ཉི་ཤུ་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
ༀ་སྭཱ་སྟི། ད་ནི་སྔར་གྱི་འཕྲོས་ལས་བཤད་ན། འདི་སྐབས་རྗེ་འགྱུར་མེད་དང་ལན་ཁ་ཡར་མཇལ་བྱུང༌། ཤིན་ཏུ་དགྱེས་པའི་ཚུལ་དུ་མཛད། རང་རེའི་རྩོམ་པ་ལ་ཡང་ཐུགས་དད་གུས་འཁྲུངས་ཚུལ་གནང་གིན་འདུག །དེ་ནས་རེ་ཞིག་ཕྱོགས་དེར་འགྲོ་དོན་ཡང་འཕྲལ་སྐབས་སུ་བབ་པ་དེ་ཙམ་གྱིས་ཆོག་ཤེས་པར་བྱས།ཕུགས་ཀྱི་དབྱིངས་དང་རྟག་བརླིང་ཁེལ་བ་ནི་གང་བྱས་ཀྱང་དཀའ་བར་གདའ།
ཇོ་ནང་གི་ཕྱོགས་སུ་ཆས་ཏེ་འོངས་པའི་ཚེ། ཞབས་དྲུང་ལྕམ་སྲིང་གིས་དཔལ་ལྡན་སྡིངས་སུ་སྐྱེལ་ཐུང་ཙམ་མཛད། དེ་ནུབ་སེང་གེ་ལུང་དུ་སླེབ(སླེབས)། ལྷ་རྩེར་ཞག་པོ་གཉིས་བསྡད། དེ་ཀུན་ཏུ་ལྟས་ཀྱང་འཚུབ་པར་བྱུང༌། ཇོ་ནང་དུ་སླེབ(སླེབས)འཕྲལ་ནས་ལོ་དུས་ཀྱི་འཁྲིད་བཙུགས།
དེ་སྐབས་ཟབ་དོན་གྱི་བསྟན་པ་དར་བར་འགྱུར་པ་ལ་ལྷོངས་ཀྱི་རྣམ་པ་དང༌། ཡོན་བདག་ལའང་སྐུ་དོག་དར་བའི་རྣམ་འགྱུར་ལ་ཟིར་བུན་བྱུང་བ་ནི། སྔ་སོར་སྔ་མོ་ནས་བུ་ལེགས་པ་ཟེར་བ་ཁོ་པས{ནག་ཕུག་གི་མི་དཔོན་བྱས། ཕྱིས་སག་ཐང་གི་ཡང་བྱས།} རྗེ་དྲུང་ཀུན་དགའ་དཔལ་བཟང་པའི་སྐུ་ཐོག་ནས་བཟུང༌། འདི་བར་དུ་ཇོ་ནང་པ་ལ་གནོད་པ་འབའ་ཞིག་བྱེད་ཅིང༌། ཁ་བཀོད་བཅུག་པའི་དགོན་འཁྲིས་རང་དུ་རི་དྭགས་རྔོན་པ་དང༌། གྲྭ་རིགས་རྣམས་ཀྱི་རྒྱགས་ཞིང་འཕྲོག་པ་དང༌། ལམ་དུ་རྡུང་བ་དང༌། མཆོད་ཐེས་ཀྱི་མཆོད་གཞིས་རྣམས་ལ་གནོད་པ་ཁོ་ན་བྱེད་པ་རྒྱུན་མི་ཆད་བྱུང་འདུག །
