བྱང་ཆུབ་སེམས་

༄༅ །། བྱང་ཆུབ་སེམས་ཀྱི་རྣམ་བཤད།

འོད་གསལ་ཆོས་ཉིད་དབྱིངས་ནས་གཞེངས་བའི་མ་བཅོས་རིག་སྟོང་གསལ་བའི་སྐུ།།
ཐབས་ཤེས་འགྱུར་མེད་བདེ་བའི་རང་མདངས་རབ་མཛེས་སྟོང་གི་གཟི་འོད་འབར།།
ཡོངས་གྲུབ་ཆོས་གྱི་གནས་ལུགས་སྟོན་པའི་གང་འདུལ་སྤྲུལ་བའི་རྣམ་རོལ་བ།།
རྗེ་བཙུན་འོད་གསལ་རིག་པའི་རྡོ་རྗེ་ཞབས་རྡུལ་དྲི་མེད་སྤྱི་བོས་མཆོད།།

མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་སྙིང་།།
བྱང་ཆུབ་སེམས་ཉིད་ཁོ་ཐག་ཆོད་པས།།
དེ་ཡི་རྣམ་བཞག་གསལ་བར་སྟོན་པར།།
ལྷ་དང་བླ་མའི་ནུས་མཐུ་སྩོལ་ཅིག།

དེ་ལ་འདིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཆད་པ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སོ།།

དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། དབྱེ་བ། ས་མཚམས། རྒྱུ། བསླབ་བྱ། ཕན་ཡོན། ཉེས་དམིགས་བཤད་པ་དང་བདུན་ནོ།།

དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ནི། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཐེག་ཆེན་གྱི་ལམ་དེ་ཡིན་ཏེ། ༼ བསྟན་བཅོས་མངོན་རྟོགས་རྒྱན་ལས། ༽ སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་སོ།།

གཉིས་པ་དབྱེ་བ་ནི། ངོ་བོའི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་དབྱེ་བ། བློ་སྟོབས་ཀྱི་ཁྱད་པར་གྱིས་དབྱེ་བ། དཔེའི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ནི། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས། སྨོན་སེམས་ཀྱི་མཚན་ཉིད། གཞན་དོན་དུ་བྱང་ཆུབ་སྨོན་པའི་སེམས་བསྐྱེད། འཇུག་སེམས་ཀྱི་མཚན་ཉིད། འགྲོ་བཞིན་པ་ལྟར་ཐེག་ཆེན་སྒྲུབ་པ་ཉམས་ལེན་གྱི་སྦྱོར་བས་ཞུགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད། དེ་གཉིས་ཀྱི་མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། ༼ འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ཀྱི་ཞལ་ནས། ༽འཇུག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དེ།། དེ་གཉིས་དག་ལ་དབྱེ་བ་དེ་ནི་ཅུང་ཟད་ཡོད།། འགྲོ་བར་འདོད་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ།། དཔག་མེད་སྐལ་བ་རུ་ནི་གཞན་གྱི་དོན་ཕྱིར་རོ།། མ་ཉམས་བདེ་དང་འཇུག་པ་ཡི་ནི་སེམས་ཡིན་ལ།། མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན།། ཞེས་གསུང་བ་དང་ཡང་། ༼ སྤྱོད་འཇུག་ལས། ༽བྱང་ཆུབ་སེམས་དེ་མདོར་བསྡུས་ན།། རྣམ་པ་གཉིས་སུ་ཤེས་པར་བྱ།། བྱང་ཆུབ་སྨོན་པའི་སེམས་དང་ནི།། བྱང་ཆུབ་འཇུག་པ་ཉིད་ཡིན་ནོ།། འགྲོ་བར་འདོད་དང་འགྲོ་ཡི།། བྱེ་བྲག་རིམ་བཞིན་ཤེས་པ་ལྟར།། དེ་བཞིན་མཁས་པའི་འདི་གཉིས་ཀྱི།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།། ཅེས་དང་ཡང་༼ སྡོང་པོ་བཀོད་པ་ལས།༽ སེམས་ཅན་གང་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་དཀོན་ནོ།། དེ་བས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཇུག་པ་དེ་དག་ནི་ཤུན་དུ་དཀོན་ནོ།། ཞེས་གསུངས་སོ།།  
གཉིས་པ་ས་མཚམས་ཀྱི་དབྱེ་བ་ནི། སྨོས་སྤྱོད་པའི་སེམས་བསྐྱེད་དང་། ས་དང་པོ་ནས་བདུན་པའི་བར་ལྷག་བསམ་གྱི་སེམས་བསྐྱེད་དང་། དག་པ་ས་གསུམ་ལ་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སངས་རྒྱས་ཀྱི་སའི་སྒྲིབ་པ་སྤང་བའི་སེམས་བསྐྱེད་དང་བཞི་ཡོད་དེ། ༼ མདོ་སྡེ་རྒྱན་ལས། ༽སེམས་བསྐྱེད་དེ་ནི་ས་རྣམས་ལ།། མོས་དང་ལྷག་བསམ་དག་པ་དང་།། རྣམ་པར་སྨིན་པ་གཞན་དུ་འདོད།། དེ་བཞིན་སྒྲུབ་པ་སྤངས་པའོ།། ཞེས་གསུངས་བའི་ཕྱིར།
གསུམ་པ་བློ་སྟོབས་ཀྱི་ཁྱད་པར་གྱིས་དབྱེ་བ་ནི། རྫི་བོ་ལྟ་བུའི་སེམས་བསྐྱེད་དང་། མཉན་པ་ལྟ་བུའི་སེམས་བསྐྱེད། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གསུམ་ཡོད་དེ། ༼ ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས། ༽སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་དེ་དེ་ནས་འཚང་རྒྱ་བར་འདོད་པ་རྫི་བོ་ལྟ་བུ་དང་། རང་གཞན་མཉམ་པར་སངས་རྒྱས་འདོད་པ་མཉན་པ་ལྟ་བུ་དང་། ཐོག་མར་རང་ཉིད་སངས་རྒྱས་ནས་དེ་ནས་གཞན་དོན་བྱེད་པར་འདོད་པ་རྒྱལ་བུ་ལྟ་བུ་སྟེ་གསུམ་མོ།། ཞེས་གསུངས་སོ།།
བཞི་བ་ཐེག་ཆེན་བྱང་ཆུབ་ཀྱིེ་སེམས་ལ་དཔེའི་སྒོ་ནས་དབྱེ་ན་ཉེར་གཉིས་ཡོད་དེ།༼ མངོན་རྟོགས་རྒྱན་ལས། ༽དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་མ་གླུ།། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། གཞོན་པ་བཀོན་པའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། ཞེས་གསུངས་བའི་ཕྱིར།།  

གསུམ་པ་ས་མཚམས་ནི། ཐེག་ཆེན་ལམ་དུ་ཞུགས་མ་ཐག་ནས་སངས་རྒྱས་ཀྱི་བར་ཡོད་དེ། ༼ མདོ་སྡེ་རྒྱན་ལས། ༽སེམས་བསྐྱེད་དེ་ནི་ས་རྣམས་ལ།། མོས་དང་ལྷག་བསམ་དག་པ་དང་།། རྣམ་པར་སྨིན་པ་གཞན་དུ་འདོད།། དེ་བཞིན་སྒྲིབ་པ་སྤངས་པའོ། ཞེས་གསུངས་སོ།།

བཞི་བ་རྒྱུ་ནི། སྐྱེ་རྒྱུ་མཐུན་རྐྱེན་དང་ལྡོག་རྒྱུ་འགལ་རྐྱེན་གཉིས། དང་པོ་སེམས་བསྐྱེད་སྐྱེ་བའི་རྟེན། ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་རྐྱེན་དང་གསུམ་ཡོད་དེ། ༼ཉ་ཊཱིཀ་ལས། ༽འདིར་སེམས་བསྐྱེད་སྐྱེ་བའི་རྟེན། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ནོ།། དངོ་པ་ལ་གཉིས་ལས། ལུས་རྟེན་ནི། སྤྱིར་ཐེག་ཆེན་སེམས་བསྐྱེད་ཙམ་ཞིག་ཙམ་ཞིག་ཐེག་ཆེན་ཆོས་ཀྱི་སྐལ་བ་ཡོད་པའི་སེམས་ཅན་ལྷ་མི་དུད་འགྲོ་སོགས་དྲུག་ཅར་ལ་སྐྱེ་ཞིང་གནས་སུ་རུང་ངོ་།། ཅེས་གསུངས་བའི་ཕྱིར།  
གཉིས་པ། བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་ཅན་ཏེ། ཡིད་དམ་པ་ལས་བླང་བར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པོའོ་ཞེས་སོ།། ཅེས་གསུངས་བ་དང་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱོད་པ་ལ་དད་པ་བྱེད་པ་དང་བྱང་ཆུབ་བླ་ན་མེད་པ་ལ་དད་པར་གྱུར་བའི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། ༼ དཀོན་མཆོག་ཏ་ལ་ལའི་གཟུངས་ལས། ༽རྒྱལ་དང་རྒྱལ་སྲས་ཆོས་ལ་དད་གྱུར་ཅིང།། རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ།། བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས།། སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ།།
གཉིས་པ་བསམ་པའི་རྟེན་ལ་སྙིང་རྗེ་དང་དད་པ་དང་འདོད་པ་གསུམ་ཡོད་དེ། ༼ཉ་ཊཱིག་ལས། ༽སྙིང་རྗེ་དད་པ་འདོད་པ་གསུམ་ལས་སོ།། ཞེས་གསུངས་བ་དང་། དང་པོ་ནི། སྙིང་རྗེ་ཆེན་པོ་ལས་སེམས་བསྐྱེད་སྐྱེ་སྟེ། ༼ ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། ༽བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས། སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། ། བཅོམ་ལྡན་འདས། དཔེར་བགྱི་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ།། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབསེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས། དཔེར་བགྱི་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ།
གཉིས་པ་ནི། རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་ཤེས་པའི་དད་པ་ལས་སྐྱེ་སྟེ།༼ དཀོན་མཆོག་སྒྲོན་མར། ༽རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་པ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། ཞེས་གསུངས་སོ།།
གསུམ་པ་ནི། སེམས་བསྐྱེད་རྒྱུད་ལ་སྐྱེས་བར་བྱེད་པ་པོ་རང་གི་ངང་ཚུལ་ཤེས་ནས་ལེན་འདོད་ཀྱི་སྨོན་པ་ལས་སྐྱེ་སྟེ། ༼ བསླབ་བཏུས་སུ། ༽བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ནོ།། ཞེས་གསུངས་སོ།།
གསུམ་པ་ནི། ལྷན་ཅིག་བྱེད་རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་པ་དགོས་ཏེ། ༼སྡུད་པར། ༽སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ།། ཞེ་གསུངས་སོ།།

གཉིས་པ་ལྡོག་རྒྱུ་འགལ་རྐྱེན་ནི། ནག་པོའི་ཆོས་བཞི་ཡིན་ཏེ། ༼ འོད་སྲུང་གི་ལེའུ་ལས། ༽བླ་མ་དང་མཆོད་འོས་བསླུ་བ། གཞན་འགྱོད་པ་བསྐྱེད་པའི་གནས་མིན་པ་ལ་འགྱོད་པ་བསྐྱེད་པ། ཐེག་ཆེག་ལ་ཞུགས་པ་ལ་མི་བསྔགས་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། གཡོ་སྒྱུས་གཞན་ལ་ཉེས་བར་སྤྱོད་ཀྱི་ལྷག་བསམ་གྱིས་མིན་པ་སྟེ་ནག་པོའི་ཆོས་བཞི་དང་ལོག་ལྟ་སྐྱེས་པའི་ལྡོག་གོ།། ཅེས་དང་བྱང་སར། རིགས་དང་མི་ལྡན་པ། སྡིག་གྲོགས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་རྗེ་ཆུང་བ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་པ་བཞི་ལྡོག་རྒྱུར་བཤད་དོ།། ཅེས་གསུངས་དང་ནག་པོའི་ཆོས་བཞི་ཚེ་ཕྱི་མར་སེམས་བསྐྱེད་བརྗེད་པའི་རྒྱུ་ཡང་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽ནག་པོའི་ཆོས་བཞི་སྤྱིེར་ཡང་ཉེས་པ་ཆེ་སྒོས་སུ་སྐྱེ་འཕོས་ན་སེམས་བསྐྱེད་བརྗེད་པའི་རྒྱུ་ཡིན། ཞེས་གསུངས་བའི་ཕྱིར།

ལྔ་བ་བསླབ་བྱ་ནི། སྒྲུབ་བྱའི་བསླབ་བྱ་དང་དགག་བྱའི་བསླབ་བྱ་གཉིས། དང་པོ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་ལ་བསླབ་པ་དང་། ཐོབ་པའི་འབྲས་བུ་ལ་བསླབ་པ་གཉིས་ལས་དང་པོ་ནི་ཇོ་བོ་རྗེ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་ལ་བསླབ་པ་དང་། རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བའི་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་ལ་བསླབ་པ་གཉིས་སོ།།  
དང་པོ།  རྒྱུ་འབྲས་མན་ངག་བདུན་ནི། རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། སེམས་དེ་ལྷག་བསམ་རྣམ་དག་ལས་དང་། བསམ་པ་དེ་སྙིང་རྗེ་ལས་དང་། སྙིང་རྗེ་བྱམས་པ་ལས་དང་། བྱམས་པ་དྲིན་དུ་གཟོ་བ་ལས་དང་། དྲིན་གཟོ་བ་དྲིན་དྲན་པ་ལས་དང་། དྲིན་དྲན་པ་ནི་མར་ཤེས་པ་ལས་འབྱུང་བ་སྟེ་བདུན་ནོ།། དེ་ལྟར་འཐད་དེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽དེ་ཡང་རྒྱུ་འབྲས་བདུན་གྱི་དབང་དུ་བྱས་ན། རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ། དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་དེ་མའི་འདུ་ཤེས་སྒོམ་པ་ལས་སྐྱེ་སྐད་པ་། དེ་རྣམས་རྒྱུ་འབྲས་བདུན་ཡིན། ཞེས་གསུངས་བའི་ཕྱིར། དེ་རེ་རེ་བཞིན་སྒོམ་ཚུལ་གཞན་ལས་ཤེས་པར་བྱ་འདིར་མང་དོག་ནས་མ་སྤྲོས་སོ།།
གཉིས་པ་ལ་གཉིས་ལས་དང་པོ་ནི། འདིར་ལྟར་འཁོར་བ་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་དབང་མེད་དུ་འཁྱམས་པའི་རྒྱུ་ང་མེད་ལ་ང་དང་། བདག་མེད་ལ་བདག་ཏུ་བཟུང་ནས་བདག་ཁོ་ན་གཅེས་པར་བཟུང་བས་ལན་པ་ཡིན། དེས་ན་འདིར་ལྟར་བསམ་དགོས་ཏེ། ད་ལྟ་རང་གིས་དུས་དང་རྣམ་པ་ཐམས་ཅད་དུ་རང་ལ་བདེ་བ་དང་ལྡན་ན་ཅི་མ་རུང་ལྡན་པར་གྱུར་ཅིག་སྡུག་བསྔལ་གྱི་རྣམ་པ་སྣ་གཅིག་ཀྱང་མི་འདོད་པ་སྣང་བཞིན་དུ་གཞན་ལ་ཡང་དེ་ལྟར་བསམ་པ་དེ་ཡིན་པའི་ཕྱིར་ཏེ། ༼ བསླབ་བཏུས་ལས། ༽བདག་གཞན་མཉམ་ཉིད་གོམས་བྱས་པས།། བྱང་ཆུབ་སེམས་ནི་བརྟན་པར་འགྱུར།། བདག་དང་གཞན་ཉིད་ལྟོས་པ་སྟེ།། ཕ་རོལ་ཚུར་རོལ་ཇི་བཞིན་བརྫུན།། ངོགས་ཏེ་རང་གིས་ཕ་རོལ་མིན།། གང་ལ་ལྟོས་ན་ཚུར་རོལ་འགྱུར།། བདག་ཉིད་རང་གིས་མ་གྲུབ་ན།། གང་ལ་ལྟོས་ཏེ་གཞན་དུ་འགྱུར།། ཞེས་གསུངས་བའི་ཕྱིར།
གཉིས་པ་བདག་གཞན་བརྗེ་བ་ནི། དངོས་སུ་ན་ཚ་དང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་གྱི་མནར་བའི་སེམས་ཅན་ཞིག་མདུན་དུ་དམིགས་ནས། རང་གི་དབུགས་ཕྱིར་རྒྱུ་བའི་ཚེ། བདག་གི་བདེ་སྐྱིད་ལུས་ལོངས་སྤྱོད་ལ་སོགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་ཁོང་ལ་སྦྱིན། ཁོང་ལ་སྡུག་བསྔལ་ཅི་མཆིས་པ་དེ་དག་ཐམས་ཅད་རང་ཉིད་ཀྱིས་དང་དུ་ལེན་པར་འདོད་པ་དང་ལྷན་ཅིག་དབྱུགས་ནང་དུ་རྔུམས་པས། དེ་ཉིད་བདེ་དང་ལྡན་སྡུག་བསྔལ་དང་བྲལ་བར་འདོད་བདེ་སྡུག་གཏོང་ལེན་གྱི་དམིགས་པ་དེ། སེམས་ཅན་གཅིག་ནས་བཟུང་རིམ་བཞིན་སྒོམ་པ་དེ་ཡིན་ཏེ། ༼ སྤྱོད་འཇུག་ལས། ༽གང་ཞིག་བདག་དང་གཞན་རྣམས་ནི།། མྱུར་དུ་བསྐྱབ་པར་འདོད་པ་དེས།། བདག་དང་གཞན་དུ་བརྗེ་བར་བྱ།། གསང་བའི་དམ་པ་སྤྱད་པར་བྱ།། ཞེས་དང་། ཡང་༼ དེ་ཉིད་ལས། ༽འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་བདག་བདེ་འདོད་ལས་བྱུང་།། མང་དུ་བཤད་ལྟ་ཅི་དགོས་ཏེ།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་གསུངས་བའི་ཕྱིར།

