང་ལ་དགྱེས་པར་འདུག་པས། ཉིན་མཚན་ཐམས་ཅད་སྐུ་གཞོགས་རང་དུ་བསྡད། {བཀའ་ཕེབས་པ་ལྟར}སྒྲུབ་སྡེ་བ་རྣམས་ལ་ནཻ་གུ་ཞིག་ཀྱང་བཤད།

དཔལ་རི་ཁྲོད་ཆེན་པོ་ཇོ་མོ་ནང་གི་སྐུ་འབུམ་ཞིག་གསོས་ཀྱི་ཞལ་བཀོད་སློབ་དཔོན་རིན་པོ་ཆེ་ཉིད་ཀྱིས་གནང་བར་མཛད་ཅིང༌། དེ་ཀའི་བཀའ་བགྲོས་ཞུ་འོས་ཐམས་ཅད་ཐག་ཆོད་པར་ཞུས། བདག་ཅག་དཔོན་སློབ་སྔ་མོ་ནས་རྫས་གཅིག་ཡིན་ནའང༌། སློབ་དཔོན་རིན་པོ་ཆེ་ཉིད་ཀྱི་ཕྱག་རྫས་དང་། གནས་འབྱི{འཕྱི}དྲུང་ཆེན་གྱི་རྫས་ཀྱི་སྟེང་ནས་སྐུ་སྐལ་གང་ཡོད་ལས་ཕལ་ཆེར་དེ་གོང་ཉིད་ནས་དགེ་འདུན་གྱི་ཞབས་ཏོག་གཙོ་བོར་གྱུར་པའི་དཀར་ཕྱོགས་ཁོ་ན་ལ་གནང་ཟིན་ཅིང་། དེ་རྗེས་ཀྱི་དངོས་ཀྱི་རྫས་གང་ཡོད་དང་། བླ་མ་དམ་པ་ཉིད་ཀྱི་ཕྱག་གིའང(རྒྱུའང)གང་ཡོད་རྣམས་གཅིག་ཏུ་བསྒྲིལ་ཏེ། ཞིག་གསོས་ཀྱི་ཐེས་སུ་དམིགས་ཏེ་བཞག །

ད་ལྟ་བླ་མ་མང་པོ་ནོར་ངོམ། མཛོ་རྟ་ངོམ། གཡོག་མང་བ་རང་ངོམ། སྦྱིན་བདག་ངོམ། ཡོན་མཆོད་ཐམས་ཅད་ཆིབས་རགས་ངོམ། ཁ་དྲག་ངོམ་པར་གདའ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་ངོམ་རྒྱུ་མེད་པ་ལ་གང་ངོམ། ཕཊ།

འདི་སྐབས་ཞག་ཉི་ཤུ་ཙམ་སྐུ་གཞོགས་སུ་བསྡད་ཅིང་། དམ་རྫས་རིལ་བུ་རྟ་སྒྲུབ་ཅིག་ཀྱང་མཛད་པ(པར)བདུད་རྩི་འབབ་པ་སོགས་རྟགས་ནི་སྒྲུབ་པ་དངོས་ལས་ཀྱང་ཆེ་ཆ་ཙམ་བྱུང༌།

དེ་ནས་ཀྱང་ཞག་ཤས་སྡོད་འདོད་ཡོད་ནའང༌། རྩེ་ཆེན་ནས་དཔོན་ས་ཡུམ་དྲུང་སྐུ་ཚེས་མ་ཟིན་པའི་འགྲོ་དགོས་ཤར་ཞིང༌། དེར་སྐུ་དྲིན་མཚུངས་མེད་སློབ་དཔོན་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་ཟུང་འབྲལ་བར་མི་སྤོབས་བཞིན་དུ་འོངས། ཁ་བ་ཆེན་པོ་བབས་པས་ལམ་ཡང་བཅད་པ་བཞིན་དུ་སོང༌། ཕྱིས་མི་མཇལ་བའི{ཕྱིས་མཆོག་དེ་ཉིད་ཀྱི་ཞལ་གྱི་དཀྱིལ་འཁོར་འདྲེན་བྱེད་ཀྱི་ཡུལ་དུ་མི་འོང་པའི}རྟེན་འབྲེལ་དུ་འདུག །

{སྟག་རྩེའི་ཐད་དུ་སྐུ་དྲུང་ཀུན་ར་བས་སྣ་ལེན་རྒྱས་པ་དང་། སྤྱང་སྣ་གདུང་གི་མདུན་ནེ་སེང་དེར་འབྲོང་རྩེ་ནས་སྡེ་པའི་དྲུང་ཡང་འཕྲད་དུ་ཕེབས་བྱུང་ཞིང་།} རྩེ་ཆེན་རང་དུ་མུན་སྲོས་པ་ལ་སླེབ(སླེབས)། ཁྲུས་ཆོག་དབང་བསྐུར་མཚན་བྱང་བཞུ་བ་སོགས་གང་དགོས་ཐམས་ཅད{བློས་ལོངས་པར}བགྱིས་ཤིང༌། སྦྱངས་ཡོན་དབུ་ཁེབས་དེ་བྱུང{གནང་བྱུང}བའང་ཞིག་གསོས་ཀྱི་རྒྱུར་འདྲེ་བར་སོང༌།

དགོངས་རྫོགས་གྲོལ་འཕྲལ་ལྷུན་གྲུབ་བདེ་ཆེན་དུ་རྗེ་གྲུབ་ཆེན་གྱི་སྐུ་འབུམ་མཇལ། རྒྱལ་མཁར་རྩེར་ཕྱིན། འཁོར་ལོ་བདེ་མཆོག་ལཱུ་ཡི་པ་དང་། གཤིན་རྗེ་གཤེད་ནག་གི་དབང་སོགས་ཞལ་ངོ་སྤྱི་ཁྱབ་ཏུ་དགོངས་བཞེད་ཀྱི་ཆོས་མང་ཙམ་དང༌། ཞབས་དྲུང་བླ་མའི་དྲུང་དུ་དགྱེས་པ་རྡོ་རྗེ་རྔོག་ལུགས་ཀྱི་ཡབ་བཀའ་དང་ཡུམ་བཀའི་དབང༌། རྫོགས་རིམ་བསྲེ་འཕོའི་ཁྲིད་དང་ལུང་ཡོངས་རྫོགས། {འབྲུག་པའི་བསྲེ་འཕོ་རྙིང་པ་ཡོངས་སུ་རྫོགས་པ་དང་། ན་རོ་ཆོས་དྲུག །རྒྱལ་དབང་རྗེའི་བཀའ་འབུམ་གྱི་ལུང}སོགས་དགོངས་བཞེད་ལྟར་གྱི་ཆོས་སྣ་མང་པོ་དང༌། མདོ་རྩའི་གཞི་སྟོད་ཀྱི་བྱེད་ཙམ་ཐུགས་མཛུབ་ཁྲིད་ཀྱི་བཤད་པ་ཞིག་ཀྱང་ཕུལ།

