ཇོ་ནང་སྐུ་འབུམ་མཐོང་གྲོལ་ངོ་སྤྲོད་མདོར་བསྡུས།

༄༅། །ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོའི་ཁྱད་ཆོས་རགས་ཙམ་གླེང་བ།

 རྔ་བ་ཀུན་ཏེ།

       དེ་ཡང་ཇོ་ནང་ཀུན་མཁྱེན་ཆེན་པོ་ས་བཅུའི་དབང་ཕྱུག་རིགས་ལྡན་སྤྲུལ་བའི་སྐུ་ནི་དུས་རབས་བཅུ་གཉིས་པ་ཕྱི་ལོ་༼ 1292༽ཆུ་ཕོ་འབྲུག་གི་ལོར་སྐུ་འཁྲུངས་ཤིང་། བྱང་ཕྱོགས་གངས་རིའི་ཁྲོད་འདིར་འཁོར་ལོ་མཐའ་མའི་དགོངས་པ་འགྲེལ་བ་ལ་རྔ་བོ་ཆེའི་མདོ་དང་གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སོགས་མདོ་རྒྱུད་དུ་མར་ལུང་བསྟན་པའི་སེམས་དཔའ་ཆེན་པོ་རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་བོ་གང་ཉིད་ཀྱིས་གཞན་སྟོང་དབུ་མ་ཆེན་པོ་དང་། རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་སོགས་རྒྱ་གར་པཎ་གྲུབ་ཀྱི་དགོངས་པ་ཇི་བཞིན་བོད་ཡུལ་མུན་པའི་གླིང་འདིར་ཆེས་ཆེར་བཀྲལ་བའི། མདོ་སྔགས་ཀྱི་རྡོ་རྗེའི་ཚིག་གི་མདུད་པ་གྲོལ་བའི། རི་ཆོས་ངེས་དོན་རྒྱ་མཚོ་ལ་སོགས་གསུང་གསེར་ནག་གི་ཐིགས་པ་འདྲ་བའི་བསྟན་བཅོས་མང་དུ་མཛད་དེ་ཐུབ་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དབུས་གཙང་གི་གྲྭ་ས་ཕལ་མོ་ཆེར་གྲྭ་སྐོར་མཛད་དེ་འཇམ་དབྱངས་ཤཱཀ་གཞོན། བཙན་དགོན་པ་བ། དབེན་དགེ་བ་སོགས་རྩོད་པས་བཏུལ་ཏེ། རྩོད་རྒྱལ་དང་ཀུན་མཁྱེན་ཞེས་པའི་མཚན་གྱི་སྙན་པ་ས་གསུམ་དུ་ཁྱབ། གནམ་ལ་ཉི་ཟླ་གཉིས། ས་ལ་བུ་དོལ་གཉིས་ཞེས་ཇོ་ནང་ཀུན་མཁྱེན་ཆེན་པོ་དང་དུས་མཉམ་པའི་མཁས་པ་ཆེན་པོ་བུ་སྟོན་ཐམས་ཅད་པས་ཀྱང་ཀུན་མཁྱེན་ཆེན་པོའི་མཁྱེན་རྒྱ་གསན་ཏེ་ཁོང་ལ་རྩོད་མ་ནུས་ཞེས་གྲགས་པ་ཡང་དོན་ལ་གནས། ཞེས་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐས་གསུངས། མ་ཟད་གོང་མ་ཐོ་གན་ཐི་མུར་གྱིས་༼ ལོ་རྒྱུས་གཞན་པ་འགའ་ན་རྒྱ་ནག་ཏིང་ཀུན་རྒྱལ་བོ་ཟེར་བ་འང་ཡོད། ༽ཁོང་གི་རྣམ་ཐར་གསན་ཏེ་གདན་འདྲེན་དུ་གསེར་ཡིག་པ་མངགས་ཀྱང་། དམ་པའི་ཆོས་ཁོ་ནའི་དོན་དུ་དགོངས་ཏེ། རྟ་མགྲིན་གྱི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་གོང་མའི་གསེར་ཡིག་པ་བཟློག་པའི་རྣམ་ཐར་སོགས་ཆག་ལོའི་དུས་འཁོར་ཆོས་འབྱུང་དུ་གསུངས།   བྱམས་ཆོས་དང་ཁྱད་པར་དུ་བསྟན་བཅོས་ཆེན་པོ་རྒྱུད་བླ་མ་ཡི་དམ་དུ་བྱེད་པ་དབུས་གཙང་ན་མང་དུ་འདུག་པ་ཁོང་གི་དྲིན་ཡིན་པ་དེབ་སྔོན་དུ་གསལ་ལ། འཕྲིན་ལས་ཀྱི་མཇུག་སྐྱོང་བའི་སློབ་མ་ཀུན་སྤངས་ཆོས་གྲགས་དཔལ་དང་། ཕྱོགས་རྒྱལ་བ། ཉ་དབོན་ཀུན་དགའ་དཔལ། ས་བཟང་མ་ཏི་པཎ་ཆེན། མཆིམས་བློ་བཟང་གྲགས་པ། མི་ཉག་རྨ་སེ་སྟོན་པ་སོགས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ་མཁས་གྲུབ་གཉིས་ལྡན་གྱི་བུ་སློབ་བོད་ཡུལ་གྱི་རི་སུལ་ཐམས་ཅད་དུ་བཀང་། དེ་ལྟ་བུའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་བསྐྱངས་ཏེ་མཐར་དགུང་གྲངས་བདུན་ཅུ་སྟེ་ཕྱི་ལོ་༼ 1361༽  ལྕགས་མོ་གླང་གི་ལོ་ལ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན། 
        ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མཛད་ཆེན་དག་ལས་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཇི་ལྟར་བཞེངས་པའི་ཚུལ་ནི། རྔ་བོ་ཆེའི་མདོ་ལས། ཆུ་བོ་རབ་མའི་འགྲམ་དུ་མཆོད་རྟེན་བཞེངས་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། ཀུན་མཁྱེན་ཆེན་པོའི་དགུང་གྲངས་ཞེ་དགུ་༼ ཆག་ལོའི་ཆོས་འབྱུང་དུ་གོ་དགུ་པ་ལ་ཞེས་འབྱུང་ཡང་དེ་ནི་ཡི་གེ་མ་དག་པ་ཡིན༽ ཕྱི་ལོ་༼ 1341༽སྟེ་རབ་བྱུང་དྲུག་པའི་ལྕགས་སྤྲུལ་ལོའི་ཟླ་བ་འབྲིང་བོར་ཇོ་ནང་ནགས་རྒྱལ་གྱི་ཕུ་བཟང་ལྡན་འོག་མར་ཀུན་མཁྱེན་ཆེན་པོ་ཤིང་རྟ་ལ་བཞུགས་ཏེ་བུ་སློབ་དམ་པ་བསོད་ནམས་བཟང་བོས་ཤིང་རྟ་ཁྲིད་ནས། སྲས་ཀྱི་ཐུ་བོར་གྱུར་བ་འཇམ་དབྱངས་བློ་གྲོས་དཔལ། ས་བཟང་པཎྜི་ཏ། ཀུན་སྤང་ཆོས་གྲགས་དཔལ། དཀོན་མཆོག་རྣམ་རྒྱལ། ཞང་སྟོན་ཆོས་རྗེ། ཕུན་ཚོགས་དཔལ། སྨན་ཆུ་ཁ་བ། ཐང་སྟོན་ཆོས་རྗེ། གྷ་རུང་བ་སྐུ་མཆེད། པཎྜི་ཏ་མ་ཎི་ཀ་ཤྲཱི་སོགས་བུ་སློབ་བསམ་གྱིས་མི་ཁྱབ་པ་དང་མཉམ་དུ་ཀུན་མཁྱེན་ཆེན་པོ་དཔལ་དུས་ཀྱི་འཁོར་ལོའི་སྐུར་དངོས་སུ་བཞེངས་ཏེ་སའི་ཆོ་ག་བྱེད་པའི་ཚེ། ནམ་མཁའ་ལ་རོལ་མོའི་སྒྲ་དབྱངས་དང་། འཇའ་གུར་གྱི་བླ་བྲེ་སྣ་ཚོགས་ཀྱིས་བརྒྱན་ཞིང་། སྐུ་འབུམ་ཆེན་མོའི་སྲོག་ཤིང་གི་རྩེ་མོ་ལ་རྣམ་བཅུ་དབང་ལྡན་ལ་སོགས་གཟུངས་སྔགས་སྣ་ཚོགས་དང་འོད་ཟེར་འཕྲོས་པའི་དྲི་བཟང་གིས་བརྒྱན་པ་ཞིག་མཆོད་རྟེན་གང་དུ་བཞེངས་པའི་ས་ཕྱོགས་དེ་ན་མགོ་རྟིང་མ་ནོར་བར་གྱེན་དུ་ཟུག་སྟེ། ནམ་མཁའ་ལ་འཇའ་གུར་གྱི་དབུས་སུ་ཨུ་རྒྱན་པདྨ་ལ་གྲུབ་ཆེན་བརྒྱད་ཀྱིས་སྐོར་ཏེ་བཀྲ་ཤིས་པའི་མཚན་མ་བརྗོད་དེ་མཆོད་རྟེན་གྱི་སྲོག་ཤིང་ཕུལ། ༼ ལུང་རིགས་སྨྲ་བ་ཡོན་ཏན་རྒྱ་མཚོས་མཛད་པའི་ཀུན་མཁྱེན་ཆེན་པོའི་རྣམ་ཐར་གསོལ་འདེབས་སུ་“མཆོད་རྟེན་སྲོག་ཤིང་རྒྱལ་ཆེན་སྡེ་བཞིས་ཕུལ་"ཞེས་གསུངས་ཀྱང་། རྣམ་ཐར་བདེ་ཆེན་གསལ་སྒྲོན་དུ་མཆོད་རྟེན་གྱི་སྲོག་ཤིང་ཨུ་རྒྱན་པདྨས་ཕུལ་བ་དང་། བུམ་པའི་ཀ་ཆེན་རྣམས་རྒྱལ་ཆེན་སྡེ་བཞིས་ཕུལ་བར་གསུངས༽དེ་ལྟ་བུའི་ངོ་མཚར་བའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་ལན་གཅིག་ཙམ་མིན་པར་ཡང་ཡང་བྱུང་། རབ་མྱོས་ཀྱི་ལོ་རྟའི་ཟླ་བ་བཀྲ་ཤིས་ཡར་ངོའི་ཚེས་གསུམ་ལ་སྐུ་འབུམ་འཛམ་གླིང་རྒྱན་གཅིག་མཐོང་གྲོལ་དཔལ་ཡོན་ཅན་གྱི་འོག་གི་རྒྱ་ལ་ཁྲུ་གཉིས་བརྒྱ་བཅོ་ལྔ་ཡོད་པ། རྨངས་ནས་གྷཉྫི་རའི་བར་ལ་དཔངས་ཁྲུ་གཉིས་བརྒྱ་བཅོ་ལྔ་ཡོད་པའི་འགྲམ་བཏིང་། བུ་སློབ་འགའ་རེས་དེ་འདྲ་བ་ཞིག་ཆ་རྐྱེན་སོགས་ཀྱིས་མི་འོང་ཞུས་པས་ཀུན་མཁྱེན་ཆེན་པོས་རྗེ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་དང་ངེད་