རེས་འགའ་ཟླ་གཅིག་གི་ནང་དུ་ལན་གཉིས་གསུམ་གྱི་ཟོས་མི་བདེ་ཡང་བྱུང༌། ཇོ་ནང་པའི་ཕྱོགས་ཁས་ཞན་པས་སྡུག་སྣ་དགུ་བཏང་བའི་ནད་མ་ཐེག་པ་དང༌། རྐྱེན་ཆོས་གཞིས་ཀྱི་ཞིང་འགའ་ཞིག་བཙན་ཕྲོགས་བྱས། སླར་སྤྲོད་དགོས་ཀྱི་དོན་ལ། སྡེ་སྲིད་ཀྱི་ཕྱག་དམ་མི་སྣ་ཞུས་ཤིང་གནང་བ་ཡིན་ཀྱང་བྱང་པའི་གཡོག་པོ་ལ་ལ་དཔོན་པོ་ལ་རྩི་མི་དགོས། མ་བརྩིས་པ་དེ་ལ་ཀ་དཔོན་པོ་རང་ཡང་དགའ་འགྲོ་བའི་སྲོལ་ཞིག་ཀྱང་ཡོད།{བདག་དྲུང་གི་དེ་ལ་ལོག་གནོན་གྱི་བཀའ་བཀོད་ཀྱང་ཡོད་རིགས་སུ་གདའ།}
ཁོ་པས་ལྷ་རྩེ་རྫོང་དཔོན་ལྟག་ཁུར་གྱིས་ཕྱག་དམ་དང་མི་སྣ་ལ་ཁ་སྐྱེངས་བཏང་། དེའི་ཁམ(ཁ)མཆུའི་ལབ་ལ་ཆང་གཟི(བཟི)བ་ཕན་ཚུན་ཚིག་རྐྱེན་མ་ཐེག་པའི་འཐབ་མོ་བྱུང༌། ཁོ་པ་ཐལ་སོང་ལ་ཤོར། དེ་འཕྲལ་ངམ་རིང་དུ་དགོངས་སངས་ཞུ་བར་བཏང་འདུག་ནའང༌། མངའ་བདག་དྲུང་གི(གིས)དགོངས་སངས་ཡང(ཀྱང)མ་བཞེས།
ལྷ་རྩེ་རྫོང་པས་ཇོ་ནང་གི་ཆོས་གཞིས་ཐེམ་པ་བཅུ་ལྷག་ཅིག་ལ་གཙང་གཞུང་གི་དམག་ཆེན་བསྡུས། དང་པོ་ནས་བྱང་པའི་དམག་སྐྱ་འཐོར་ལ་ཇག་པ་བྱུང་བའི་གཏམ་དཔེ་གཅིག་ལ། ནག་མོ་དཔོན་ཏོ་ལ་དང་ཞུས་ནས་དམག་ཅིག་འོང་གི་ཟེར་བ་དེ་དངོས་སུ་ལག་ལེན་ལ་བཀལ། མེ་རྒྱག་ཤིང་བཤུ་བྱས།དེ་རྗེས་རྩིས་ལེན་དང་མཆོད་གཞིས་གྲོང་པ་རྣམས་ལ། ཇོ་ནང་པ་དང་ཁ་ལབ་མི་བྱེད་པའི་མནའ་བཀག་ཐེལ་ཚེ་བསྡུས་པ་ཡང་རྟིང་ལ་བསྐྱས་ཚང་གཏིབ་པ་སོགས་དྲན་ཚད་ལག་ཏུ་བཀལ། འདི་དུས་ཀྱི་ལྷ་རྩེ་རྫོང་དཔོན་ཨེ་བདག་པོ་དང༌། ནོར་རྒྱས་པ་ཚེ་པ་སྦྲེལ་མའི་སྐབས་ཡིན།
དེ་ལོ་ཟིར་བུན་གྱི་སྒང་ཡིན་ཀྱང་། ཇོ་ནང་དུ་ཁྲིད་གསར་བ་མང་ཞིང་། བཙུན་གསར་བྱེད་མཁན་ཡང་མང༌། དམ་པོ་འདེབས་པ་དང་། ཁྲིད་གཏོར་གྱི་བར་ཐམས་ཅད་བར་ཆད་ཀྱི་དབང་དུ་མ་བཏང་བར་སྔར་ལས་ཀྱང་རྒྱས་པ་ཙམ་དུ་བྱུང༌། ཇོ་ནང་སྒྲུབ་སྡེ་རང་ལའང༌། དམག་སང་ཡོང་གནངས་ཡོང་གི་སྡིགས་སྡིགས་བྱེད་སྐབས། ངེད་རང་སྐུ་འབུམ་གྱི་རྡོ་རྗེ་གདན་ན་སྡོད་སྐབས་ཡིན་ཞིང༌། དམ་རྫས་བདུད་རྩི་རིལ་བུའི་སྒྲུབ་པ་ལ་ཞུགས། དེའི་བྱ་བ་རྣམས་འཛོལ་མེད་དུ་བྱེད་ཅིང་ངག་ནི་སྒྲུབ་པའི་བཟླས་པ་ལ་བརྩོན་པར་ཡོད།