གནས་རྙིང་ནས་འབོད་མི་ནན་ཅན་གནང་བྱུང་བ་ལྟར་དཔལ་གནས་རྙིང་གི་ཆོས་གྲྭ་ཆེན་པོར་ཕྱིན། རྗེ་དྲུང་ངག་དབང་དྲུང་དང་། རྗེ་དྲུང་འཇམ་དབྱངས་དྲུང་སོགས་ཞལ་ངོ་རྣམས་དང་མཇལ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་དང་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་དགོངས་བཞེད་ཀྱི་ཆོས་བཀའ་མང་རབ་ཕུལ་ཞིང༌། གདུང་བརྒྱུད་རིན་པོ་ཆེས་ཀྱང་དབུ་སྐྲ་བསིལ། བར་མ་རབ་བྱུང་ཙམ་གནང༌། འདི་སྐབས་འཚུབ་ཆ་ཆེ་བ་རང་འདུག །

ཡེ་ཤེས་མགོན་པོའི་འཕུར་ཐང་གཙོ་བོར་གྱུར་པའི་ཕྱི་ནང་གི་རྟེན་ཁྱད་པར་ཅན་ཐམས་ཅད་མཇལ། གསེར་སྡིངས་པའི་གྲྭ་ཚང་རྣམས་གནས་རྙིང་ན་ཆོས་བར་ལ་བཞུགས་འདུག་པས། གནས་རྙིང་གི་འདུ་ཁང་དུ་ཁོང་རྣམས་ལ་ཆོས་འབྲེལ་དུ་བླ་མའི་རྣལ་འབྱོར་ཞིག་དང་། དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་དང་པོའི་ལུང་བཀླགས།

སླར་ཡང་རྒྱལ་རྩེར{ཉིད་དུ་ཡོང་།} དགེ་ཚའི་སྒང་དེར་ཕྱི་མཚམ་མེ་བ་བྱས། {རང་དང་ལྷན་ཅིག་གནས་པ}འགའ་ཞིག་ལ་ཛ་ལནྡྷ་རའི་དོ་ཧ་ངེད་རང་གི་རྣམ་བཤད་ཀྱི་སྟེང་ནས་ཚར་གཅིག་བཤད།

སླར་རྩེ་ཆེན་དུ་ཡོང་དགོས་ཚུལ་ཕེབས་པ་ལྟར་ཁོར་ཙམ་ཕྱིན་ཞིང་། འཇིགས་བྱེད་ཞེ་དགུ་མའི་དབང༌། གཟུངས་གྲྭ་ལྔའི་དབང༌། ཚེ་དབང་བརྒྱ་རྩ་སོགས་བྱས།

{དགོངས་བཞེད་ཀྱི་ཆོས་རྣམས་ཕུལ་ཏེ།} ཡང་རྒྱལ་རྩེར{ཉིད་དུ་འབྱོར། ཆོས་སྡེ་ནས་ཞྭ་ལུ་པའི་ཕྱོགས}ཆོས་རྗེ་རིན་སྡིངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷའོ་པ། གཞན་གྲྭ་རིགས་དོན་གཉེར་ཆེ་བ་མང་རབ་དང་བཅས་པ་ལ། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་ཀྱི་རྒྱལ་པོའི་བཞེད་སྲོལ་ལྟར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་དང༌། ཁྲིད་ཡིག་ངོ་སྤྲོད་སོགས་ཀྱི་ལུང༌། སེམས་ཉིད་ངལ་གསོའི་ཁྲིད་རྣམས་བགྱིས།

ཡུམ་མངའ་བདག་རྒྱལ་མོའི་ནང་རྟེན་རྗེ་དམ་པའི་སྐུ་འདྲ་བཟང་སྐུ་ངོ་མཚར་ཅན་བསྒྲུབས་པ་གནང་འདུག་པ། སྔ་གོང་སློབ་དཔོན་རིན་པོ་ཆེས་རབ་གནས་རྒྱས་པ་གནང་འདུག །དངོས་ལའང་ཞལ་ངོ་རྣམས་ཀྱིས་བཀའ་ཕེབས་ལྟར་རབ་གནས་རྒྱས་པ་རང་བགྱིས། འདི་སྐབས་སུ་ལྕགས་འདམ་ཆོས་རྗེའི་དྲུང་གིས་ཨ་ཁུ་བ་འདས་པའི་དོན་ལ་རོང་གྲགས་པར་ཡོང་དགོས་ཚུལ་གྱི་ནན་ཆགས་རང་མཛད་ནའང༌། འཕྲལ་རང་དུ་དོན་གལ་ཆེ་བ་གཞན་ཞིག་ཀྱང་ཡོང་སྙམ་པ་བློ་ཡུལ་དུ་ལམ་ལམ་འཆར་བ་ཞིག་གི་སྟབས་ནས་འགྲོ་མ་ཐུབ། དེ་སྐབས་དགོས་གལ་ཆེ་སར་ཕན་མ་ཐོགས་ནའང་འཁང་ར་མེད་པར་མོས་པ་འཕེལ་བ་ངོ་མཚར་ཆེ།

ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་རྩེ་ནས་ཐོན། མར་ལམ་སྡེ་པ་མཁར་ཁ་བའི་སྤུར་ལ་ཁྲུས་ཆོག་དང་བྱང་བཞུ་གྲུབ་ནས། གནས་རྙིང་ནས་དཔོན་སའི་དྲུང་ཤིན་ཏུ་སྐུ་ཁམས་བསྙེལ་བའི་མྱུར་ཤད་ཡོང་དགོས་ཚུལ་བྱུང་བས། དེ་འཕྲལ་ལམ་བསྲངས་ནས་ཕྱིན་པ་སླེབ(སླེབས)དུས་དཔོན་སའི་དྲུང་ནི་སྐུ་མ་འཚོ་འདུག །སྤུར་ལ་ཁྲུས་ཆབ་དང་དབང་བསྐུར་བྱས། འཕོ་བའི་དམིགས་པ་དང་རྟེན་འབྲེལ་འདྲ་བགྱིས་པས། དེ་འཕྲལ་རང་འཕོ་བ་ཐེབས་པའི་རྟགས་གསལ་བ་ཐོན། རྗེ་ཞལ་ངོར་ཆོས་ཀྱི་ཚུལ་ལས་བརྩམས་ཏེ་ཐུགས་གསོ་གང་དྲག་བགྱིས། རྗེ་དྲུང་སྐུ་མཆེད་རྣམས་ཀྱང་ད་རེས་ཁྱེད་ཀྱིས་ཡོད་དུ་བཅུག་པའི་བཀའ་བཀོད་ཐུགས་ཐག་པ་ནས་ཕེབས་ཀྱི་འདུག །ཞག་གསུམ་པའི་ནམ་ཕྱེད་ཙམ་ལ་སྤུར་འོད་བཞུ་བྱས། ཉི་ཤར་ལ་མཚན་བྱང་བཞུག་སྟེ(བཞུས་ཏེ)། དེ་མཚམས་ལམ་དུ་ཞུགས། རིམ་པས་ཆས། མཁའ་རོའི་ལ་འོག་ཏུ་མཐོང་སྣང་གི་ཁྱད་པར་བྱུང་བ་ནི་ཡི་གེ་ལོགས་སུ་བཀོད་ཡོད་པ་ལྟར་ཤེས་པར་བྱའོ། །

མཁའ་རོ་གངས་སྦུག་ཏུ་སླེབ་ཅིང(སླེབས་ཤིང)། ཡར་འབྲོག་ནས་སྡེ་པ་ཨ་ཁུ་དྲུང་པ་དཔོན་གཡོག་རྣམས་ཀྱང་གཞིས་ལེན་ལ་ཕེབས་འདུག །ཚེ་དཔག་མེད་ཀྱི་ལྷ་ཁང་གསར་བ་དེར་སྡོད་ས་བྱས། སྡེ་པ་དཔོན་གཡོག་རྣམས་ནི་ལུག་མཇལ་གྱི་ཐུགས་བྲེལ་སོགས་ནས་དེའི་གནངས་ཉིན་ཕེབས་སོང༌། ངེད་ཀྱིས་གནས་དེ་ཉིད་དུ་ཞག་བཅུ་སྐོར་ཙམ་མཚམས་བྱས། ཆར་ཞོད་དང་སྨུགས་ཟིལ་ཤིན་ཏུ་ཆེ་བ་དང་། ཆམ་པ་ཤིན་ཏུ་ན་བ་བྱུང་ནའང༌། སྔར་མཁའ་རོའི་ལ་འོག་གི་མཐོང་སྣང་དང་བསྟུན་པའི་སེམས་ལ་བདེ་སྣང་གི་འཆར་སྒོ་བརྗོད་པ་ལས་འདས་པ་ཞིག་ཤར་བ་ཐམས་ཅད་ཀྱང་དབྱིངས་ཤར་དབྱིངས་གྲོལ་གྱི་ཚུལ་དུ་གྱུར་ཏེ། ལུས་ཀྱི་ཟུག་རྔུ་ཡང་དབྱིངས་སུ་ཡལ་བ་ལྟར་འགྲོ་བ་ཀ་བྱུང་ངོ༌། །འདིར་རྡོ་རྗེའི་གནས་པ་བརྒྱད་པ་སྦྱར་རོ། །

དེ་ནས་ཚེས་ཉེར་གསུམ་ལ་ཡར་འབྲོག་སྟག་ལུང་དུ་སླེབ(སླེབས)། སྡོད་ཡུལ་རྩེའི་གཞལ་ཡས་ཁང་དུ་བྱས་ཤིང༌། ཞལ་ངོ་རྣམས་ལ་ཐོག་མར་སྒྲོལ་དཀར་གྱི་རྗེས་གནང་རྟེན་འབྲེལ་ལེགས་པའི་ཕྱིར་ཕུལ་ནས། ཚེ་དབང་བརྒྱ་རྩ་སོགས་སོང་རྗེས། ད་ལམ་ཐུགས་བཞེད་ཀྱི་གཙོ་བོ་ཤངས་ཆོས་ཡོངས་རྫོགས་རང་ཡིན་པ་ཅིས་ཀྱང་དགོས་ཕེབས་པ་ལྟར་དེ་མཐུན་ཕུལ་བ་ནི། དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་སོ་སོར་དབང་བསྐུར་བ་དང་གཅིག་ཅར་བསྐུར་བ་སྟེ། ཉི་མ་བདུན་གྱི་དབང་བསྐུར་བའི་ཆོ་ག་རྫོགས་པ་དང༌། ཟབ་ལམ་ཆོས་དྲུག་སོགས་གསེར་ཆོས་ཀྱི་ཁྲིད་རྣམས་དང༌། བྱིན་རླབས་གཞུང་བཀའ་ཉི་ཤུ། རྒྱབ་རྟེན་ལུང་ཡིག་རྙིང་པོ་ཏི་གཉིས་ཙམ། དེ་དག་ཏུ་མ་འདུས་པ་འཆི་མེད་འཁྲུལ་འཁོར་གྱི་དབང་དང་ཁྲིད། ཐུགས་རྗེ་ཆེན་པོ་ཞི་དྲག་སོགས་ཤངས་ཆོས་ཆ་ཚང་ཞིག་སོང༌། མགོན་བཀའ་རྣམས་མ་གཏོགས་པ་ལ་དོན་གཉེར་ཤ་སྟག་འདུས་པ་བཞི་བཅུ་ཞེ་བགྲངས་ཡོད་ཅིང༌། ཁྲིད་དམིགས་སྐྱོར་དགོས་པ་སོགས་ནན་ཏན་ཡང་དག་བྱས།