གཉིས་ནི་སྔར་དགའ་ལྡན་དུ་ཡོད་པའི་དུས་སུ་འཛམ་གླིང་དུ་སེམས་ཅན་གྱི་ཚོགས་རྫོགས་པའི་ཕྱིར་རྟེན་འདི་འདྲ་བཞེངས་པར་དམ་བཅའ་བ་ཡིན་ནོ་ཞེས་གསུང་ཁྱད་པར་ཅན་མང་དུ་གསུངས། མངའ་རིས་ཏི་ཙ་རྒྱལ་པོས། རྟ་བ་གླང་བེར་ཐུལ་མཁར་རྔ་དུང་དཀར་ལ་སོགས་མང་བོ་ཕུལ་བ་དང་། དེ་བཞིན་དུ་ངམ་རིང་རྒྱལ་པོས། ནས་དང་ཇ་འཕྱར་དར་ཟངས་ལྕགས་གསེར་དངུལ་སོགས་ཕུལ་བ་དང་།བདེ་ཆེན་རྒྱལ་པོ་སྟོབས་འཕགས་ཀྱིས། གནག་མཛོད་མཁར་རྔ་ལ་སོགས་ཕུལ་ཞིང་། རྒྱ་ནག་རྒྱལ་པོས། གོས་ཆེན་དར་དཔྱངས་དང་ཇ་གསེར་གྱི་མཎྜལ་སོགས་མང་བོ་ཕུལ་ཏེ་འགྲོ་བ་ལྷ་མི་ཀུན་གྱི་མཆོད་པའི་ཞིང་དུ་སྐུ་འབུམ་ཆེན་མོ་འཛམ་གླིང་རྒྱན་གཅིག་གངས་ཅན་བོད་ཡུལ་འདིར་སྔར་མེད་པའི་རྟེན་ཁྱད་པར་ཅན་ལྷ་ཁང་བརྒྱ་རྩ་བརྒྱད་པ། རྒྱ་དཔངས་མཉམ་པ་ཁྲུ་ཉིས་བརྒྱ་བཅོ་ལྔ་བ། རྒྱན་བཀོད་པ་ཕུན་སུམ་ཚོགས་པ། གདུགས་ཀྱི་ལྷ་ཁང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དུས་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བློས་བསླང་བཞུགས་པའི་ངོ་མཚར་བའི་མཆོད་རྟེན་བང་རིམ་རིམ་པ་བཞི་ཡིས་གྲུབ་ཅིང་། 
       དེ་ཡང་བང་རིམ་དང་བོ་ནི་རྣམ་དག་འོད་གསལ་ཆོས་སྐུ་མཚོན་པའི་ལྷ་ཁང་བཅུ་གཉིས་ཀྱིས་གྲུབ་པའི་ཡི་དམ་སོ་སོའི་སྐུ་ཉིས་སྟོང་སུམ་བརྒྱ་དགུ་བཅུ་བཞུགས་ལ། བང་རིམ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་པའི་ལྷ་ཁང་བཅུ་གཉིས་ལ་ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱ་ཉི་ཤུ་བཞུགས། དེའི་སྟེང་མ་བང་རིམ་གསུམ་པ་བརྩེ་ཆེན་ཐུགས་རྗེ་སྤྲུལ་སྐུ་མཚོན་པའི་ལྷ་ཁང་བཅུ་གཉིས་ལ་སྨན་འདམ་དང་གསེར་ཟངས་ལས་གྲུབ་པའི་སྐུ་ཉིས་སྟོང་ལྔ་བརྒྱ་གོ་གསུམ་བཞུགས། བང་རིམ་བཞི་བ་ལྷན་ཅིག་སྐྱེས་པའི་སྐུ་མཚོན་པའི་ལྷ་ཁང་བཅུ་གཉིས་ལ་སྟོང་ཕྲག་བཞི་དང་བརྒྱད་བརྒྱའི་སྐུ་བཞུགས། དེའི་སྟེང་གི་བུམ་པའི་ལྷ་ཁང་ཆེན་པོ་རྣམ་ཐར་བཞི་མཚོན་པའི་ལྷ་ཁང་བཞི་དབྱིབས་ཟླུམ་པོར་ཉེ་བར་མཛེས་པའི་ལྷ་ཁང་ནང་དུ་ཉིས་ཁྲི་ཉིས་སྟོང་གི་སྐུ་བཞུགས། ༼བུམ་པའི་ཀ་ཆེན་རྣམས་རྒྱལ་ཆེན་སྡེ་བཞིས་ཕུལ་བར་གསུངས་པས་བུམ་པའི་ལྷ་ཁང་གི་ཕྱིའི་ཀ་བ་རྣམས་ཡིན་མིན་བརྟག༽ དེའི་སྟེང་མ་བྲེ་ཡི་ལྷ་ཁང་འཕགས་ལམ་ཡན་ལག་བརྒྱད་མཚོན་པའི་ལྷ་ཁང་ཆེན་པོ་བདུན་དབྱིབས་གྲུ་བཞིས་མཛེས་པ་ལ་སྐུ་དྲུག་བརྒྱ་བཞུགས་ལ་བྲེའི་ནང་གི་རང་བཞིན་ལྷུན་གྱིས་གྲུབ་པའི་མཚན་ཉིད་འོད་གསལ་ཆེན་པོ་དུས་འཁོར་ཞལ་ཡས་ཁང་བ་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་སྟོང་དང་བཅུ་བཞུགས། དེའི་སྟེང་གི་ཆོས་འཁོར་རིམ་པ་བཅུ་གསུམ་ནི་སྟོབས་བཅུ་དང་དཀོན་མཆོག་གསུམ་མཚོན་པ་ལ་སྐུ་བཅུ་དྲུག་བཞུགས། སྟེང་གི་ཆར་ཁེབས་ནི་ཡེ་ཤེས་ལྔ་མཚོན་ཞིང་ཆར་ཁེབས་ཀྱི་སྟེང་དུ་རིན་པོ་ཆེ་སྣ་བདུན་དང་གསེར་ལས་གྲུབ་པའི་གྷཉྫི་ར་དང་དཔལ་ལྡན་བུམ་པ་བཟང་བོ། རིན་པོ་ཆེའི་དོ་ཤལ་དང་མུ་ཏིག་གི་འཕྲེང་བས་ཀུན་ནས་མཛེས་པའི་ངོ་མཚར་བའི་ཁྱད་ཆོས་བསམ་གྱིས་མི་ཁྱབ་པའི་རྟེན་བཟང་ཁྱད་དུ་འཕགས་པ་འདི་ལོ་བཞི་ཙམ་གྱི་ཡུན་ལ་གྲུབ་ཅིང་། མཆོད་རྟེན་བཞེངས་པའི་ཚེ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སྐུ་གཅིག་གིས་མཛད་པ་དུ་མ་དུས་གཅིག་ཏུ་བསྟན་པའི་རྣམ་ཐར་སོགས་མང་། དུས་ཕྱིས་ ཀཿཐོག་སི་ཏུའི་དབུས་གཙང་གནས་སྐོར་ལམ་ཡིག་ཏུ་ཡང་། «ཇོ་ནང་མཆོད་རྟེན་ཆེན་པོའི་ལྷོ་ངོས་སེང་ཁྲི་ནས་འདོམ་བཅུ་དགུ་ཡོད་པའི་བང་རིམ་དང་པོར་ལྷ་ཁང་གཅིག་ན་ཐུབ་དབང་ཟངས་གསེར་མི་ཚད་མ་ཆེ་ཆུང་གཉིས། རྗེ་བཙུན་ཏཱ་ར་ནཱ་ཐའི་ཡུམ་གྱི་གདུང་རྟེན་ཟངས་གསེར་འདོམ་གང་། བཀའ་གདམས་ལི་མ་འདོམ་གང་། བལ་བྲིས་ཁྱད་འཕགས་ཅན། སྤྱན་རས་གཟིགས་འདམ་སྐུ་ཕྱག་བཞི་བ།  ནུབ་ན་ཐུབ་སྐུ་མདའ་གང་བ། བྱམས་མགོན་མི་ཚད་མ། རྒྱལ་བ་བྱང་ཆུབ་ཤིང་བྲིས་མ། བྱང་ཆུབ་སེམས་དཔའ་གཉིས་བཅས་ཤིན་ཏུ་ལེགས་པ། ནུབ་བྱང་བང་རིམ་གཉིས་པའི་ལྷ་ཁང་དང་པོར། རྣམ་སྣང་འཇིམ་སྐུ་དང་། སངས་རྒྱས་སྟོང་སྐུ་བྲིས་མ། སྤྱན་རས་གཟིགས་མི་ཚད་མ་ཟངས་གསེར་ཅན་དང་། འཇམ་དབྱངས་དཔལ་རིན་པའི་འདྲ་ཞལ། འཇམ་དབྱངས་དང་། བླ་སྐུ་མི་ཚད་མ་གཉིས་དང་། ཕྱག་རྡོར་ཁྲོ་བོ་མི་ཚད་མ། སངས་རྒྱས་མཉམ་བཞག་ཅན།  ཤར་དབུས་རྗེ་བཙུན་སྒྲོལ་མ་འཁོར་གཉིས་ཅན་དང་། ཀུན་མཁྱེན་དོལ་པོ་སེམས་ཉིད་ངལ་གསོ་ཅན་མི་ཚད་མ་ཟངས་གསེར་ཅན་དང་། ཕྱག་དྲུག་པ་དང་འོད་དཔག་མེད། ཐུབ་དབང་མི་ཚད་མ་འཇིམ་སྐུ། འཇམ་དབྱངས་སྨྲ་སེང་ངོས་བྲིས་ཅན། ལྷོ་ངོས་ཀུན་མཁྱེན་དོལ་པོ་ང་འདྲ་མ་འཇིམ་སྐུ་མི་ཚད། ལི་མ་ཁྲུ་གང་ཙམ་བཅུ་ལྷག རྗེ་བཙུན་ཕྱག་མཁར་མདུད་པ་ཅན། སྨན་བླ་མི་ཚད་མ་ཡོད་པ་དང་། བང་རིམ་གསུམ་པའི་ནུབ་ན་ཐུབ་སྐུ་མཉམ་བཞག་ལྷུང་བཟེད་ཅན། ཉེ་བའི་སྲས་ཆེན་བརྒྱད་བྲིས་མ་བལྟས་ན་འབུར་འོང་བ་འདྲ་བ། མཚན་བརྒྱད་རྣལ་འབྱོར་རྒྱུད་ལུགས་བྲིས་མ། སངས་རྒྱས་མཉམ་བཞག་ཅན་འཇིམ་སྐུ། ནུབ་བང་རིམ་བཞི་བའི་བྱང་ན་ཡང་དག་ཕུར་བ། ཚོགས་ཆེན་རྒྱུད་ལུང་ཁྲོ་བོ། རྡོར་སེམས་འཇིམ་སྐུ་མཉམ་སྦྱོར་སོགས་དཀྱིལ་འཁོར་བྲིས་མ། རྡོ་རྗེ་འཆང་འཇིམ་སྐུ། ངོས་བྲིས་རྡོར་སེམས། ཨུ་རྒྱན་རིན་པོ་ཆེ་སིན་དྷི་རྒྱ་མཚོ་མ། སངས་རྒྱས་མཉམ་བཞག་ལྷུང་བཟེད་ཅན་དང་།བཀའ་གདམས། ཞི་བྱེད། བཀའ་བརྒྱུད་བླ་མ། རྒྱན་དྲུག་སོགས་བྲིས་མ་དང་། བུམ་པའི་ལྷ་ཁང་དུ་བྱང་ན་མི་བསྐྱོད་པ་སངས་རྒྱས་དཀར་པོ་ཐོག་སོ་གཉིས་ཙམ་སླེབ་པ། ཆོས་གོས་གཡུང་དྲུང་བྱ་ནག་ལྕགས་རི་མ། མདུན་དུ་ཁ་སརྤ་ཎྀ། ལྷོ་ན་རྣམ་སྣང་བལ་བྲིས་ཐོག་སོ་གཉིས་སླེབས་པ། འཁོར་སངས་རྒྱས་སྟོང་སྐུ། ཉེ་བའི་སྲས་ཆེན་བརྒྱད་མདའ་ཚད་མ་འཇིམ་སྐུ། ཤར་དབུས་ན་རྟ་མགྲིན་ཡང་གསང་ཁྲོས་པ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྟོང་སྐུ། ལྷོ་ན་སྣང་བ་མཐའ་ཡས་ངོས་བྲིས། བཅུ་གཅིག་ཞལ་མི་ཚད་མ། ཐུབ་སྐུ་ཇོ་ནང་ཐོག་ཐུབ་མ་སངས་རྒྱས་སྟོང་སྐུ། ནུབ་ན་རིན་འབྱུང་ངོས་བྲིས། དུས་འཁོར་གྱི་སྐུ་མདའ་གང་མ། བྲེ་ཡི་ལྷ་ཁང་ནང་དུ། རྡོ་རྗེ་འཇིགས་བྱེད་སྐུ་མདའ་གང་མ། ༼གསང་འདུས་ཁྱེར་ནས་མི་འདུག་གསུངས། ༽དགྱེས་རྡོེ་རྗེའི་སྐུ། བདེ་མཆོག་བཅས་ཕྱོགས་བཞིར་འཇིམ་སྐུ་གསུམ་དང་དཀྱིལ་འཁོར་མང་བོ་ངོས་བྲིས་མ། ཆོས་འཁོར་ནང་།   