ཉིན་གཅིག(ཞིག)སེམས་ནི་སྐྱོ་ཤས་ཤིན་ཏུ་ཆེ། ད་དགོན་གནས་འདི་བཟུང་ཡང་བསྟན་པ་སྤྱི་སྒོས་གང་ལ་ཡང་མི་ཕན་པར་འདུག །དེ་བས་ཟར་ཟིར་འདི་ལ་ཆོད་འདོམས་ཤིག་བྱུང་མ་ཐག་དགོན་གནས་འདི་དག་གཞན་འཛིན་སྐྱོང་བྱེད་པ་ཐམས་ཅད་ཀྱང་བོར་ཏེ། མི་མེད་ལུང་སྟོང་འགྲིམ་ཞིང་། ཆོས་བརྒྱད་དང་མ་འདྲེས་པའི་སྒྲུབ་པ་ཁོ་ན་བྱེད་སྙམ་པ་ལྷང་ལྷང་བ་ཡོད་པའི་སྐབས། ཐོ་རང་གི(རངས་ཀྱི)ཆ་གཅིག་ཐོག་མ་རྡོ་རྗེ་གདན་ཉིད་ན་བཞུགས་པའི་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་དེ་ཀ་ཡིན་སྙམ་པ་ལ། སྐུ་དངོས་སུ་གྱུར་ནས་ཞལ་རས་སྐྱ་མེ་རེ་བ། ཞལ་ཚོམ་དཀར་པོ་ཅུང་ཟད་ཡོད་སྙམ་པ། སྤྱན་ལྟ་སྟངས་ཅན། དབུ་ཞྭ། ན་བཟའ། བཞུགས་གདན་སོགས་སྤྱི་མཐུན་འདི་ཀ་ཤིན་ཏུ་གསལ་བ་དེ་མཐོང་མ་ཐག་ཏུ། སྔར་གྱི་དགེ་སྦྱོར་གྱི་ཤུགས་ནི་ཇེ་ཆེ་ལ་མཉམ་ཉིད་དུ་གྱུར། འཕྲལ་སྣང་ཆ་བློ་མི་བདེ་བ་དེ་ཡང་རྩ་བ་ནས་སངས་ནས་དགའ་ཡལ་ཡལ་བ། བདེ་ཆམ་ཆམ་པ་ཞིག་བྱུང་ཞིང༌། དེའི་ཞལ་ནས། ངའི་བསྟན་པ་ལ་ཕན་ཐོགས་ཡོང་དུ་ཉེ་བར་སླེབ(སླེབས)ན་མི་བྱེད་དམ། ད་ནས་ཇེ་བཟང་དུ་འགྱུར་བས་སྤྲོ་བ་བསྐྱེད་གསུང་བ་ཞིག་བྱུང༌།
དེ་ནས་ཀྱང་ལོ་ཤས་ནི་ཅང་མ་བྱུང་སྟེ། ཕྱིས་རིམ་པས་ཡོང་བ་ལ་དགོངས་པར་འདུག །ཡང་དེའི་ཕྱི་ནུབ་ཀུན་མཁྱེན་ཆེན་པོ་ལ་གསོལ་བ་བཏབ་པས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཡིན་སྙམ་པ་མདོ་བཀོད་དང་མཐུན་པའི་རྣམ་པ་ལྷའི་སྐུ་ཅན་ཞིག་བྱོན་ཏེ། རྣམ་པར་གཞག་བྱ་འཇོག་བྱེད་དང༌། །རྣམ་གཞག་ཐམས་ཅད་རྫུན་པ་ཡིན། །བློ་ལ་སྣང་བ་འཁྲུལ་པ་སྟེ། །བདེན་པའི་དོན་ལ་གོས་པ་མེད། །གསུང(གསུངས)པ་ཞིག་བྱུང་བས།དེ་ཙམ་ཁོ་ནས་ཀུན་མཁྱེན་ཆེན་པོའི་བཞེད་པ་གཞན་སྟོང་གི་གྲུབ་མཐའི་གཏིང་སླེབ(སླེབས)། ཐེ་ཚོམ་དང་གོལ་ས་ཐམས་ཅད་ཆོད། ཆོས་སྒོ་མཐའ་དག་འབྱེད་པའི་ལྡེ་མིག་ཆེན་པོ་ལག་ཏུ་འོངས་བར(པར)གྱུར་ཏོ། །
ཡང་བདག་གི་སེམས་ལ། བརྒྱུད་པའི་བཀའ་བབས་འདི་ལ། བྱིན་རླབས་དོན་གྱི་བརྒྱུད་པ་ཀུན་མཁྱེན་ཆེན་པོ་ལ་དངོས་སུ་ཐོབ། ཁོ་བོ་བརྒྱུད་ཐག་རེ་ཉེ་སྙམ་པ་ཡང་ཡང་བྱུང་བས། རྨི་ལམ་དུ་བརྒྱུད་པ་ལ་ཉེ་རིང་མེད། སེམས་སེམས་ཉིད་ལ་ཐིམ་པ་ཡིན་མོད་ཟེར་བ་ཞིག་བྱུང་བས། སྔར་གྱི་འཛིན་པ་རློམ་སེམས་དེ་ཡང་དབྱིངས་སུ་ཡལ། འདི་སྐབས་ཀྱང་ཞག་བདུན་སོང་ནས། དམ་རྫས་ལ་སྒྲ་ཆེན་པོ་བཏུད་མར་བྱུང་བ་དང་བདུད་རྩི་འབབས་པ་སོགས་བྱུང༌།
མཚམས་གྲོལ་ནས་དེའི་རྟོགས་བརྗོད་ཀྱི་ཚུལ་ཏུ(དུ)གཞན་སྟོང་དབུ་མའི་རྒྱན་གྱི་ཚིགས་བཅད་དང༌། དེའི་ལུང་སྦྱོར་ཡི་གེར་བཀོད།དེ་སྐབས་བྱང(འདི་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་བཙུན་མོ། བྱང་བ་དང་ཉེ་སྐབས་འདྲ།)གཙང་སྐུ་ཉེ་སྦྲེལ་སྐབས་ཡིན། ལྟས་རྟེན་འབྲེལ་ལེགས་པོ་ཡེ་མི་འདུག །དེ་ལ་ཕན་ཐབས་བཅོས་བྱེད་རྒྱུ་ཕྲན་བུ་འདུག་སྟེ། གཉིས་ཐད་ནས་བཅོལ་གཏོགས་མི་འདུག་པས་ཁ་རོག་བསྡད།
འདི་སྐབས་དཔོན་ས་རིན་མོ་ཆེས། གདོང་དགའ་བ་ལ་ཡོན་མཆོད་བར་གྱི་ལེགས་ལམ་གྱི་ཐབས་ཀྱིས་གསུངས་འདུག་ནའང་ཁོང་པས་མ་མཛད། དེ་མཐུན་ངེད་ལ་གླེང་བར་ཆོས་རྗེ་དཀོན་བློ་བ་ཆེད་བསྟད་བྱུང༌། དེ་ནས་དཔོན་ས་རིན་མོ་ཆེ་རང་དུ་དགོངས་པ་ཞུས། ཇོ་ནང་བ་དང་བུ་ལེགས་པ་ཚང་གི་རྩོད་གཞི་ཁ་མཆུ་དེ་བྱང་གཙང་གི་མི་སྣ་གཉིས་འཛོམ་གྱི་སྟེང་ནས་གཅོད་རྒྱུ་བྱས། སྐབས་འདི་དག་ཏུ་འདོམ་པའི་ཐད་དུ་གཙང་བོ་ལ་དར་ཆགས། རང་རེ་ལ་ཉེ་བ་ལྟར་སྣང་བའི་འབྲེལ་ཅན་མང་པོས་འདོམ་པའི་དར་འདི་སྔར་གྱི་ཇོ་ནང་མཁན་པོ་རྣམས་སྐུ་འདས་སྐབས་ཀྱང་ཆགས། དེ་མིན་གཞན་མ་བྱུང་བ་དང༌། ད་རེས་ཁྱེད་མཆོད་ཡོན་བཟློས་པ་འདི་ཡང༌། ཡོན་བདག་སྣང་ཆེ་ཞིང༌། སྐུ་རིམ་དགེ་འདུན་དང་མཐུ་མཁན་དང་མཐུ་བཟློག་མཁན་སོགས་འགངས་ཅན་རྣམ་གྲངས་མང་བ་ནས་རིམ་གྲོ་སོགས་གང་ཅི་ནས་བཟབ་དགོས་ཟེར།
འཕྲལ་སྙིང་གཏམ་ཡིན་ཡིན་སྐད་བློ་ཕུགས་དཀྲུགས་སྡེབས་དང་། སྡིགས་རི་གཏོང་བའི་གཞི་མཐུན་པར་སྣང་ཞིང་། གཞན་འདྲིས་མེད་དང་ཆགས་སྡང་ཅན་གྱི་ཕྱོགས་ནས་སྤྱིར་མི་མིན་དུ་བགྲོང་བ་སོགས་རང་རེ་ལ་གྲགས་པ་དང་། འགྲོ་དོན་ཅུང་ཟད་བྱུང་བ་ལ་ཕྲག་དོག་ལངས་པའི་སྐྱོན་བརྗོད་དང་ངན་སྨྲས་སྣ་ཚོགས་བྱེད་པ་གཞིར་བཅས་ཤིང༌། རྒྱུ་མཚན་དེ་དང་དེ་དག་ལ་བརྟེན་ནས་ངེད་ལ་དོག་ཆ་ཆེ། འཕྲལ་དུ་འཆི་བ་ཡོད་སྐད་ཀྱི་མཐུ་སྐད་དང་སྡིགས་རི་སྣ་ཚོགས་བྱེད་པ་བྱུང་ནའང་། སེམས་ལ་ནི་གཡོ་མགུལ(འགུལ)དང་སྙེམས་འཁྲིག་རྡུལ་ཕྲན་ཙམ་ཡང་མ་བྱུང་ངོ༌། །
ལར་བླ་མའམ་སྡེ་དཔོན་སོགས་མི་ཕལ་ཆེར་ལ་སྡིགས་རི་འདི་འགྲོ་ཡིན་འདུག །ང་ལ་ཡང་དེ་ཚོ་དང་འདྲ་སྙམ། མཐོང་ཆུང་གི་སྡིགས་རི་བྱེད་པར་འདུག །གཞན་ཡང་དེ་འདྲའི་རིགས་ཚོད་བགམ་པའི་ཁུངས་བྱེད་པ་སོགས་མང་པོ་ཞིག་ཡོང་གིན་འདུག་སྟེ། ང་གདོད་ནས་གྲུབ་པའི་རྣལ་འབྱོར་པ་ཏཱ་ར་ནཱ་ཐ་ཡིན། བླ་རུལ་དྲི་ཐུག་ཆིང་ཆིང་ཚོ་དང་ནམ་དུ་ཡང་འདྲ་མི་ཡོང་ལགས། སྡུག་རྒན་ལ་སོང་ཡང་གཞན་ཟེར་ཁོ་ནའི་རྗེས་སུ་འབྲང་བ་ཚོ་རང་བསམ་མནོ་ཐོང༌། ངེད་རང་ནི་བྱིས་པ་ནས་བཟུང་གདེང་ཆུང་འདྲ་བདོག་ལགས།