ཞལ་ངོ་རྣམས་ལ་སྒྲོལ་དཀར་གྱི་ཚེ་ཁྲིད་དང༌། ལྕམ་སྲིང་གཉིས་སུ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ། སྡེ་པ་མའི་དྲུང་ལ་ནཻ་གུའི་ལུས་སྦྱོང་འཁྲུལ་འཁོར་རྣམས་ཀྱང་དགོས་ཕེབས་པ་ལྟར་ཕུལ། གཞན་དོན་གཉེར་མང་དག་ཅིག་ལ་གསང་འདུས་རིམ་ལྔ་མར་འགོས་གཉིས་འདུས་ཀྱི་ལུགས་བུ་སྟོན་རིན་པོ་ཆེའི་ཁྲིད་ཡིག་སྟེང་ནས་ཁྲིད་ཞིབ་པ་ཞིག་དང་། རྒྱ་གཞུང་རྣམས་དང་འགོས་ཀྱི་གཏོང་ཐུན་ཆེན་མོའི་ལུང་བཤད་ཅིག་ཀྱང་བགྱིས། ཞལ་ངོ་རྣམས་སུ་དམར་པོ་སྐོར་གསུམ་སོགས་གཞན་ཡང་ཆོས་མང་དག་སོང༌།

རྗེ་ལྕགས་ནང་བ་དཔོན་སློབ་ཐམས་ཅད་དང་མཇལ། ཆོས་འབྲེལ་ཡང་ཕུལ། ཁོང་དཔོན་སློབ་ཚོས་ངེད་ལ་བརྟན་བཞུགས་ཀྱང་མཛད། འདི་སྐབས་སྡེ་པ་ཁུ་དཔོན་གྱི་གསུང་ལས་ད་ལོ་ལྷ་ས་ལ་སྐོར་ཆེན་ཞིག་འཛུགས་རྒྱུ་ཡིན་པས། དེ་གའི་མགོ་བྱེད་དགོས་གསུང་བ་བྱུང་ནའང་མི་བྱེད་པར་ཐག་བཅད། འདིར་རྡོ་རྗེའི་གནས་པ་དགུ་པ་སྦྱར་རོ། །

དེ་རྗེས་ཞལ་ངོ་སོ་སོ་ནས་ཆོས་ཡོན་ཡང་བཟབ་མ་དང༌། སྡེ་པ་རྒྱལ་བུའི་དྲུང་གིས་བརྒྱ་འབུལ་ཞིག་མཛད་སྐབས། ཚོམས་ཆེན་གྱི་སྟེང་འོག་ཁེངས་པ་ཙམ་གྱི་ཆོས་ཞུ་མི་ལ། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པའི་སྒོ་ནས་སེམས་བསྐྱེད་ཕོག་ཅིང༌། དེ་རྗེས་སྣ་དཀར་རྩེར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་སྐུ་འདྲ་སྨེ་བ་ཅན་ལ་སྣམ་སྦྱར་བཟང་བ་ཞིག་ཕུལ།

དེ་ནས་རིམ་པས་ཆས་དེ(ཏེ)སྐྱེས་ཡུལ་ཏུ་སླེབ(སླེབས)། རི་ལྟས་ལ་ཕྱིན་པས་ཡུལ་གྱི་བཀོད་པ་སྣ་ཚོགས་མཐོང་བ་ལ་བརྟེན་པའི་ཡིད་ཀྱི་འགྱུར་བ་སྣ་ཚོགས་པ་རང་བཞིན་དག་པའི་ངོ་བོར་རང་ངོར་མཉམ་པའི(པས)། དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །ཞེས་པ་ལ་ངེས་པ་རྙེད་པར་བྱུང༌།

དེ་སྐབས་སྣ་དཀར་རྩེའི་བདེ་ཡངས་སུ་ཝ་བརྒྱལ་བ་སོགས་ལྟས་འཚུབ་པ་བྱུང་བས། ཇི་ལྟར་བྱ་གསུང་བའི་ལོན་གནང་བྱུང་བ་དེ་སྐུ་ལ་གནོད་པ་ཅང་མེད། ཡུལ་ཆགས་ཆེན་པོ་ཞིག་ཡོད་པ་འདྲ་ཞུས། སྟོན་དུས་འགོལ་ཞིང་རིག་པ་དྭངས་བ(པ)ལ་བརྟེན་དེ(ཏེ)འཆད་སྤྲོ་བར་བྱུང་ནས། རང་གི་ལྷན་ཅིག་གནས་པ་དོན་གཉེར་དྲུག་བདུན་ལ་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་བྱིན་རླབས་ཀྱི་གཏེར་ཆེན་པོ་འཁོར་ལོ་སྡོམ་པ་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་པ་ཡོངས་སུ་རྫོགས་པར་བཤད་ཅིང༌། སྤྱིར་རྒྱུད་འདི་ལ་རྒྱ་བོད་ཀྱི་འགྲེལ་བའི་དཔེ་ཆ་ནག་འདེད་ལ་བལྟོས་མི་དགོས་པའི་ཟབ་མོའི་ངེས་གནས་ལ་རང་དབང་འབྱོར་ཙམ་བདོག །དེ་ཡང་རང་བློ་རྣོ་བ་ཁོ་ནས་མིན། བླ་མ་དམ་པ་རྒྱ་བོད་ཀྱི་མཁས་གྲུབ་རྣམ་པ་ལྔའི་ཐུགས་རྗེ་དང༌། རང་གི་བསོད་ནམས་དང་བརྩོན་འགྲུས་འཛོམས་པ་ལས་བྱུང་བ་ལགས།