དུས་འཁོར་བློས་བསླང་ཕུན་སུམ་ཚོགས་པ། ཕྱིར་ལམ་བང་རིམ་གསུམ་པའི་བྱང་ན། རྡོ་རྗེ་འཆང་འཇིམ་སྐུ་མི་ཚད་མ། དམ་པ་རྒྱ་གར་བལ་བྲིས་དང་། ཐུབ་པ་མི་ཚད་མ་འཇིམ་སྐུ།  སངས་རྒྱས་མཉམ་བཞག་ལྷུང་བཟེད་ཅན། ཤར་ན་ཐུབ་དབང་མི་ཚད་མ་གཙོ་འཁོར་གསུམ་དང་། གནས་བཅུ། རྒྱལ་བ་རིགས་ལྔ། སངས་རྒྱས་མཉམ་བཞག་ཅན། ཕྱོགས་བཅུའི་སངས་རྒྱས། ལྷོ་དབུས་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་འཇིམ་སྐུ། རྣམ་སྣང་མི་ཚད་མ་ལི་མ་གཉིས། ལྷོ་བྱང་ན་སངས་རྒྱས་ཀྱི་སྐུ་གཉིས། སྒྲོལ་ལྗང་མི་ཚད་མ་འཇིམ་སྐུ།   སྒྲོལ་དཀར་བྲིས་མ་འཇའ་ཤར་བ་ལྟ་བུ། བང་རིམ་གཉིས་པར། ནུབ་ཐུབ་དབང་གི་སྐུ། རྣམ་པར་སྣང་མཛད་བྲིས་མ། ཐུབ་དབང་ཆེན་པོ་ཨུ་རྒྱན་རིན་པོ་ཆེ་དང་། སྤྱན་རས་གཟིགས་ཕྱག་བཞི་བ་འབུར་མ། སྒྲོལ་ལྗང་བྲིས་མ། དེ་ནས་བང་རིམ་དང་པོར་སླེབས་པ་ན། བྱང་ནས་རྒྱལ་བ་བྱམས་པ། སྐྱེས་རབས་སོ་བཞི་བ་བྲིས་མ། སངས་རྒྱས་སྐུ་གསུམ། བཅུ་གཅིག་ཞལ་འབུར་མ།བསམ་ཡས་ཆགས་ཚུལ་ངོས་བྲིས་མ།སྦུག་ཏུ་སངས་རྒྱས། གཡས་གཡོན་དུ་བྱང་སེམས་བཅུ། སངས་རྒྱས་ཀྱི་སྐུ་མཛད་བརྒྱ་བྲིས་མ། བཅུ་གཅིག་ཞལ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ། རྡོ་རྗེ་འཆང་།ཚེ་དཔག་མེད་བཅས་འཇིམ་སྐུ། སྐོར་ལམ་ན་གནས་བཅུ་བྲག་རི་མ་དང་། གནས་གཡོག་ཡུལ་བཀོད་དང་བཅས་པ་བྱོན་ལེགས་པ། ཤར་ངོས་སྒྲོལ་ལྗང་འབུར་མ། བཅུ་གཅིག་ཞལ། མཛད་བརྒྱ་བྲིས་མ། འཇམ་དབྱངས་དང་བཅས་ལྕགས་རི་ཟླུམ་པོ་དང་བཅས་པ་ལེགས་པར་སྣང་ཞེས་གསུངས་འདུག »གསུང་འདི་ལ་གཞིགས་ན་དེ་དུས་སུ་ཅུང་ཉམས་ཆག་ཏུ་སོང་འདུག་པ་ལྟ་བུར་སྣང་། སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས་པའི་བསོད་ནམས་ཀྱི་སྟོབས་ཀྱིས་ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་བའི་ཆོས་རྗེ་ཀུན་མཁྱེན་ཆེན་པོར་ཐུགས་ཀྱི་གསང་མཛོད་བསམ་གྱིས་མི་ཁྱབ་པ་བརྡོལ། བྱ་ལོ་ཟླ་བཞི་བའི་ཚེས་བཅུ་ལ་རབ་གནས་ཀྱི་ཆོ་ག་ལ། ཆོས་རྗེ་ཀུན་མཁྱེན་པོའི་དབུ་བྱས་ཏེ། བུ་སློབ་ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང་མ་ཏི་པཎ་ཆེན། མ་ཎི་ཀ་ཤྲཱི། ལོ་ཙཱ་བ་པྲཛྙ་རཏྣ། ཞིང་རིན་པོ་ཆེ། སྨན་ཆུ་ཁ་བ། དཀོན་མཆོག་རྣམ་རྒྱལ། ཕུན་ཚོགས་དཔལ། གྷ་རུང་བ། ཆོས་རྗེ་ཐང་སྟོན་པ། ཉ་དབོན་པ། རྗེ་རིན་ཚུལ་བ། གཞན་ཡང་ཉེ་གནས་ལ་སོགས་ཐམས་ཅད་ཀྱིས་མཆོད་རྟེན་ཆེན་པོ་ལ་རབ་གནས་ཀྱི་ཆོ་ག་མཛད་པའི་ཚེ་ན་ཡང་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱོན་པ་སོགས་ཀུན་གྱིས་མཐོང་ཐོས་སུ་གྱུར། མཆོད་རྟེན་གཅིག་ལ་གཟུགས་སྐུ་འབུམ་ཕྲག་གིས་བརྒྱན་པའི་ངོ་མཚར་བའི་རྟེན་མཆོག་འདིའི་ཕྱིའི་རྩིག་པ་ནང་གི་བཀོད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པའི། ཕྱི་མཆོད་རྟེན་ནང་ལྷ་ཁང་གི་རྣམ་པ་ཅན་ལ་བང་རིམ་དང་བོ་ནས་བཟུང་སྟེ་བྲེའི་བར། ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་བདག་ཉིད་ཅན། ལྷ་ཁང་རེ་རེར་གསེར་ཟངས་དང་སྨན་འདམ་གྱིས་གྲུབ་པའི་མདོ་རྒྱུད་ཀྱི་ལྷ་ཚོགས་ཀྱི་འབུར་སྐུ་དང་། གཞན་ཡང་ལྡེབས་རིས་དང་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་བྲིས་འབུར་དག་གིས་བར་མཚམས་མེད་པར་ཡོངས་སུ་གང་བའི་ལྷ་ཁང་གི་སྟེང་ན་ལྷ་ཁང་།  མཆོད་རྟེན་གྱི་ནང་ན་མཆོད་རྟེན་ཡོད་པའི་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་ཡིན། མཆོད་རྟེན་འདིས་བོད་ཀྱི་བཟོ་ལས་དང་རྟེན་བཞེངས་བཅས་ཀྱི་ཕྱོགས་ལ་བྱས་རྗེས་མི་དམན་པ་ཞིག་ཀྱང་བཞག་ཡོད། 
    ཀུན་མཁྱེན་ཆེན་པོའི་བུ་སློབ་ས་བཟང་མ་ཏི་པཎ་ཆེན་གྱིས་སྐུ་འབུམ་ཆེན་པོ་ལ་དཔེར་བླངས་ནས་བྱམས་པ་གླིང་དུ་སྡེ་པ་དོལ་པས་བསྐུལ་ནས། ཇོ་ནང་དཔལ་གྱི་མཆོད་རྟེན་གྱི་ཚད་དང་ལྡན་པ་བཞེངས་ནའང༌། ཚད་ལན་གསུམ་བཅད་ཀྱང་དེ་བཞིན་དུ་མ་བྱུང་བ་ལ། པཎ་ཆེན་ལ་ཞུས་པས་རིགས་ལྡན་སྤྲུལ་བའི་སྐུ་དང་འགྲན་མི་ཐུབ། གང་ནུས་ཤིག་ཀྱིས་གསུངས་ནས། མཆོད་རྟེན་ཡོངས་སུ་རྫོགས་པར་བཞེངས་པ་དང་།འབྲི་གུང་ལོ་ཙཱ་བས་རྒྱ་མཁར་རྩེ་རུ་སྡེ་བ་དག་ལ་ཇོ་ནང་སྐུ་འབུམ་མཐོང་གྲོལ་དང་འདྲ་བ་ཞིག་བཞེངས་པར་བསྐུལ་ནས། སྡེ་བ་དག་གིས་བཞེངས་པ་ཁས་བླངས་ཞེས་རིགས་ལྡན་རྒྱལ་བ་ཇོ་བཟང་བས་མཛད་པའི་ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་རྣམ་ཐར་དུ་གསལ། མ་ཟད་འབྲི་གུང་ལོ་ཙཱ་བ་རང་ཉིད་ཀྱིས་ཀྱང་དབུ་སྟོད་རྭ་སྒྲེང་དང་འབྲི་གུང་བར་དུ་ཇོ་ནང་སྐུ་འབུམ་ལ་དཔེ་བླངས་ནས་དབུས་ཀྱི་ཕག་རོམ་མཆོད་རྟེན་ཆེན་མོ་བཞེངས། དེ་མཚུངས་ ཕྱི་ལོ་༼1341༽ལོ་སྐུ་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྒྱང་འབུམ་ཆེན་མོའི་མཆོད་རྟེན་ཡང་ཇོ་ནང་མཐོང་གྲོལ་ཆེན་མོ་ལ་དཔེར་བྱས་ནས་བཞེངས་ཤིང་། འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི་ཁོང་གི་རྣམ་ཐར་དུ་ཡང་ང་སྐྱེ་བ་སྔ་མ་ལ་ཀུན་མཁྱེན་དོལ་པོ་ཟེར།  སྐྱེ་བ་འདི་ལ་སྨྱོན་པ་བརྩོན་འགྲུས་ཟེར།  ཕྱི་མ་ཁྱབ་བདག་གསང་བ་འདུས་པ་ཟེར་ཞེས་ཀྱང་གསུངས་ཡོད། མ་ཟད་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་པའི་རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ཡང་ཇོ་ནང་སྐུ་འབུམ་ཆེན་མོའི་མཆོད་རྟེན་ལ་དཔེར་བླངས་ནས་བཞེངས་པ་ཡིན་པ་ཆོས་རྒྱལ་རབ་བརྟན་འཕགས་པའི་རྣམ་ཐར་དུ་གསལ།   