གཉིས་པ་ལ་བཞི་སྟེ། སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ། ཚོགས་གཉིས་ལ་འབད་དགོས་པར་བསླབ་པ། ཟུང་བཞི་ཡ་བརྒྱད་ལ་བསླབ་པ། ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་བསླབ་པའོ།། དང་པོ་ནི། སེམས་བློས་བཏང་བ་ལ་རིལ་བོར་བློས་བཏང་བ་དང་བྱེ་བྲག་ཏུ་བཏང་བ་གཉིས་ཡོད་དེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽སེམས་ཅན་བློས་སྤོང་བ་ལ་གཉིས་ཡོད་ཁྱུ་རིལ་དུ་བློས་སྤོང་བ་དང་། སྒོ་ཐད་དུ་བློས་སྤོང་བའོ།། ཞེས་གསུངས་བའི་ཕྱིར། དང་པོ་ལ་གཉིས་ཡོད་པ་ལས། དང་པོ་ནི། སྤྱིར་ཆོས་ལ་འཇུག་པར་འདོད་པའི་བློ་རིལ་གྱིས་ལོག་ནས་སེམས་ཅན་བློས་སྤངས་པ་ཡིན་ཏེ། ངས་ནི་ཐེག་ཆེན་ཐེག་དམན་གྱི་ཆོས་གང་ཡང་བསྒྲུབ་མི་ཐུབ་པས་རང་དོན་ཐར་དང་གཞན་དོན་རྫོགས་བྱང་གང་ཡང་སྒྲུབ་པ་མི་ཡོང་། འཇིག་རྟེན་ཕལ་བ་ཞིག་བྱ་སྙམ་པ་དང་། གཉིས་པ་ནི་སྤྱིར་ཆོས་ལ་བློ་མ་ལོག་ཀྱང་ཐེག་ཆེན་ལ་བློ་ལོག་ནས་སེམས་ཅན་བློས་སྤངས་པ་ཡིན་ཏེ། རྒྱལ་སྲས་ཀྱི་ལམ་རྒྱ་ཆེ་ཞིང་བྱ་དཀའ་བ་དང་སངས་རྒྱས་བྱང་སེམས་ཀྱིས་དུས་ནམ་ཡང་རྒྱུན་ཟད་པ་མེད་པས་དུས་སུ་སེམས་ཅན་གྱོ་དོན་སྒྲུབ་པའི་བྱ་བ་སྣ་ཚོགས་མཛད་དགོས་པ་སོགས་ལ་བདག་གིས་དེ་ལྟར་མི་ནུས་སྙམ་ནས་བདག་གིས་སེམས་ཅན་གྱི་དོན་སྒྲུབ་མི་ནུས་པས་བདག་ཉན་རང་གི་ཐེག་པར་སེམས་བསྐྱེད་པ་སྟེ་ཉན་རང་གི་ལམ་དུ་འཇུག་པར་བྱའོ་སྙམ་པ་ལྟ་བུ་ཡིན་ནོ།།
གཉིས་པ་ནི། སེམས་ཅན་ཐམས་ཅད་བློས་སྤངས་པ་མ་ཡིན་པར་རང་དང་འགལ་བ་སྟེ་རང་དང་མི་མཐུན་པར་གྱུར་བའི་སེམས་ཅན་ཁ་ཅིག་ལ་ཁྱོད་ལ་བདག་གིས་ཕན་ཐོགས་པའི་དུས་བྱུང་ཀྱང་གནས་སྐབས་དང་མཐར་ཐུག་གང་ལ་ལྟོས་ཀྱང་ཕན་མི་འདོགས་པ་སྟེ། གནས་སྐབས་ཀྱི་ཕན་པ་ལྷ་མིའི་བདེ་བ་སོགས་དང་མཐར་ཐུག་གི་ཕན་པ་སངས་རྒྱས་ཀྱི་གོ་འཕངས་གང་ཡང་ཐོབ་པར་མི་བྱེད་སྙམ་དུ་སེམས་ཅན་དེ་ལ་སྙིང་བརྩེ་ལྷན་གྱི་བྲལ་བ་དེ་ཡིན་ནོ།།