འོན་ཀྱང་འདི་སྐབས་སྔར་སྲོལ་དང་བསྟུན། གཉན་ཕུལ་བྱུང་བའི་ཊཱིཀྐ་ལ་གཞི་བྱས་ཏེ། མན་ངག་གི་བཤད་སྒྲོས་གཞན་རྣམས་དང༌། ལྭ་བ་པའི་འགྲེལ་པ་ནས་ཅི་རིགས་པར་ཁ་བསྐངས་ཏེ། སྔ་དྲོ་ཉི་མ་ཤར་ལྷོད་ཙམ་ནས་ཁ་ཟས་གདན་གཅིག་པོ་རན་གྱི་བར་དང༌། ཟས་ཀྱི་བྱ་བ་གྲོལ་འཕྲལ་ནས་ཉི་མ་ནུབ་ཀྱི་བར་བཤད་ཅིང༌། སྔགས་བཏུའི(བཏུས)བྱིན་རླབས་གོང་འོག་སོགས་སྐབས་དེ་དང་དེར་དགོས་པའི་བྱིན་རླབས་རྣམས་ཀྱང་ཚོགས་འཁོར་གྱི་བྱ་བ་དང་འབྲེལ་པར་བསྒྲུབས་ཤིང༌། དབུ་ཞབས་བར་གསུམ་གྱི་རྒྱུད་མཆོད་ཀྱི་ཚོགས་འཁོར་དང་ཐུན་རེ་བཞིན་ཏུ་ཐོག་མར་སྲུང་འཁོར་གཏོར་ཆོག་མཎྜལ་གསོལ་བཏབ་སོགས་དང་། མཇུག་ཏུ་ཡི་རང་བརྗོད་པ་སོགས་ཕྱག་ལེན་གོ་རིམ་མ་འཁྲུལ་བར་བགྱིས། འོན་ཀྱང་ཆོས་ཐུན་སྔ་ཕྱིའི་ལག་ལེན་སྤྲོས་པ་འདི་ལག་ལེན་རྙིང་པ་རང་ཡིན་མིན་མི་ཤེས་པ་འདུག །འཕྲལ་རྣམ་པ་གསལ་གསལ་བོ་ཞིག་སྣང༌། བཤད་ཐུན་ཆེས་བས་ཉན་པ་བོ་རྣམས་ཀྱི་བློ་ལ་འཇག(འཇགས)པ་རང་མ་བྱུང་ནའང༌། རང་ཉིད་ཀྱི་བློ་ངོ་ལ་དཔལ་ཧེ་རུ་ཀ་དང་། རྡོ་རྗེ་བཙུན་མོས་རྒྱུད་བྱིན་གྱིས་རློབ་ཀྱིན་ཡོད་སྙམ་པའི་ཡིད་དགའ་སྤྲོ་དང་བཅས་པ་རྟག་ཏུ་བྱུང༌།

རྨི་ལམ་དུ་བུད་མེད་ཀྱི་གཟུགས་ཅན་འགའ་རེས་རྒྱུད་ཀྱི་ཚིག་འབྲུའི་བཤད་པ་ལ་དག་མ་དག་གི་དཔྱད་པ་བྱེད་པ་ཡང་ལན་མང་དུ་བྱུང་བས། ཕྱིས་འབྱུང་དང་དེང་སང་ཤེས་རབ་ཆེ་རུ་རེ་བ་རྣམས་དཔེ་ལུང་ཙམ་རེའམ་སྤྱི་བཤད་ཙམ་རེ་བརྒྱུད་པའི་ཁུངས་སུ་བྱས་ནས། རང་གི་དཔེ་ལྟ་འདྲ་བྱས་པའི་ཡིད་དཔྱོད་ལ་ཟབ་དོན་ཡིན་པར་འུང་འགོག་འཐག་པ། མཁས་པས་མངོན་པའི་ང་རྒྱལ་གྱིས་རྡོ་རྗེའི་ཚིག་འཆད་པ། ཞེས་པའི་ལུང་གིས་ཟིན་པའི་བཤེས་གཉེན་ཆེན་པོ། རྟོག་གེ་པ་ལ་རྡོ་རྗེ་སློབ་དཔོན་གྱི་ཁྲལ་བཀལ་བ་རྣམས་ཀྱི་ཉན་བཤད་དང་མི་འདྲ་བའི་བྱིན་རླབས་གྱི་རྟགས་མཚན་ཅན་དུ་གདའ།

ཕ་ཇོའི་དྲུང་ལ་མནལ་ལམ་མ་ཡིན་པའི་གསལ་སྣང་ཅི་རིགས་འཆར་བ་ཞིག་ཡོད་པས། རྒྱུད་ཀྱི་གུང་ཙམ་ལ་སླེབ(སླེབས)སྐབས་ཀྱི་ཐོ་རངས་ཤིག་བུད་མེད་ཅིག་གིས་པུ་རངས་ལོ་ཆུང་ཆོས་འཆད་པ་ལ་བྱོན་ཟེར་བའི་སྐད་གསལ་པོ་ཐེངས་གསུམ་གསན་པ་བྱུང་འདུག་ཅིང༌། བཤད་པ་དེ་ཉིད་གྲོལ་མཚམས་བསྙེན་པ་འདྲའི་ཁ་གསོ་བགྱིས། དེ་གྲོལ་མཚམས་སམ་བུ་ཊི་དང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལུང་བཤད་འདོམས། སྡོམ་འབྱུང་གི་ལུང་རྣམས་བྱས། འདི་སྐབས་རྒྱ་མའི་གྲྭ་ཚང་གི་སློབ་དཔོན་པ་ཆོས་མཛད་རྒྱན་ཡང་ངེད་ལ་འབོད་པ་ལ་བྱོན་བྱུང༌།

དེ་ནས་ལྷུན་རབ་ཏུ་ཞག་བདུན་ཙམ་བསྡད། འདོད་ཆོས་འདྲ་བྱས། རྒྱ་མ་སློབ་དཔོན་པ་དང་རང་གི་ལྷན་ཅིག་གནས་པ་འགའ་ཞིག་ལ། སྐྱེས་བུ་གསུམ་གྱི་ཁྲིད་ལམ་རིམ་རྒྱས་པའི་འགོ་ཚུགས་ཤིང༌། རྒྱབ་རྟེན་དུ་གམ(ཀ་མ)ལ་ཤི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ལུང་བཤད་ཀྱི་འགོ་ཡང་ཚུགས། རིན་སྤུངས་ནས་ཞབས་དྲུང་ཟླ་བཟང་པའི་དྲུང་ཡང་སྐྱེད་ཚལ་འོག་ན་བཞུགས་འདུག་པས། ཁྲོ་ཕུ་རྒྱ་རྫའི་ལུང་ཞིག་དགོས་ཕེབས་པ་དེ་སྐབས་སྟོད་ཆ་ཙམ་སོང༌། སློབ་དཔོན་གྲུབ་ཐོབ་པའི་དྲུང་ཡང་ཆོས་འབྲེལ་ཞུ་བ་ལ་བྱོན་བྱུང༌།