དེ་དང་དེས་མཚོན་པའི་བོད་ཀྱི་ཡུལ་གྲུ་དག་ཏུ་མཆོད་རྟེན་འདི་ལ་དཔེ་བླངས་ནས་བཞེངས་པ་ཤིན་ཏུ་མང་། དེ་བས་བོད་ཡུལ་འདིར་ཆེས་ཆེ་བའི་མཆོད་རྟེན་གྱི་ཐོག་མ་གཅིག་པུ་ཡིན། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ལ་ལྷ་ཁང་བདུན་ཅུ་དོན་བདུན་ཙམ་མ་གཏོགས་མེད་ཅིང་། ཇོ་ནང་སྐུ་འབུམ་ཆེན་མོ་ལ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཆག་ལོའི་ཆོས་འབྱུང་དུ་གསལ།   སི་ཏུའི་ལམ་ཡིག་ཏུ་ཡང་ལར་མཆོད་རྟེན་འདི་དང་རྒྱལ་རྩེ་གཉིས་མཐོ་དམན་ཆེར་མི་སྣང་།  ཕྱོགས་འདིས་མཆོད་རྟེན་ཞིག་ལ་ནང་བྱིན་ཆགས་པ་ས་བཅུའི་དབང་ཕྱུག་གིས་བཞེངས་པ་འདིས་བག་དྲོ་བར་སྣང་ཞེས་གསུངས། ཇོ་ནང་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཁག་ཏུ་ཡང་སྐུ་འབུམ་མཐོང་གྲོལ་ཆེན་མོ་ནི་ཁོང་གི་མཛད་ཆེན་དག་ལས་ཆེས་གཙིག་ཆེན་དུ་བཟུང་བ་ཤིན་ཏུ་གསལ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱིས་ཀྱང་སྐུ་འབུམ་ཆེན་མོའི་ཆོས་སྐོར་ལྔ་སོགས་མཆོད་རྟེན་འདི་དང་འབྲེལ་བ་ཡོད་པའི་གསུངས་མང་དུ་ཡོད་ལ། མ་ཟད་རྟེན་འདི་ལ་མཆོད་པ་དང་བཀུར་བསྟི་བྱེད་ན་བསྟན་པ་སྤྱི་དང་ཡང་དགོས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པ་འདི་ཡང་མི་ཉམས་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་གྱི་གནད་ཡོད་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་སོགས་ཀྱིས་གསུངས། རྗེས་འཇུག་གི་བུ་སློབ་དག་གིས་ཀྱང་ཉམས་གསོ་དང་མཆོད་བཀུར་སོགས་མང་དུ་བྱས་ཤིང་། ལོ་ཙཱ་བ་བློ་གྲོས་དཔལ་གྱིས་སྐུ་འབུམ་ཆེན་པོའི་ཀླུ་ཁང་ལ་གནས་བརྟན་བཅུ་དྲུག་འཁོར་བཅས་བཞེངས་པ་དང༌། བུམ་པ་ལ་མཚན་བཟང་བོ་སོ་གཉིས་ཀྱི་ངོ་བོ་ཀ་རིང་སོ་གཉིས་དང༌། བྲེ་དང་གདུང་འདེགས་པདྨ་ལ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀ་ཐུང་བརྒྱད་ཅུས་བཏེགས་པའི་ཉམས་གསོ་མཛད་པ་དང་།མཁས་གྲུབ་ནམ་མཁའ་དཔལ་བཟང་གིས་སྐུ་འབུམ་ཆེན་མོའི་ཆོས་འཁོར་བཅུ་གསུམ་གསེར་ཟངས་ཀྱི་གཡོགས་པར་མཛད། ལྷག་པར་དུ་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐས་ཉམས་གསོ་རབ་དང་རིམ་པ་བྱས་ཤིང་། རང་རྣམ་དུ་ཡང་། དབྱར་ཁ་ཆར་ཆུ་སོགས་ཀྱི་གནོད་པ་ཟློག་ཕྱིར་སྐུ་འབུམ་མཐོང་གྲོལ་ཆེན་མོ་ལ་ཆར་སྐྱོབས་ཀྱི་ན་བཟའ་ཕུལ་བ་དང་། མ་ཟད་དབུ་རྩེ་ཆེན་མོའི་སྐུ་འབུམ་གྱི་གདུགས་བཅུ་གསུམ་ཆར་ཁེབས་ཏོག་བཅས་སྣ་ཚོགས་ཤིག་དང༌། ཞིག་རལ་ཡང་བྱུང་འདུག་པས། མཆོད་རྟེན་ཉིད་དང་འཚམས་པ་ཅིག་གསེར་ཟངས་ཀྱི་རྒྱུ་ལ་རིན་པོ་ཆེའི་འཕྲ་རྒྱན་མང་པོ་དང༌། གདུགས་ལ་རིན་པོ་ཆེའི་དྲ་ཕྱེད་དཔྱངས་པ་དང་བཅས་པ་འདི་བར་སྐབས་འདིར་ལེགས་པར་ཕུལ་བ་གྲུབ་ཅེས་གསུངས། མ་ཚད་དུས་དུས་སུ་མཆོད་བཀུར་བླ་ན་མེད་པ་བྱས་པ་སོགས་ཀྱི་ལོ་རྒྱུསཤིན་ཏུ་མང་། ཕྱིས་སུ་རྫོང་རྩེ་སྤྲུལ་སྐུས་ཀྱང་ཉམས་གསོ་ཅུང་རེ་བྱས། བར་སྐབས་ཤིག་ལ་ཉམས་གསོ་དང་བདག་