གཉིས་པ་ཚོགས་གཉིས་ལ་འབད་དགོས་པར་བསླབ་པ་ནི། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་ལས་དང་པོ་ནི། ད་ལྟ་ཚོགས་བསགས་རུང་བའི་ལུས་རྟེན་ཐོབ་པའི་དུས་འདིར་ཚོགས་མ་བསགས་ན་ཕྱིས་སུ་ཚོགས་བསགས་པའི་ལུས་རྟེན་ཡང་མི་ཐོབ། ད་ལྟ་ཚོགས་མ་བསགས་ན་ཚོགས་གཉིས་ཀྱི་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་གཞི་མེད་པས་ཚོགས་གཉིས་གོང་འཕེལ་དུ་མི་འགྲོ། ཚོགས་གཉིས་གོང་འཕེལ་དུ་མ་སོང་ན་སངས་རྒྱས་མི་ཐོབ། དེ་མ་ཐོབ་ན་རང་གཞན་གྱི་དོན་ཐམས་ཅད་མི་འགྲུབ་པས་ཚོགས་གཉིས་བསགས་དགོས་པ་ལ། མདོ་དང་བསྟན་བཅོས་དག་རྣམས་ལས་ཕན་ཡོན་ཆེ་བར་བཤད་པའི་དཀོན་མཆོག་གི་མཆོད་པ་དང་། དགེ་འདུན་ལ་ཁ་ཟས་དང་གདན་ནམ་འབུལ་བ་སོགས་དགེ་འདུན་ལ་བསྙེན་བཀུར་དང་། དཀོན་མཆོག་གི་རྟེན་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྐོར་བ་བྱ་བ། གཟུངས་སྔགས་བཟླ་བ་དང་། དཀོན་མཆོག་དང་ལས་འབྲས་སོགས་ལ་དད་པ་སྒོམ་པ་དང་། བྱམས་སྙིང་རྗེ་སོགས་སྒོམ་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽བསོད་ནམས་ཀྱི་ཚོགས་ནི། མདོ་དང་བསྟན་རྣམས་ལས་ཕན་ཡོན་ཆེ་བར་བཤད་པའི་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་བོའི་གཏོར་མ་། ཕྱག་མཆོད་བསྐོར་བ་གཟུངས་སྔགས་བཟླས་པ་དད་པ་སྒོམ་པ་བྱམས་སྙིང་རྗེ་སྒོམ་པ། བཟོད་པ་སྒོམ་པ་ལ་སོགས་པ་བསླབ་དགོས། ཞེས་གསུངས་བའི་ཕྱིར།
གཉིས་པ་ཡེ་ཤེས་ཀྱི་ཚོགས་པ་ནི། དགེ་བའི་བཤེས་གཉེན་གྱི་དྲུང་དུ་གསུང་རབ་ཀྱི་ཆོས་ཉན་པ་དང་། གསུང་རབ་ཀྱི་ཚིག་རྣམས་མ་བརྗེད་པར་ཡིད་ལ་འཛིན་པ་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་ཟིན་པའི་དགེ་རྩ་སོགས་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽ཡེ་ཤེས་ཀྱི་ཚོགས་ཆོས་ཉན་པ་དང་། ཚིག་འཛིན་པ་དོན་སེམས་པ། འགལ་འབྲེལ་གྱི་སྒོ་ནས་རིགས་པའི་ཐེ་ཚོམ་གཅོད་པ། འཁོར་གསུམ་རྣམ་པར་མི་རྟོག་པར་རྒྱས་འདེབས་པ་ཞེས་བྱ། འཁོར་འདས་ཐམས་ཅད་བདེན་མེད་དུ་ཐོས་པའི་སྒོ་ནས་གོ་ཞིང་ཤེས། བསམ་པའི་སྒོ་ནས་ངེས་པ་རྙེད། སྒོམ་པའི་སྒོ་ནས་མངོན་དུ་རྟོགས་པ་ཅིག་དགོས་པས་དོན་འདི་ལ་བསླབ་དགོས། ཞེས་གསུངས་བ་དང་ཡེ་ཤེས་ཀྱི་ཚོགས་ལས་ཐོས་པའི་ཕན་ཡོན་ནི། དེ་ཡང་ཐོག་མར་ཐོས་པ་བྱེད་འདོད་ཆེན་པོ་སྐྱེ་བ་ལ་ཐོས་པའི་ཕན་ཡོན་བསམ་པ་ཤིན་ཏུ་གལ་ཆེ། ཕན་ཡོན་ལེགས་པར་བསམ་ན་ཐོས་པ་ལ་ཤིན་ཏུ་སྤྲོ་ཤུགས་སྐྱེ་བས་ཕན་ཡོན་བསམ་དགོས། ༼ དེ་ཡང་ཐོས་པའི་ཚོམས་ལས། ༽ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་དང་། །༼ གཞན་ཡང་སྐྱེས་རབས་ལས། ༽ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་བའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །གསུངས་བ་ལྟར་ཐོས་པ་ནི་གཏི་མུག་གི་མུན་པ་སེལ་བའི་སྒྲོན་མེ་ལྟ་བུ་དང་རྐུན་མས་ཀྱང་འཕྲོག་ཏུ་མི་གྱུར་བའི་མཆོག་ཏུ་གྱུར་བའི་ནོར་བུ་ལྟ་བུ་དང་། མ་རིག་པའི་རྨོངས་པའི་དགྲ་འཇོམས་པའི་མཚོན་ཆ་ལྟ་བུ་དང་ཐབས་ཚུལ་དང་མན་ངག་སྟོན་པའི་གྲོགས་མཆོག་ལྟ་བུ་དང་། བདག་ཉིད་ཕོངས་བར་གྱུར་ཀྱང་མི་འགྱུར་བའི་མཛའ་བོ་ལྟ་བུ་དང་། གནོད་པ་མེད་པ་དང་མྱ་ངན་གྱི་ནད་ཀྱི་གདུང་བའི་སྨན་ལྟ་བུ་དང་། ཉེས་པ་ཆེན་པོ་བྱས་པ་སོགས་ཀྱི་དཔུང་འཇོམས་པའི་དཔུང་གི་མཆོག་ལྟ་བུ་དང་། སྙན་གྲགས་དང་གཟི་དཔལ་སོགས་འབྱུང་བས་གཏེར་ལྟ་བུ་དང་། ཡ་རབས་རྣམས་དང་ཕྲད་ན་འགྲོགས་ཤེས་ཀྱི་མཆོག་ཏུ་གྱུར་བའི་སྐྱེས་བུ་ལྟ་བུ་དང་། མཁས་པ་མཁས་པའི་ཁྲོད་ན་མཛེས་ཟེར་བ་སྣང་བཞིན་དུ་ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད་པ་ལྟ་བུ། ཐོས་པ་ནི་དེ་འདྲའི་ཕན་ཡོན་ཆེ་བར་ཤེས་ནས་ཐོས་བསམ་ལ་འཇུག་པར་བྱ། དེ་ཡང་༼ ཚོམས་ལས། ༽ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང༌། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར།།ཞེས་གསུངས་པ་ལྟར། མུན་ནག་ཁང་པ་ཞིག་གི་ནང་དུ་ཉེར་མཁོའི་ཅ་ལག་མང་པོ་ཡོད་པར་མིག་བགྲད་ནས་བལྟས་ཀྱང་ཅི་ཡང་མི་མཐོང་བ་བཞིན། ཤེས་རབ་ཀྱི་མིག་དང་ལྡན་ཡང་ཐོས་པའི་སྒྲོན་མེ་མེད་ན་བླང་དོར་གྱི་གནད་གང་ཡང་མི་ཤེས་ལ། མུན་པ་དེའི་ནང་དུ་མར་མེ་སྦར་ན་རང་གི་མིག་ཡོད་པ་དེས་ཅ་ལག་གང་ཡོད་གསལ་ཏིང་ངེ་མཐོང་བ་ལྟར་ཐོས་པའི་སྒྲོན་མེ་ལ་བརྟེན་ནས་ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་བཞིན་ཡིན། དེ་ལྟར་ཤེས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསག་པར་བྱ།

གསུམ་པ་ཟུང་བཞི་ཡ་བརྒྱད་ལ་བསླབ་པ་ལས་ཟུང་དང་པོ་ལ་དཀར་ནག་གཉིས་ཡོད་པའི་ནག་པོ་ནི། རང་ལ་ཕན་འདོགས་པའི་བླ་མ་དང་། སྐྱེས་བུ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་དང་། མཁན་སློབ་ལ་སོགས་པའི་མཆོད་འོས་བསླུ་བ་ནག་པོའི་ཆོས་ཡིན། དེ་ལ་བསླུ་བ་ཞེས་བྱ་བ་ནི། བླ་མ་ལ་སོགས་པའི་མཆོད་འོས་དེ་དག་ལ་ལུས་ངག་གི་རྫུན་ཕྲ་རགས་ཅི་རིགས་པས་མགོ་སྐོར་གཏོང་བ་ལ་ཟེར་བ་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽ཟུང་དང་པོ་བླ་མ་དང་། སྦྱིན་གནས་དང་། མཆོད་འོས་བསླུ་བ་ནག་པོའི་ཆོས་ཡིན། བསླུ་བ་ཞེས་བྱ་བ་དེ་དག་ལ་རྫུན་གྱིས་མགོ་བསྐོར་གཏོང་བ་ལ་ཟེར། དེའི་གཉེན་པོར་ཤེས་བཞིན་གྱི་རྫུན་སྨྲ་བ་མཐའ་དག་སྤངས་པ་ཡིན། ཞེས་གསུངས་བའི་ཕྱིར།  
ཟུང་གཉིས་པ་ལ་དཀར་ནག་གཉིས་ལས་ནག་པོ་ནི། གཞན་འགྱོད་པ་སྐྱེ་བའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དེ་ནག་པོའི་ཆོས་ཡིན། འགྱོད་པ་བྱ་དགོས་པའི་གནས་སྡིག་པ་བྱས་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང་འགྱོད་པ་བྱ་བའི་གནས་མ་ཡིན་པ་དགེ་བ་བྱས་པ་ལ་འགྱོད་པ་བསྐྱེད་པའི་ཐབས་བྱས་ན་གང་ཟག་དེ་སྔར་རང་གིས་དགེ་བ་བྱས་པ་ལ་འགྱོད་རུང་མ་འགྱོད་རུང་ནག་པོའི་ཆོས་ཡིན། འགྱོདཔའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་ནག་པོའི་ཆོས་དེའི་གཉེན་པོར་དཀར་པོའི་ཆོས་བསྟེན་པ་ནི། ཐམབས་གང་ལ་གང་འདུལ་གྱི་སྒོ་ནས་སེམས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་ལ་རྒྱུད་སྨིན་པར་བྱེད་པ་ནི་དཀར་པོའི་ཆོས་ཡིན་ཏེ། ༼ ལམ་རིམ་བདུད་རྩིས་ཉིང་ཁུ་ལས། ༽ཟུང་གཉིས་པ་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་ནག་པོའི་ཆོས་ཟེར། འགྱོད་པའི་གནས་སྡིག་པ་བྱས་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང་། གནས་མ་ཡིན་པ་དགེ་བ་བྱས་པ་ལ་འགྱོད་པ་བསྐྱེད་པའི་ཐབས་བྱས་ན། དེ་འགྱོད་རུང་མ་འགྱོད་རུང་ནག་པོའི་ཆོས་ཡིན། ཞེས་པ་ནས། དེའི་གཉེན་པོར་སེམས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་ལ་སྨིན་པར་བྱ་བ། དཀར་པོའི་ཆོས་ལ་བསླབ་སྟེ། ཞེས་གསུངས་སོ།།
ཟུང་གསུམ་པ་ལ་དཀར་ནག་གཉིས་ཡོད་པ་ལས་དང་པོ་ནི། བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་གང་ཟག་བྱང་སེམས་ལ་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནག་པོའི་ཆོས་ཟེར། དེ་ལས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནི་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་དེ་ཡིན། དེའི་གཉེན་པོར་དཀར་པོའི་ཆོས་བསྟེན་པ་ནི། སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྒོམ་པ་ལ་བསླབ་པ་དེ་དཀར་པོའི་ཆོས་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽ད་ནི་ཟུང་གསུམ་པ་ལ་སློབ་སྟེ། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནག་པོའི་ཆོས་ཟེར། ཚིགས་བཅད་མ་ཡིན་པ་ནི་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་བསྐྱེད་སྐྱེས་རུང་མ་སྐྱེས་རུང་ཉམས་རུང་མ་ཉམས་རུང་འདྲ། སེམས་བསྐྱེད་བླངས་སོ་ཟེར་བ་ཚུད་ཆོད་སྨད་དུ་མི་རུང་། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྒོམ་པ་ལ་བསླབ་པ་དཀར་པོའི་ཆོས་ཡིན། ཞེས་གསུངས་ཕྱིར།
ཟུང་བཞི་བ་ལ་དཀར་ནག་གཉིས་ལས་དང་པོ་ནི། སེམས་ཅན་གང་ཡང་རུང་ལ་གཡོ་སྒྱུ་བྱས་ཏེ་སེམས་འཁྱོགས་པོའི་ཀུན་དུ་སྤྱོད་པ་དེ་ལ་ནག་པོའི་ཆོས་ཟེར། དེའི་གཉེན་པོར་དཀར་པོའི་ཆོས་བསྟེན་པ་ནི། སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་མེད་པར་ལྷག་པའི་སྒོ་ནས་དྲང་པོ་ཁོ་ན་བྱེད་པ་དེ་ཡིན་ཏེ། ༼ ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ༽ཟུང་བཞི་པ་སེམས་ཅན་ལ་གཡོ་སྒྱུས་ཀུན་དུ་སྤྱོད་པ་ནག་པོའི་ཆོས་ཟེར། ཞེས་པ་ནས། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་ལྷག་པའི་བསམ་པས་གནས་པ་དཀར་པོའི་ཆོས་ཡིན། ཞེས་གསུངས་བའི་ཤེས་སོ།།

བཞི་བ་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་བསླབ་པ་ལ་གཉིས་ལས་དང་པོ་ཕར་ཕྱིན་དྲུག་ལ་བསླབ་པ། དེ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕར་ཕྱིན་ལ་བསླབ་པ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་མཚན་ཉིད་ནི། སྦྱིན་བྱ་རིགས་པ་ཡོངས་སུ་གཏོང་བའི་ཆོས་བཞི་ལྡན་དེ་ཡིན་ཏེ།༼ མདོ་སྡེ་རྒྱན་ལས། ༽སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཞེས་གསུངས་བའི་ཕྱིར། གཉིས་པ་དབྱེ་བ་ནི། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་སྦྱིན་པ་གསུམ་ཡོད་དེ། རྒྱན་ལས། ཆོས་དང་ཟང་ཟིང་མི་འཇིགས་གཏོང་།། ཞེས་གསུངས་སོ།།  
གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས་དང་པོ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་བློ་ཆོས་བཞི་ལྡན་དེ་ཡིན་ཏེ། ༼ མདོ་སྡེ་རྒྱན་ལས། ༽ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། གསུངས་བའི་ཕྱིར། གཉིས་པ་དེ་ལ་དབྱེ་ན། སོར་ཐར་གྱི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པ་དང་གསུམ་ཡོད་དེ། རྒྱན་ལས། བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ།། ཞེས་གསུངས་བའི་ཕྱིར།
གསུམ་པ་བཟོད་པའི་ཕར་ཕྱིན་ལ་བསླབ་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས་དང་པོ་ནི། མི་འཁྲུགས་པའི་ཆོས་བཞི་ལྡན་དེ་ཡིན་ཏེ།༼ མདོ་སྡེ་རྒྱན་ལས། ༽བཟོད་པ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཞེས་གསུངས་བའི་ཕྱིར།
བཞི་བ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། དགེ་བ་ལ་སྤྲོ་བའི་བློ་ཆོས་བཞི་ལྡན་དེ་ཡིན་ཏེ། ༼ མདོ་སྡེ་རྒྱན་ལས། ༽བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཞེས་གསུངས་བའི་ཕྱིར།གཉིས་པ་དབྱེ་བ་ནི། ཐེག་བསྡུས་ལྟར་ན་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། མི་ཞུམ་ཞིང་མི་འཁྲུགས་ལ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་མོ།།
ལྔ་བ་བསམ་གཏན་གྱི་ཕར་ཕྱིན་ལ་བསླབ་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས་དང་པོ་ནི། སེམས་རྩེ་གཅིག་པའི་ཆོས་བཞི་ལྡན་དེ་ཡིན་ཏེ། ༼ མདོ་རྒྱན་ལས། ༽བསམ་གཏན་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཞེས་གསུངས་བའི་ཕྱིར།
དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་བསླབ་པ་ལ་གཉིས་ལས་དང་པོ་མཚན་ཉིད་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན་དེ་ཡིན་ཏེ། ༼ མདོ་སྡེ་རྒྱན་ལས། ༽ཤེས་རབ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཞེས་གསུངས་བའི་ཕྱིར། གཉིས་པ་དེ་དབྱེ་ན། ཐོས་བསམ་སྒོམ་གསུམ་མོ།། དེ་ལྟར་འཐད་དེ་༼ མདོ་སྡེ་རྒྱན་ལས། དེ༽་དག་ལ་ཡོད་དེ་རྣམ་གསུམ་ཞེ་གསུངས་བ་དང་།  ཡང་ན་དགོང་འགྲེལ་དུ། ཀུན་རྫོབ་ཤེས་པ། དོན་དམ་ཤེས་པ། སེམས་ཅན་གྱི་དོན་ལ་དམིགས་པ་དང་གསུམ་དུ་བཤད་དོ།།

གཉིས་པ་བསྡུ་བའི་དངོས་པོ་བཞི་ལ་བསླབ་པ་ལ་བཞི་ལས་དང་པོ་མཁོ་བ་སྦྱིན་པ་ནི། གདུལ་བྱ་རང་ལ་དགའ་ནས་ཆོས་སྟོན་པའི་སྡོད་དུ་གྱུར་ཏེ་ཆོས་ཉན་ཅིང་འཛིན་དུ་འཇུག་པའི་ཆེད་དུ་དམིགས་ནས་གཏོང་སེམས་ཀྱི་སྒོ་ནས། ཟང་ཟིང་གི་དངོས་པོ་གང་དགོས་སྦྱིན་པ་དེ་ཡིན་ཏེ། སྦྱིན་པ་འདིས་ནི་གདུལ་བྱ་རྣམས་ཆོས་འཆད་པ་བོར་རང་ལ་དགའ་ནས་རང་གིས་བཤད་པའི་ཆོས་དེ་ཉན་པར་འདོད་ནས་ཆོས་ཉན་པའི་སྣོད་རུང་དུ་བྱེད་པ་ཡིན་ནོ།།
གཉིས་པ་སྙན་པར་སྨྲ་བ་གཉིས་ལས། དང་པོ་འཇིག་རྟེན་པའི་ཚུལ་གྱིས་སྙན་པར་སྨྲ་བ་ནི། ཁོང་ཁྲོ་མེད་ཅིང་བཞིན་མདངས་གསལ་ཞིང་འཛུམ་པ་སྔོན་དུ་བཏང་སྟེ། ཁམས་འདྲི་ལ་སོགས་པས་འཇིག་རྟེན་གྱི་ཚུལ་གྱིས་གདུལ་བྱའི་སེམས་དགའ་བར་བྱེད་པའོ།། གཉིས་པ་ནི། ཡང་དག་པའི་ཆོས་བསྟན་པའི་ཕྱིར་སྙན་པར་སྨྲ་བ་ནི། དད་པ་དང་ཚུལ་ཁྲིམས་དང་ཕར་ཕྱིམ་དྲུག་ལ་སོགས་པ་ལུང་རྟོགས་ཀྱི་ཆོས་རྣམས་གཞན་ལ་ཚུལ་བཞིན་དུ་འཆད་པ་དེ་ཡིན་ནོ།།
གསུམ་པ་དོན་སྤྱོད་པ་པ་ནི། གདུལ་བྱ་ལ་ཁོ་རང་གི་ཚེ་འདིི་དང་ཕྱི་མ་སངས་རྒྱས་ཀྱི་གོ་འཕངས་མ་ཐོབ་པའི་བར་དུ་ཕན་བདེ་ཅི་རིགས་པ་སྒྲུབ་པའི་ལམ་ཉམས་སུ་ལེན་པ་དང་ཐབས་སྒྲུབ་ཏུ་འཇུག་པ་དེ་ཡིན་ནོ།།
བཞི་བ་དོན་མཐུན་པ་ནི། གདུལ་བྱ་གཞན་ལ་དད་པ་དང་བྱང་ཆུབ་ཀྱི་སེམས་དང་ཕར་ཕྱིན་དྲུགས་ལ་སོགས་པ་གང་ཉམས་སུ་ལེན་དུ་བཅུག་པ་དེ་ལ་རང་ཡང་གནས་ནས་ཉམས་སུ་ལེན་པར་བྱེད་དེ་ཡིན་ནོ།།