ཡོལ་རི་གོང་དུ་རང་བྱོན་མགོན་པོའི་ཞལ་ཁྱིམ་མཇལ་བར་ཕྱིན། བར་སྐབས་སུ་མགོན་ཁང་ལ་དམག་ཐེབས་པའི་ཅུང་ཟད་ཆག་གྲུགས་བྱུང་ཟེར། སྔོན་དུས་ལྟར་གྱི་བྱིན་རླབས་ཀྱི་རྟགས་མཚན་མེད་དམ་སྙམ་པ་ཙམ་བྱུང་ནའང༌། ཞལ་རས་མཐོང་བ་ཙམ་གྱིས་སྣང་བ་འགྱུར་བ་སོགས་བྱིན་རླབས་ཀྱི་རྟགས་མཚན་སྔོན་དུས་ཀྱི་དེ་ཁོ་ན་བཞིན་དུ་འདུག །དེ་ནུབ་རང་བྱོན་མགོན་པོ་ཉིད་ཀྱི་དྲུང་དུ་མཆོད་གཏོར་བསྐང་གསོ་བཟབ་མར་བྱས། མགོན་པོའི་སྐུ་དྲུང་དེ་ཉིན་དུ་ཉལ་ནས་བསྡད་པས། རྨི་ལམ་དུ་བླ་མ་དང་མགོན་པོ་དབྱེར་མེད་པས་རྗེས་སུ་བཟུང་བའི་རྟགས་སྣང་ཅུང་ཟད་བྱུང༌།

ནང(ནངས)པར་ཡང་སྔ་རབ་ལངས་ཏེ་སྨོན་ལམ་མང་དུ་བཏབ། རང་བྱོན་མགོན་པོ་ཉིད་དང་། གཉན་སྟོན་གྱི་ནང་རྟེན་ཐུབ་པའི་སྐུ་འདྲ་ལ་སྙན་དར་དྲི་བཟང་གི་མཆོད་པ་རིན་པོ་ཆེ་དང་བསྲེས་པ་མང་དུ་ཕུལ། མགོན་ཁང་དུ་སྤྱན་གཟིགས་དང་། ལྷ་གཞན་རྣམས་ལ་ཡང་སྙན་དར་བླ་བྲེ་འཕན་སོགས་མཆོད་རྫས་ཐན་ཐུན་འབུལ་རྒྱུ་བྱུང༌།

མར་ལམ་ཁུ་སྤེ་གྲྭ་ཚང་དུ་ཆོས་འབྲེལ་འཇམ་དཀར་གྱི་རྗེས་གནང་དང་། གང་བློ་མའི་བྱིན་རླབས་བྱས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་སྐུ་འདྲ་ཕྱག་གནས་མ་དང༌། གསེར་གདུང་ལ་ཕྱག་མཆོད་ཕུལ།

སྔ་ནས་འབོད་མི་ནན་ཅན་ཡོད་པ་བཞིན། དེ་ནུབ་ས་སྲིབས་ལ་གོང་དཀར་དུ་སླེབ(སླེབས)། འདི་ཐེ་བའི་ཐོག་མ་ལན་གསུམ་ཀ་ས་སྲོས་པ་ལ་སླེབ(སླེབས)པ་རྐྱང་བྱུང་བ་བཀྲ་ལེགས་རྒྱུ་རང་མི་སྣང་སྟེ། རྟེན་འབྲེལ་གཞན་ཅུང་ཟད་ལེགས་པས། རེ་ཤིག་གཞན་ལས་གྲག་པ་བྱུང༌། གང་ལྟར་དེ་སྐབས་སྡོད་ཡུལ་མགོན་པོ་མེ་ཐུབ་མ་བཞུགས་པའི་སྟེང་དེར་བྱུང༌། ཞབས་དྲུང་མི་དབང་དྲུང་དུ་སྒྲོལ་དཀར་གྱི་རྗེས་གནང་། ཚེ་དབང་གྲུབ་རྒྱལ་མ་བརྒྱ་རྩ། ལྷ་དགུ་མ་བརྒྱ་རྩ་སོགས་ཕུལ་ཞིང༌། བདག་མོའི་དྲུང་གི་ཕྱག་ཕྱིར་དོན་གཉེར་ཉི་ཤུ་ཙམ་དང་བཅས་པ་ལ་ཛམྦྷ་ལ་དཀར་པོ་དང་། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། ཁྱད་པར་བདེ་མཆོག་ལྷ་ལྔའི་སྨིན་བྱེད་ཀྱིས(ཀྱི)སྒོ་ཕྱེ་སྟེ། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཚུལ་ཤིན་ཏུ་སྨིན་པ་དང༌། ཞབས་དྲུང་གདུང་བརྒྱུད(རྒྱུད)དུ་ཚེ་དབང་སོགས་སྐུ་ཚེའི་རྟེན་འབྲེལ་གྱི་དབང་བཀའ་རྗེས་གནང་ཅི་རིགས་པ་ཕུལ།

སྔར་གྱི་འཕྲོས་ལ་བཀའ་གདམས་ལམ་རིམ་གྱི་འཁྲིད་ཚུལ་རྒྱབ་རྟེན་གྱི་བཤད་པ་རྒྱས་པ་དང་བཅས་པ། སྒོམ་རིམ་གྱི་ལུང་བཤད་རྒྱས་པ་དང༌། དེ་སྐབས་བཞི་སྡེ་དབུ་མཛད་པ་ཕྱིས་ཚོགས་དགེ་འདུན་སྒང་པའི་མཁན་ཐོག་ཏུ་ཕེབས་པ་རིན་པོ་ཆེ་རྟ་ར་བའི་དྲུང་ལ་མཚན་བརྗོད་ཀྱི་འགྲེལ་ཆེན་སྔགས་དོན་རྣམ་གཟིགས་ཀྱི་ལུང་བཤད་ཅིག་དགོས་གསུང་བ་ལྟར། རྔོག་པའི་ངག་སྒྲོས་དང་སྦྲེལ་ནས་བཤད་པ་ཞིབ་རབ་བྱས།