རིན་པོ་ཆེ་ཀ་བཞི་ནས་ནི་དེ་ཚོར་ཕན་འདོགས་ལ་ཅིས་ཀྱང་ཕེབས་དགོས་པ་འདུག་གསུང་པའི་ཚུར་སྟོན་གནད་བྱུང་བ་ལ། སྤྱན་འདྲེན་ལ་བཏང་དུས་ཕེབས་ནི་མ་བྱུང༌། སྡེ་པ་ཀུན་སྤངས་དྲུང་གིས་སྔ་བྱིན་ཤིན་ཏུ་བཀྱོན་པར་མཛད། རང་རེ་ལ་འགྲོ་དོན་ཕྲན་བུ་བྱུང་བ་ལ། ཞྭ་དམར་ནག་ལ་འགྲན་པ་ཡིན་ནོ་ཞེས་པ་ལ་རྐང་བཅོལ། འཕྲལ་ཟར་ཟིར་དེ་ལ་བསྙད་པའི་གསུང་ར་ཐོན་ལུག་ཐོན་དུ་བྱོན། སྐུ་ཉེའི་གསར་འགྲོགས་ཀྱི་རྒྱབ་སྐྱོར་ཁུངས་དང༌། སྟག་ལོ་སྤ་མནམ་ནས་ཡོངས་དུས་བཟང་ལྡན་པ་དང་། གསེར་མདོག་ཅན་པ་དང་། གདོང་དགའི་འབོད་མི་སོགས་རྟ་བ་བཅོ་ལྔ་བྱུང་བ་ཚུན་ལ་ཀོ་ལོང་མཛད། འོན་ཀྱང་ཁོ་བོའི་སེམས་ལ་ནི་ད་ལྟ་སྣ་ཚོགས་པའི་བརྗོད་པ་སྨྲ་བ་པོ་རྣམས་རང་འབྲས་དང་རང་མདོག་མྱུར་དུ་སྟོན་པར་འདུག །སྙིང་རེ་རྗེ་སྙམ་པ་མ་གཏོགས་གནོད་སེམས་ཡེ་མ་སྐྱེས།
བསྟན་འཛིན་རིན་པོ་ཆེར་རྗེ་གྲོལ་མཆོག་ནས་བརྒྱུད་པའི་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་གི་སྙན་འདེབས་ཞུ་བར་དགེ་སྟེང་སློབ་དཔོན་པ་ཡང་ཡང་བཏང་བ། དཔེ་གསར་འཛིན་བྱེད་དགོས་པ་ལ་ཁག་བསྐུར་མཛད་ནས་རེ་ཞིག་མི་ཡོང་གསུང་གིན་འདུག །དེ་མ་གནང་བ་ལ་ཕྱིས་ཁྱེག་འདྲ་བྱུང་ཡིན། གཞན་ཡང་བཀའ་བཀོད་སྣ་ཚོགས་ངེས་མེད་དུ་འབྱོན་ཅིང་། ཕྱག་གཡོག་རྣམས་ཀྱི་འགྲོ་འཚམས་ལ་བརྟེན་པའི་བྱེད་ལུགས་དང་བརྗོད་སྒོ་སྣ་ཚོགས་བྱས།
དེ་ནས་ཉེ་སྐོར་གཡས་གཡོན་ནས་འབོད་མི་བྱུང་དོགས་དང་། དེ་ལ་བརྟེན་ནས་ངམ་རིང་དུ་འགྲོ་དགོས་བྱུང་དོགས། ཇོ་ནང་ནས་ཐོ་རངས་ཤིག་བཏེག །སྔར་ནས་ལུང་ནག་ཤེལ་དཀར་ལ་ཡོང་དགོས་ཚུལ་ནན་ཆགས་ཡོད་ནའང་། ལྟས་མི་ལེགས་པ་ཁོ་ནས་ཤེལ་དཀར་གྱི་ཐད་ལ་ཡང་གསང་སྟེ་ཕྱིན། དེ་ནུབ་ཁྲོ་ཕུར་བྱམས་ཆེན་ལ་ཕྱག་མཆོད་སྨོན་ལམ་སོགས་བྱས། བྱང་ཆེན་དུ་ཟླ་བ་ཕྱེད་གཉིས་ཙམ་ཕྱི་མཚམས་མེ་བལ་ནང་དུ་དགེ་སྦྱོར་འཕེལ་བར་བྱུང༌། རྐང་པ་ཅུང་ཟད་ན་བ་ཡང་ནད་འདོན་གྱི་དམིགས་པ་གཏད་པ་ཁོ་ནས་སེལ།