སྐྱོང་བྱེད་མཁན་ཆེར་མེད་པས་ཉམས་ཆག་ཀྱང་རབ་དང་རིམ་པ་བྱུང་ཞིང་། ལོ་རྒྱུས་འཕོ་འགྱུར་གྱི་དབང་གིས་མཆོད་རྟེན་ནང་གི་རྟེན་འགེངས་ཆེན་རྣམས་ཕྱོགས་ཡར་མར་དུ་འཁྱེར་བ་སོགས་མང་དུ་ཡོད་པར་སྙམ།ལྷག་པར་དུ་རིག་གསར་སྔོན་ཙམ་དུ་མཆོད་རྟེན་གྱི་ཕྱིིའི་རྣམ་པའི་རྩིག་པ་ཙམ་མ་གཏོགས་མ་ལྷག་ཅིང་། རིག་གསར་རྗེས་ནས་མདོ་སྨད་བསེ་དགོན་བླ་མ་ཀུན་དགའ་ཡེ་ཤེས་ཀྱི་གཙོ་འགན་བཞེས་ཤིང་།  བླ་མ་རིན་པོ་ཆེ་ཀུན་དགའ་ཐུགས་རྗེ་དཔལ་དང་། བླ་མ་དམ་པ་ངག་དབང་སྐལ་ལྡན་རྒྱ་མཚོ། ལྕམ་མདའ་དགོན་གྱི་མཁན་ཆེན་ཤེས་རབ་གསལ་བྱེད་སོགས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་རོགས་ཏན་གནང་ནས་བསྐྱར་བཞེངས་བྱས་ཏེ་ད་ལྟ་མཇལ་རྒྱུ་ཡོད་པའི་མཆོད་རྟེན་འདི་ཡང་ཁོང་ཅག་གི་བཀའ་དྲིན་ཡིན་ནོ།། མདོར་ན་ཇོ་ནང་སྐུ་འབུམ་ཆེན་མོ་འཛམ་གླིང་རྒྱན་མཆོག་འགྲོ་བའི་དཔལ་དུ་གྱུར་བའི་རྟེན་མཆོག་འདི་ཉིད་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བ་ཙམ་གྱིས་ཀྱང་ཐར་བའི་ས་བོན་འཇོག་ནུས་པའི་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ། སྒྲུབ་གནས་བྱེ་བ་ཕྲག་བརྒྱའི་དབུས་ན་གྲགས་པ་ཉི་ཟླ་ལྟར་གསལ་བའི་ཁ་བའི་ལྗོངས་ཀྱི་ཤམ་བྷ་ལ་དཔལ་གྱི་རི་ཁྲོད་ཆེན་མོ་ཇོ་ནང་རྡོ་རྗེ་གདན་དུ་ལྷམ་མེ་ལྷན་ནེ་ལྷང་ངེ་བཞུགས་ཤིང་།  མ་ཟད་སྒྱུ་རྩལ་རིག་དངོས་ཀྱི་ཕྱོགས་ནས་ཀྱང་སྤྱིའི་རྩིག་པ་དང་ནང་གི་ལྡེབས་རིས་སྐུ་སོ་སོའི་བཟོ་ལུགས་ཀྱི་རྣམ་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པའི་དུས་རབས་ཤིག་གི་ལོ་རྒྱུས་ཀྱི་རིག་གནས་མཚོན་ཞིང་།འཛམ་གླིང་སྟེང་ངོམ་དུ་རི་བའི་ངོ་མཚར་བའི་ཡིད་བཞིན་གྱི་ནོར་བུ་རྡོག་གཅིག་ཡིན་ནོ།།

དཔྱད་གཞིའི་ཡིག་ཆ་ཁག
འབྲི་གུང་ལོ་ཙཱ་བའི་ཀུན་མཁྱེན་ཆེན་པོའི་རྣམ་ཐར་བདེ་ཆེན་གསལ་སྒྲོན།
རིགས་ལྡན་རྒྱལ་བ་ཇོ་བཟང་བའི་ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་རྣམ་ཐར།
རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་།
རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་རང་རྣམ།
འགོས་ལོ་ཙཱ་བའི་དེབ་སྔོན།
ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་ཆོས་འབྱུང་།
སྟོད་མངའ་རིས་འབོ་དཀའ་དགོན་གྱི་མཁན་པོ་བློ་གྲོས་དོན་ཡོད་ཀྱི་དུས་འཁོར་ཆོས་འབྱུང་།
ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ།
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར།
རྫོང་རྩེ་སྤྲུལ་སྐུ་བྱམས་པ་ཐུབ་བསྟན་གྱི་ཇོ་ནང་རྟག་བརྟན་གྱི་བྱུང་བ།
ཀཿཐོག་སི་ཏུའི་དབུས་གཙང་གི་གནས་ཡིག
ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པའི་རྣམ་ཐར།
མི་ཉག་མགོན་པོའི་འབོ་གངས་དཀར་བླ་མའི་རྣམ་ཐར།

ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།