དེ་དུས་ཆུ་བོ་རིའི་ལྕགས་ཟམ་ཆད། ཡར་འབྲོག་པའི་སྐོར་ཆེན་གྱི་མི་མང་པོ་ཤི་སྐབས་ཡིན། སྔར་གྱི་བདེ་མཆོག་གི་རྒྱུད་བཤད་ཉན་པ་པོ་རྣམས་ལ་ཡང་མངོན་བརྗོད་བླ་མའི་ལུང་བཤད་རྫོགས་པ་དང༌། རྡོ་རྗེ་མཁའ་འགྲོའི་ལུང་གནད་འདོམས་ཀྱི་བཤད་པ་དང་བཅས་པ་རྫོགས་པར་བྱས། དཀོན་གཉེར་ཉི་རྣམ་པ་སོགས་དོན་གཉེར་འགའ་ཞིག་ལ་ནཻ་གུ་ཆོས་དྲུག་བྱིན་རླབས་དང་བཅས་པ་ཞིག་དང༌། ཞལ་ངོ་རྣམས་དང་དྲུང་འཁོར་དྲག་བསྡུས་དང༌། ཇོ་གདན་བཞི་སྟེ། ཡོལ་མཁན་ཆེན་སོགས་དགེ་བཤེས་མང་དག་དང་བཅས་པ་ཕྱེད་ཉིས་བརྒྱ་ཙམ་ལ། དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་དང༌། གཞན་ཡང་བདེ་མཆོག་ནག་པོ་པ་དང༌། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་དང༌། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང༌། རིམ་ལྔའི་བྱིན་རླབས། དྲིལ་བུ་རིམ་ལྔའི་ཁྲིད་བཤད་པ་མཐའ་ཆོད་དང་བཅས་པ། ཇོ་གདན་འགའ་ཞིག་ལ་སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་སོགས། མདོར་ན་འདི་སྐབས་ཟླ་གཅིག་ཞག་པོ་ཉི་ཤུ་སྐོར་ལ་ཆོས་ཤིན་ཏུ་འཕེལ་བ་བྱུང༌།

ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་དྲང་སྲོང་སྲིན་པོ་རིར་སླེབ(སླེབས)ཙམ་བྱས། དེ་ནུབ་ལྷ་ཁང་དེར་ཉལ་བས་གཉིད་ཀྱི་འོད་གསལ་མཚན་ཟང་ཐལ་གྱིས་ཟིན། གནས་དེར་རྟེན་འབྲེལ་གྱི་སྒོ་བཟང་པོ་ཞིག་འགྲིག་ལ་ཁད་ལ་ཡལ་སོང༌།

ནང(ནངས)པར་འཇུན་དུ་ཁོར་ཙམ་ཕྱིན། ཚེ་དབང་སོགས་བཞེད་པ་ལྟར་བྱས། སྲས་མོ་ཆུང་ཆུང་ཞིག་གི་སྐྲ་ཕུད་བླངས། དེ་ནུབ་སྡོད་དགོས་ཚུལ་ནན་ཆགས་རང་བྱེད་ཀྱིན་འདུག་ནའང་། ལྟས་ངན་པ་ཞིག་འདུག་པས་མ་བསྡད། སང་འོན་འཇང་རྡོའི་གནས་མཇལ་བྱས་ཏེ། དེ་ནས་རྒྱ་སྡེ་དཀར་ཆུང་གི་རྡོ་རིངས་ཀྱི་བཀའ་གཙིགས་ཡི་གེ་དེ་ཆེད་བཏང་མཇལ་བར་ཕྱིན།

དེ་ནས་ཞབས་དྲུང་བཀྲས་སྟོབས་པའི་ཕྱག་གཡོག་མདོ་སྔགས་གླིང་པའི་སྐུ་སྐྱེ་བསུ་བར་བྱུང༌། དེ་ནུབ་ར་ས་འཕྲུལ་སྣང་དུ་ཞབས་དྲུང་བཀྲས་སྟོབས་དྲུང་དང་མཇལ་བ། སྔར་མ་མཇལ་ནས་ཤིན་ཏུ་ཡུན་རིང་བར་སོང་བས། ཕན་ཚུན་ཡིད་ཀྱི་ངལ་སྟེགས་སུ་གྱུར།

འདི་སྐབས་ལྷ་སར་ཞག་བཞི་བསྡད་ཅིང་། ཕྱག་མཆོད་སྨོན་ལམ་གང་འགྲུབ་བྱས། ནུབ་མོ་ཤིན་ཏུ་འཚུབ་པའི་ཆོ་འཕྲུལ་དང་འོད་གསལ་གྱི་སྣང་ཆ་རེས་མོས་རང་དུ་འཆར་བ་ཞིག་བྱུང༌། འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཀྱི་ཡ་གྱལ་བར་ཁང་གི་གྱང་རིས་སྒྲོལ་མའི་སྐུ་བརྙན་ལ་བྱང་དར་སྔོན་པོ་བཟང་བ་ཞིག་ཕུལ་བ་བཞེས་པའི་རྣམ་པ་བྱུང་བ་རྫུན་མེད་ཐམས་ཅད་ཀྱིས་མཐོང་དེ་ཀ་ཡིན། ཞབས་དྲུང་བཀྲས་སྟོབས་དྲུང་དུ་ཕག་དཀར་ཤེས་རབ་གསལ་བྱེད་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཉེ་བརྒྱུད་དེའི་བྱིན་རླབས་ཤིག་ཕུལ།

ཡར་ལམ་ཡེར་བར་ཞག་གསུམ་བསྡད། དཔོན་ས་ཡུམ་དྲུང་ནས་ངེད་ཀྱིས་རྟ་ལོ་ཡོངས་པའི་དུས་ནས་བཟུང་ཡེར་པར་རབ་ལོ་གསུམ་ཙམ། དེ་མིན་ཡང་ལོ་མཚམས་ཙམ་ཞིག་བྱེད་དགོས་རྟག་ཏུ་ཕེབས་པ་ཞིག་ཡོད་ན་ཡང༌། དེ་སྐབས་འགྱུར་འདུག་པས། ལོ་གསུམ་མ་ཞག་གསུམ་ལ་བསྡུས།

སྤྱིར་བསྐལ་དུས་རྙིངས་པའི་སློབ་མ་ཕལ་ཆེར་དང༌། ཁྱད་པར་སྡེ་དཔོན་ཕྲ་རགས་ཕལ་ཆེར་ཞིག་མཐུ་བཟློག་སོགས་རྐྱེན་སེལ་ལམ། འཇིག་རྟེན་གྱི་ཕན་བྱ་འདི་ལས་འདི་ཨེ་གྲག་སྙམ་པ་དང༌། འགའ་ཞིག་ཐོབ་རྒྱུ་འདྲ་འདོད་པ་དང་། ཟས་ངོ་ནོར་ངོ་སོགས་ལ་སུ་བྱུང་བྱུང་བླ་མར་འཁུར་ཆོས་གང་ཐོབ་བྱེད། དེ་རྗེས་དམ་ཚིག་ལ་ཡེ་མི་རྩི་བ་ཞིག་ཡོང་བར་གནང༌། དོན་དུ་ནི་དེ་འདྲ་དེ་དམྱལ་བའི་སྒྲུབ་ཐབས་ཆེན་པོར་གདའ། འབྲོམ་ཆེན་པོའི་གསུང་ལས། ཁོ་བོས་ཚམ་ཚོམ་དུ་བླ་མ་བསྟེན་མ་མྱོང༌། བསྟེན་ནས་ཡལ་བར་འདོར་མ་མྱོང་གསུང་བ་གནད་ཀྱི་དམ་པར་སྣང་ངོ༌། །