གཉིས་པ་དགག་བྱའི་བསླབ་བྱ་ནི། སྤང་བྱ་མི་མཐུན་ཕྱོགས་ལ་མི་འཇུག་པ་སྟེ། རྩ་ལྟུང་བཅོ་བརྒྱད་དང་སྨོན་འཇུག་གི་རྩ་ལྟུང་གཉིས་ལས། དང་པོ་ནི། ༼ ནམ་མཁའི་སྙིང་པོའི་མདོ་ལས། ༽རྩ་ལྟུང་བཅོ་བརྒྱད་གསུང་པ་བསླབ་བཏུས་སུ་ཚིགས་བཅད་དུ་བསྡུས་པ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ།། ཕས་ཕམ་པ་ཡི་ལྟུང་བར་འདོད།། དམ་པའི་ཆོས་ནི་སྤོང་བྱེད་པ།།གཉིས་པར་ཐུབ་པའི་གསུངབ་ཡིན།། ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ།། ངུར་སྨྲིག་འཕྲོག་དང་བརྡེག་པ་དང་།། བརྩོན་རར་འཇུག་པར་བྱེད་པ་དང་།། རབ་ཏུ་བྱུང་ལས་འབེབས་པ་དང་།། སྲོག་དང་འབྲལ་བྱེད་གསུམ་པ་ཡིན།། མཚམས་མེད་ལྔ་པོ་བྱེད་དང་།། ལོག་པར་ལྟ་བ་འཛིན་པ་དང་།། གྲོང་ལ་སོགས་པར་འཇུག་པ་ཡང་།། རྩ་བའི་ལྟུང་བར་ཐུབ་པས་གསུངས།། བློ་སྦྱོང་མ་བྱས་སེམས་ཅན་ལ།། སྟོང་བ་ཉིད་ནི་བརྗོད་པ་དང་།། སངས་རྒྱས་ཉིད་ལ་ཞུགས་པ་རྣམས།། རྫོགས་པའི་བཡང་ཆུབ་བཟློག་པ་དང་།། སོ་སོར་ཐར་བ་ཡོངས་སྤང་ནས།། ཐེག་པ་ཆེ་ལ་སྦྱར་བ་དང་།། སློབ་པའི་ཐེག་པས་ཆགས་ལ་སོགས།། སྤོང་བར་འགྱུར་བ་མིན་ཞེས་འཛིན།། ཕ་རོལ་དག་ཀྱང་འཛིན་འཇུག་དང་།། རང་གི་ཡོན་ཏན་བརྗོད་པ་དང་།། རྙེད་པ་དང་ནི་བཀུར་སྟི་དང་།། ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་།། བདག་ནི་ཟབ་མོ་བཟོད་པའོ་ཞེས།། ལོག་པ་ཉིད་ནི་སྨྲ་བ་དང་།། དགེ་སྦྱོང་ཆད་པས་གཅོད་འཇུག་དང་།། དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་།། སྦྱིན་པ་ལེན་པར་བྱེད་པ་དང་།། ཞི་གནས་འདོར་བར་བྱེད་པ་དང་།། ཡང་དག་འཇོག་གི་ལོངས་སྤྱོད་རྣམས།། ཁ་ཏོན་བྱེད་པ་སྦྱིན་པ་དང་།།  འདི་དག་རྩ་བའི་ལྟུང་བ་སྟེ།། སེམས་ཅན་དམྱལ་བར་ཆེན་པོའི་རྒྱུ།། རྨི་ལམ་འཕགས་པ་ནམ་སྙིང་པོའི།། མདུན་དུ་འདུག་སྟེ་བཤགས་པར་བྱ།།  ཞེས་རིམ་པར་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ། དམངས་ཕལ་བ་ལ་འབྱུང་ཉེ་བ་བརྒྱད་བཅས་བཅོ་བརྒྱད་བཤགས་ཐབས་དང་བཅས་བསྟན་ཏོ།། གཉིས་པ་ནི། ༼ གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། ༽རིགས་ཀྱི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ་ཞེས་ཐེག་དམན་དུ་སེམས་བསྐྱེད་ནས་སེམས་ཅན་བློས་བཏང་བ་སྨོན་སེམས་ཀྱི་རྩ་ལྟུང་དང་། ༼ དཀོན་མཆོག་བརྩེགས་པ་ལས་གསུངས་བའི། ༽ འཇུག་པའི་བསླབ་བྱ་ཉམས་པའི་རྩ་ལྟུང་སྟེ་གཉིས་སོ།།