སྤོས་ཁའི་དགོན་པ་ན་རྗེ་བཙུན་མ་ལ་ཡེར་བ་བའི་སྐུ་འདྲ་འགྲོ་མགོན་སྐྱེ་མེད་ཞང་གིས་བཞེངས་པ་བྱིན་རླབས་ཅན་དེ་མཇལ། རི་བོ་དགེ་ལྡན་མཇལ་འདོད་ཆེ་བ་རང་ཡོད་ན་ཡང་། དེ་སྐབས་སྟབས་མ་འགྲིག །རྒྱ་མ་རིན་ཆེན་སྒང་དུ་སྐྱེ་བོ་གྲངས་མེད་པ་ཚོགས་པ་ལ་ཉིན་རེ་བཞིན་དུ་རྒྱུ་འབྲས་ཀྱི་ཆོས་ཀྱིས་རྒྱུད་བསྐུལ་བ་སྔོན་དུ་འགྲོ་བས་ཁྲོམ་ཆོས་རེ་ཆག་མེད་དུ་བཤད། ཁྱད་པར་ཀྱཻ་རྡོ་རྗེའི་དབང་ཆ་དྲུག་ཙམ་དང༌། གཞན་ཡང་གང་ལ་གང་འཚམ་གྱི་ཆོས་ཀྱང་འཕེལ་རབ་བྱུང་ཞིང༌། ཉིན་རེ་བཞིན་ཚོགས་འཁོར་རྒྱས་པ་འདྲེན་མཁན་བཞི་ལྔ་རེ་མ་ཆག་པ་བྱུང༌།

ནུབ་མོ་ཁྱི་ཞིག་རྒྱུན་དུ་ཟུག་གིན་འདུག་པ་ལ། སྐད་ཀྱི་གདངས་ལ་ཡིག་དྲུག་གི་སྒྲ་གསལ་བོ་རང་ལྷང་ལྷང་བ་ཇ་སྦྱོར་གཅིག་ཙམ་གྱི་བར་དུ་བྱུང༌། ཉེ་སྐོར་གྱི་ཡུལ་པ་ཐམས་ཅད་འཚོགས་པའི་མི་ཚོགས་ཤིན་ཏུ་ཆེ་བ་ཞིག་ལ་མ་ཎིའི་ལུང་དང་། ཁྲོམ་དབང་ཞིག་བྱས། སྔ་གོང་ལྷ་སའི་བྱིན་རླབས་ཀྱི་ནུས་པ་སྨིན་པ་ཞིག་འདིར་སྐྱེན་གྱིས་སད་པས། ཕྱིའི་སྣང་བ་ཐམས་ཅད་སྒྱུ་མ་ཙམ་དང༌། ནང་རིག་པ་མཁའ་ལྟ་བུ་དབྱེར་མེད་ཁྱབ་བརྡལ་ལྷོངས་སུ་གྱུར། ཕྱི་སྣང་ཆ་ཇི་ཙམ་མང་གིན་བོགས་ཆེ་བ། ལུས་ལ་འཕོ་མེད་ཀྱི་བདེ་བ་འཆར་བ། རླུང་ཡང་མཉམ་རྒྱུར་འགྲོ་བ་དང་། ནང་གི་སྒྲའི་གསང་བ་ལ་བརྟེན་ཏེ། ངག་ཐམས་ཅད་ནམ་མཁའ་དང་མཉམ་པར་གྱུར་ཏེ། ལེགས་ཉེས་མཐོ་དམན་གྱི་ཚིག་ཐམས་ཅད་མཉམ་ཉིད་དུ་ཤར།

ད་ལྟའི་དུས་ན་སྒོམ་ཆེན་པ་ཁ་ཅིག་རང་ཕྱོགས་ཀྱི་སྐྱོན་ཤི་གསང་རོ་གསང་དང་། འཆར་ཀ{འཕྱར་ཀ}བྱུང་དོགས་ཀྱི་དོགས་པ་རི་ཙམ་ཁོང་དུ་བཅུག་ནས་ཆོས་བརྒྱད་རང་ངོམ་ཞིང༌། ལྐོག་ཏུ་ལུས་ངག་ཡིད་གསུམ་ཤིན་ཏུ་མ་དག་པས་དུས་འདའ་བ་དག་ལ་སྙིང་རྗེ་ཁོང་ནས་སྐྱེས།

སྔ་སོར་མཁའ་འགྲོའི་དམ་ཚིག་གི་སེལ་ཅུང་ཟད་ཅིག་གི་ལྟས་ཡང་ཡང་བྱུང་བས། འདིར་མཁའ་འགྲོ་མའི་གཏོར་མ་ཤིན་ཏུ་ཚད་ཆེ་བ། རྒྱ་ཆེ་དཔངས་མཐོ་རང་བཤམས་ནས་གཏོར་མ་ལན་བརྒྱ་ཚར་བསྔོ་བ་སོགས་རང་གིས་ཀྱང་བགྱིས་ཤིང༌། དམ་ཚིག་གཙང་བ་རྣམས་བསྔོར་འཇུག་པ་ལན་མང་དུ་བསྟུད་ནས་བྱས་པས་སེལ་དག་ཅིང་། མཁའ་འགྲོ་དགྱེས་པའི་ཕྱི་ནང་གསང་གསུམ་གྱི་རྟགས་རྣམས་ཚང་བར་བྱུང་ངོ༌། །འདིར་རྡོ་རྗེའི་གནས་པ་བཅུ་པ་སྦྱར་རོ། །

འདིར་སྨྲས་པ།

གང་ཞིག་སྲིད་པ་གསུམ་དུ་ཆོས་ཀྱི་གཏམ། །
ལན་བརྒྱར་བསྒྲགས་པ་འདི་ཡང་རྨད་དུ་བྱུང༌། །
དེ་དག་ལས་ཀྱང་དངོས་ཀུན་རྒྱལ་སྲིད་ལ། །
རང་སེམས་ཅིག་ཅར་འཁོར་འདི་ཆེས་ཆེར་མཚར། །

ནང་དོན་ཡོངས་ཁུངས། འོད་འཛིན་རྩོམ་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།