དྲུག་པ་ཕན་ཡོན་བསླབ་པ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དངོས་དང་དེ་ལྡན་པའི་གང་ཟག་ལ་བསྔགས་པ་གཉིས་སོ།། དང་པོ་ལ་བཞི་སྟེ། རང་གི་དོན་ཐམས་ཅད་སྒྲུབ་པའི་ཕན་ཡོན་དང་། གཞན་གྱི་དོན་ཐམས་ཅད་སྒྲུབ་པའི་ཕན་ཡོན་དང་། ཉེས་པ་ཐམས་ཅད་སེལ་བའི་ཕན་ཡོན་དང་། ཡོན་ཏན་ཐམས་ཅད་ཐོབ་པའི་ཕན་ཡོན་དང་བཞི་ལས་དང་པོ་ནི། རང་གི་དོན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་སྒྲུབ་ནུས་པའི་ཕན་ཡོན་ནི། ༼ མདོ་ལས། ༽བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་ས་བོན་ལྟ་བུའོ།། ཞེས་བྱང་ཆུབ་སེམས་ཀྱི་རྒྱུ་ལས་ཐེག་ཆེན་ཚོགས་ལམ་ནས་བཟུང་སྟེ་སངས་རྒྱས་ཀྱི་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་མཐའ་དག་ཐོབ་པས་ན་སོ་བོན་ལྟ་བུ་ཡིན་པར་གསུངས་སོ།། དེ་ཡང་༼ སློབ་སྤྲིང་ལས། ༽གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཞིང་། ། བྱང་ཆུབ་མཆོག་གི་ས་བོན་དགེ་བ་འདེབས་འགྱུར་བ། །ཡིད་བཞིན་ ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི།། མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད།། ཅེས་གང་ཞིག་ཡོན་ཏན་ཐམས་ཅད་ཐོབ་ནས་མཐར་ཕྱིན་ཞིང་བྱང་ཆུབ་ཀྱི་སེམས་དགེ་བ་ཐམས་ཅད་སོས་འདེབས་པར་འགྱུར་བའི་ཡིད་བཞིན་གྱི་ནོར་བུ་བས་ཀྱང་ལྷག་པ་ལ་མི་སུ་ཞིག་གིས་འབྲས་བུ་མེད་པར་བྱེད་མི་བརྩོན་ཞེས་གསུངས་སོ། ༼རྫ་དཔལ་སྤྲུལ་གྱི་ཞལ་ནས། ༽ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་པ།། མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ།། སངས་རྒྱས་ཀུན་གྱི་ས་བོན་མ་ནོར་བ།། ཀུན་མཁྱེན་བྱང་ཆུབ་སེམས་ལ་ནན་ཏན་མཛོད།། ཞེས་གསུངས་སོ།།
གཉིས་པ་ནི། གཞན་གྱི་དོན་ཐམས་ཅད་སྒྲུབ་ནུས་པའི་ཕན་ཡོན་ནི། ༼ མདོ་ལས། ༽འགྲོ་བ་རྣམས་ཆོས་དཀར་བོ་འཕེལ་བའི་ཞིང་ས་ལྟ་བུ་ཡིན་ནོ།། ཞེས་བྱང་ཆུབ་ཀྱི་སེམས་ཀྱི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ལ་གནས་དང་མཐར་ཐུག་གི་ཐར་བའི་རྒྱུ་དཀར་བོ་དགེ་བའི་ལམ་ཐམས་ཅད་བསྐྱེད་པར་བྱེད་པས་ན། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་རྣམས་ཀྱི་ཆོས་དཀར་པོ་འབྱུང་ཞིང་འཕེལ་བའི་གནས་ཡིན་པས་ན་ཞིང་ས་ལྟ་བུ་ཡིན་པར་གསུངས་སོ།། དེ་ཡང་བསྐལ་བ་དུ་མར་སངས་རྒྱས་རྣམས་ཀྱིས་སེམས་ཀྱི་དོན་མཛད་པ་ལ་རབ་ཏུ་དགོངས་ནས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཕན་པར་གཟིགས་པ་དང་ཚད་མེད་པའི་སྐྱེས་བོའི་ཚོགས་རྣམས་ཀྱང་བདེ་བའི་མཆོག་རྫོགས་སངས་རྒྱས་ཀྱི་གོ་འཕངས་བདེ་བླག་ཏུ་ཐོབ་པར་གསུངས་ཏེ། ༼ སྤྱོད་འཇུག་ལས། ༽བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི།། ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།། འདི་ནི་ཚད་མེད་སྐྱེས་བོའི་ཚོགས་རྣམས་ཀྱིས།། བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།། ཞེས་གསུངས་སོ།། དགེ་བ་གཞན་བྱང་ཆུབ་ཀྱི་སེམས་ཀྱི་མ་ཟིན་པ་ནི་ཆུ་ཞིང་བཞིན་དུ་འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་ཟིན་པའི་དགེ་བ་ནི་ལྗོན་ཤིང་བཞིན་དུ་རྒྱུན་དུ་འབྲས་བུ་འབྱིན་པར་བྱེད་པས་མི་ཟད་ཀྱང་འཕེལ་བར་འགྱུར་ཏེ། ༼ དཀོན་མཆོག་གི་ཟ་མ་ཏོག་ལས། ༽འཇམ་དཔལ། འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིའི་བཟུང་ནས་རྣམ་པར་འཕེལ་བའོ།། འཇལ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་བཟུང་ཞིང་ཐམས་བཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་གསུངས་སོ།། ཡང་༼ སྤྱོད་འཇུག་ལས།༽དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།། འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར།། ཅེས་གསུངས་བའི་ཕྱིར་རོ།།
གསུམ་པ་ཉེས་པ་ཐམས་ཅད་སེལ་བའི་ཕན་ཡོན་ནི། ༼ མདོ་ལས།༽ཉེས་པར་སྤྱོད་པ་ཐམས་ཅད་ཟད་པས་སའི་འོག་ལྟ་བུའོ།། ཞེས་ལུས་ངག་ཡིད་གསུམ་གྱི་ཉེས་པར་སྤྱོད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟད་པར་བྱེད་པས་ན་མི་གཙང་བ་དང་གོས་སོགས་རུལ་དང་ཡང་ན་ཟད་པར་བྱེད་པའི་སའི་འོག་དང་འདྲ་བར་གསུངས་བ་དང་། ༼སྡོང་པོ་བཀོད་པ་ལས།༽ཉེས་པར་སྤྱོད་པ་ཐམས་ཅད་སྲེག་པའི་བསྐལ་བའི་མེ་ལྟ་བུའོ།། ཞེ་གསུངས་སོ།། ཡང་༼ བློ་གྲོས་མི་ཟད་བསྟན་པའི་མདོ་ལས།༽ རིགས་ཀྱི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི་དགྲ་བོ་ཐམས་ཀྱིས་མི་འཇིགས་པའོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ཡང་དག་པར་བསྟེན་པའི་བྱང་ཆུབ་ཀྱི་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་ཐམས་ཀྱིས་མི་འཇིགས་པ་འོ།། ཞེ་གསུངས་སོ།། ༼ སྤྱོད་འཇུག་ལས།༽སྡིག་པ་ཤུན་དུ་མི་ཟད་བྱས་ན་ཡང་།། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།། གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན།། ཞེས་དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་སྡིག་པ་ཤིན་དུ་མི་བཟད་བྱས་ན་ཡང་། སྐྱེས་ལམ་དཔའ་བོ་བརྟེན་ནས་དགྲའི་འཇིགས་པ་ཆེན་པོ་ལས་གྲོལ་བ་ལྟར་གང་ལ་བརྟེན་ནས་སྡིག་ཆེན་དེའི་རྣམ་སྨིན་ལས་ཡུད་ཙམ་དགྲོལ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་ཕྱི་མི་བསྟེན་པར་བྱའོ།། ཞེས་གསུངས་སོ།།  དེ་ཡང་༼ སྤྱོད་འཇུག་ལས། ༽དེ་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།། སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད།། ཅེས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཀྱང་ཡུན་རིང་པོར་འདག་མི་ནུས་པའི་མཚམས་མེད་པའི་ལས་ལྟ་བུའི་སྡིག་པ་ཆེན་པོ་རྣམས་ཀྱང་། དུས་མཐའི་མེས་ནང་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལྷག་མེད་དུ་སྲེག་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་སྐད་ཅིག་ལ་འཇོམས་སོ།
བཞི་བ་ཡོན་ཏན་ཐམས་ཅད་ཐོབ་པའི་ཕན་ཡོན་ནི། ༼མདོ་ལས།༽ཡོན་ཏན་ཐམས་ཅད་འདུ་བའི་རྒྱ་མཚོ་ཆེན་པོ་ལྟ་བུའོ།། ཞེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་རྒྱལ་སྲས་ཀྱི་མིང་ཐོབ་པར་འགྱུར་བ་དང་། བདེ་ནས་བདེ་བར་འགྲོ་བ་སོགས་དང་། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་ཐམས་ཅད་འབྱུང་བས་ན་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་མཐའ་དག་ཚུར་འདུ་བའི་གཞི་ཡིན་པས་ན་ཆུ་ཕྲན་མ་ལུས་པ་འདུ་བའི་རྒྱ་མཚོ་ཆེན་པོ་དང་འདྲ་བར་གསུངས་བ་དང་། ༼ སྡོང་བོ་བཀོད་པ་ལས།༽རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་རོ།། རིགས་ཀྱི་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་རྒྱལ་གྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་བཟློག་གོ།། ཞེས་གསུངས་སོ།།  ཡང་༼ སྡོང་བོ་བཀོད་པ་ལས།༽ དངུལ་ཆུའི་རིགས་གསེར་དུ་སྣང་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་སྒྱུར་ནུས་པ་དཔེར་མཛད་ནས། དེ་བཞིན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་བའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ་ཟད་པར་བྱ་མི་ནུས་སོ།། ཞེས་གསུངས་བ་དང་། བྱང་ཆུབ་སེམས་ཀྱི་བསོད་ནམས་ལ་གལ་ཏེ་གཟིགས་མཆིས་ན་ནམ་མཁའི་ཁམས་ཀུན་གང་སྟེ་དེ་བས་ཀྱང་ལྷག་པར་འགྱུར་ཏེ། ༼ དཔལ་བྱིན་གྱི་ཞུས་པ་ལས། ༽བྱང་ཆུབ་སེམས་ཀྱི་བསོད་ནམས་ཀུན།། གལ་ཏེ་དེ་ལ་གཟིགས་མཆིས་ན།། ནམ་མཁའི་ཁམས་ནི་ཀུན་གང་སྟེ།། དེ་བས་ཀྱང་ནི་ལྷག་པར་འགྱུར།། ཞེས་གསུངས་སོ།། སེམས་ཅན་ལ་ཕན་པར་བསམ་པས་ཀྱང་སངས་རྒྱས་ལ་མཆོད་པ་ལས་ཁྱད་པར་དུ་འཕགས་པར་འགྱུར་ཏེ། ༼ ཏེང་འཛིན་གྱི་རྒྱལ་པོ་ལས། ༽བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན།། མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ།། སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས།། བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད།།  ཞེས་གསུངས་བ་དང་། ༼ རིན་ཆེན་ཕྲེང་བར། ༽སྐྱེས་བུ་གང་ཞིག་བྱང་ཆུབ་སེམས།། སྐད་ཅིག་ཙམ་ནི་སྒོམ་བྱེད་ན།། དེ་ཡི་བསོད་ནམས་ཕུང་པོ་འདི།། རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད།། ཞེས་བྱང་ཆུབ་ཀྱི་སེམས་སྒོམ་པའི་བསོད་ནམས་བགྲང་གིས་མི་ལངས་སོ།།   མདོར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོན་ཏན་ཅི་ཙམ་ཡོད་པ་བྱང་ཆུབ་ཀྱི་སེམས་ལའང་ཡོད་དེ། ༼ ལམ་རིམ་བདུད་རྩིས་ཉིང་ཁུ་ལས། ༽མདོར་ན་རྣམ་པ་ཐམས་མཁྱེན་པ་ཉིད་ལ་ཡོན་ཏན་ཇི་ཙམ་ཡོད་པ། བྱང་ཆུབ་ཀྱི་སེམས་ལའང་ཡོད་པ་ཡིན། སངས་རྒྱས་ལ་ཇི་ཙམ་རི་བ་འདི་ལ་རི་སྙམ་དུ། བྱང་ཆུབ་ཀྱི་སེམས་ལ་སྤྲོ་སིང་ངེ་བ་བསྐྱེད་ལ། སླར་ཡང་བྱང་ཆུབ་ཀྱི་སེམས་སྔར་བཞིན་བསྒོམ། ཞེས་གསུངས་བའི་ཕྱིར།

    གཉིས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་ལ་བསྔགས་པ་ནི། རིགས་ཀྱི་བུ་དང་བུ་མོ་གང་ཞིག་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེ་ལ་ཡིད་རབ་ཏུ་དང་བར་བྱེད་ན་དེ་ཡི་བསོད་ནམས་ཀྱི་འབྲས་བུ་དཔག་ཏུ་མེད་དེ་༼ ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས། ༽འཇལ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་མིག་གྱུར་འགྱུར་ལ། ཡོངས་སུ་བརྟག་པ་བཟུང་བ་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་སེམས་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དེ་དག་གི་མིག་བསྐྱེད་པར་བྱེད་པ་བས། འཇལ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱི་བལྟ་ན། འདི་ནི་དེ་བས་བསོན་ནམས་ཆེས་གྲངས་མེད་པ་བསྐྱེད་དོ།། ཞེས་གསུངས་སོ།། གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་བྱང་ཆུབ་ཀྱི་གྲུབ་པ་དེའི་ཚེ་གསང་སྔགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་ལ་ཞུགས་པ་དང་ཕྱག་རྒྱ་ཆེན་པོ་དང་གསང་སྔགས་བསྟན་པའི་སྣོད་དུ་འགྱུར་ཏེ།༼ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང་། ༽བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང་གསང་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་དུ་དཀོན་པ་ཞི་སྨྲས་ཏེ། འདི་ནི་སེམས་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་བ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དང་དེ་དག་ཡེ་ཤེས་ཆེན་པོ་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་བཞུག་པར་བྱ་ཡི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་བ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་བལྟ་མི་གཞུག་གོོ།། དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཡང་བསྟན་པར་མི་བྱའོ།།  ༼ དཀོན་མཆོག་བརྩེགས་པ་ལས། ༽དཔེར་ན་ས་བདག་རྒྱལ་བོ་ཆེན་པོ་ལ།། མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་པ།། གཞོན་ནུ་དེ་ནི་བཙས་པ་མཐོང་མ་ཐག། གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུ།། དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག། མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི།། ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང་།། དད་པའི་སེམས་ཀྱིས་ཤིན་ཏུ་གཅེས་པར་འཛིན།། ཞེས་གསུངས་པ་ལྟར་གང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་དེ་ཉིད་སྐྱེས་པ་དེ་ཡི་སྐུ་ལ་འགྲོ་བ་ལྷ་དང་བཅས་པས་ཕྱག་འཚལ་ཞིང་རྗེས་སུ་ཡུ་རང་བ་ལེགས་སོ།། རང་རྒྱུད་ལ་རིན་ཆེན་བྱང་ཆུབ་ཀྱི་སེམས་སྐྱེས་པར་འགྱུར་བའི་སྐད་ཅིག་མ་དེ་ནས་བཟུང་གང་ཟག་དེ་འཁོར་བའི་བཙོན་རར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་པའི་ཉམས་ཐག་པའི་སེམས་ཅན་ཡིན་ཡང་མིང་གནས་འགྱུར་ཏེ་བདེ་གཤེགས་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་མིང་གི་ཅོད་པཎ་གསོལ་ཞིང་། དོན་གནས་འགྱུར་ཏེ་འཇིག་རྟེན་ལྷ་དང་མིར་བཅས་པས་ཕྱག་མཆོད་དང་བཀུར་སྟིས་གནས་སུ་འགྱུར་ཏེ། ༼ སྤྱོད་འཇུག་ལས། ༽བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།། འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས།། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་།། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར།། ཞེས་གསུངས་སོ།། དེ་འདྲའི་རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ནི་གནོན་པ་བྱས་ཀྱང་བདེ་འབྲེལ་བ་ཡིན་ཏེ། ༼ སྤྱོད་འཇུག་ལས། ༽གང་ལ་གནོན་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་གསུངས་སོ།།

བདུན་པ་ཉེས་དམིགས་ལ་བསླབ་པ་ནི། ༼ བློ་གྲོས་རྒྱ་མཚོའི་མདོར། ༽བློ་གྲོས་རྒྱ་མཚོ། བྱང་སེམས་པས་སེམས་ཅན་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་འབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་ཕྱུང་བ་མང་དུ་ཐོས་པ་དང་དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་བྱང་སེམས་དེ་ནི་ཇི་སྐད་སྨས་པ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་བ་ཡིན་ནོ།། དེ་ལྟ་བུ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོག་འཕྱས་བྱེད་ལ་རྣམ་པར་སྨོད་དོ།། ཞེས་གསུངས་བ་དང་། ༼ སྡུད་པར། ༽སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། ཞེས་དང་། ༼ དྲན་པ་ཉེར་བཞག་ཏུ།༽ཅུང་ཟད་གཅིག་བསམས་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེའོ།། དམ་བཅས་པ་ལས་མ་བྱིན་ན་དམྱལ་བར་འགྲོའོ།། ཞེས་གསུངས་བ་ལྟར་སེམས་བསྐྱེད་ཉམས་པའི་ཉེས་དམིགས་ནི་ཕམ་པ་ལས་ཀྱང་ལྕི་བ་དང་དམྱལ་བར་འགྲོ་དགོས་པ་སོགས་ཤེས་པར་བྱའོ།།

རྩ་བའི་ས་བཅད་གཉིས་པ། དོན་དམ་བྱང་ཆུབ་ཀྱི་སེམས་ལ་བསླབ་པ། དོན་དམ་བྱང་ཆུབ་ཀྱི་སེམས་ནི། ༼ སྤྱོད་འཇུག་ས་འགྲེལ་ལས། ༽དོན་དམ་སེམས་བསྐྱེད་ནི། སངས་རྒྱས་ལ་སོགས་པའི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་མན་ངག་གི་ལུང་བླངས་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རིམ་པ་ལྟར་བསགས་པ་ལས། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་སྟེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་རོ། །དེ་ཡང་མཚན་ཉིད་པ་ནི་ས་དང་པོ་རབ་ཏུ་དགའ་བ་ལ་ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དང༌། སེམས་ཅན་ཐམས་ཅད་དེའི་རང་བཞིན་ཅན་ཏུ་མཉམ་པ་ཉིད་དང༌། རང་གཞན་གྱི་སྡུག་བསྔལ་ཐམས་ཅད་སྤང་བར་བྱ་བར་མཉམ་པ་ཉིད་དང༌། སངས་རྒྱས་ཐམས་ཅད་ལ་བདག་ཉིད་དང་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་མཉམ་པ་ཉིད་རྟོགས་པ་ལས་ཐོབ་སྟེ། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་པ་ལྟར་རོ། །

ཐོས་བསམ་མིག་དང་བྲལ་བའི་བླུན་པོ་ངས།།
བྱང་ཆུབ་སེམས་ཀྱི་རྣམ་བཞག་འཆད་པ་ལ།།
མཁས་པའི་མཐོང་ན་ཁྲེལ་དགོད་ཤོར་མོད་ཀྱང་།།
ཆོས་ཀྱི་སྤྱན་ཟུང་ལྡན་པའི་མདུན་སར་བཤགས།།

རང་བཟོས་རྟོག་དཔྱོད་དྲི་མ་རབ་སྤང་སྟེ།།
སློབ་དཔོན་དམ་པའི་ཞལ་ངོ་མ་ལྡོག་ཙམ།།
རང་ལུགས་དམ་པ་གོང་མའི་གསུངས་བཞིན་དུ།།
བྱང་ཆུབ་སེམས་ཀྱི་རྣམ་བཞག་མདོར་བསྡུས་བརྩམས།།

བྱང་ཆུབ་སེམས་ཀྱི་རྣམ་བཞག་རྒྱ་མཚོ་ལས།།
རྩྭ་རྩེའི་ཟིལ་བ་ཙམ་ཞིག་འཆད་པ་འདིས།།
དཔག་ཡས་སེམས་ཅན་ཕར་ཕྱིན་ལེགས་སྤྱོད་དེ།།
འབྲས་བུ་སྐུ་བཞིའི་གོ་འཕངས་མྱུར་ཐོབ་ཤོག།

ཅེས་པ་འདི་ཡང་གྱི་ན་བ་འགྱུར་མེད་རང་བྱུང་གིས་སློབ་སྦྱོང་གི་བར་གསེང་ནས་བརྩམས་པའོ།། 
འདིས་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་པར་གྱུར་ཅིག །། ། སརྦ་མངྒ་ལཾ།

ནང་དོན་ཡོངས་ཁུངས། རྡོ་ལུའི་རྡོ་ཁ་དགོན་བཤད་གྲྭ་མདོ་སྔགས་དར་རྒྱས་གླིང་གི་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།