བྱང་ཕྱོགས་རུག་མ་ཞེས་བྱ་བའི་ཡུལ་ནས་འོངས་པའི་འཕྲེང་གི་ཞེས་བྱ་བའི་མི་རིགས་ཀྱི་ཚོང་པ་ཞིག་བལ་པོར་སླེབ(སླེབས)པ་དེའི་བྲམ་ཟེ་ཞིག་ལ་ཟོང་བསྐུར། བྲམ་ཟེ་དེས་ཀྱང་ངམ་རིང་ནས་ངེད་ཀྱི་ཟླ་ལ་འོངས། ཇོ་ནང་དུ་འཆི་ལ་ཁད་བྱུང༌། ནད་གཡོག་སྨན་སྔགས་སོགས་གང་གྲག(དྲག)བྱས། ནད་ཕན་ཅིང་། འདི་སྐབས་ཚོང་པ་ཁོ་རང་ཡང་སླེབ(སླེབས)། སྔར་མ་ཐོས་པའི་བྱང་ཕྱོགས་ཀྱི་ཡུལ་གྱི་གཏམ་མང་པོ་དང༌། བཟོ་བཀོད་ངོ་མཚར་ཅན་སྔོན་མེད་མང་པོ་མཐོང༌།
བྱང་ཆེན་པ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་འཁྲིད་དང་བཤད་པ། བཀའ་གདམས་ཀྱི་མན་ངག་ཐོར་བུ་མང་པོ་དང་བཅས་པ་བཤད།
གསེར་མདོག་ཅན་དུ་ལམ་འབྲས་སོགས་ཆོས་རྒྱ་ཆེ་རབ་དགོས་ཚུལ་གྱི་ནན་ཆགས་སྔ་མོ་ནས་ཡང་ཡང་ཡོད་པ་དང༌། དེ་སྐབས་དུས་ལ་བབ་པའི་སྟབས་གསེར་མདོག་ཅན་དུ་འགྲོ་བའི་མར་ལམ། བསམ་རྩེར་ཤོག་གསུང་བ་ལྟར་ཕྱིན། སླེབ(སླེབས)པའི་སང་ཉིན་ཀུན་སྤངས་དྲུང་ལ་ཚེ་དབང་འདྲ་དགོས་གསུང་བ་ལྟར་བྱས། དེ་ཡང་ཀུན་སྤངས་དྲུང་སྐུ་མཉེལ་ནས་ཟླ་བ་གཉིས་ལྷག་སོང་སྐབས་ཡིན། སྙུང་གཞིའི་རྐྱེན་ཡང་གདོན་གྱི་གནོད་པས་བྱས་འདུག །
སྐབས་དེར་བསྲུང་འཁོར་ལ་རིན་པོ་ཆེ་ཀ་བཞི་ནས་གཟིམས་ཆུང་མདོ་ཕུག་ཙམ་མཛད་ནས་བཅར་བཞུགས་དང༌། ཀླུ་སྡིངས་ན་རྗེ་ཞྭ་དམར་སྤྲུལ་པའི་སྐུ་དང༌། དྲུང་པ་རིན་པོ་ཆེ་ཡང་བཞུགས་བཞིན་པ་ལ། {གདོན་གདུག་པ་ཅན་གྱི་རང་མཚན་དུ་སྣང་བས།} བླ་མ་རྣམ་གཉིས་ཀྱི་དབང་བྱིན་རླབས་གནང་བ་ལ་ཕེབས་རེས་ཀྱི། སྡེ་པ་ལ་ཞུད་ཁ་གྲག(དྲག)པོ་ལུང་མེད་དེ་བྱུང་བས། བླ་མ་རྣམ་གཉིས་ཀྱང་ཕེབས་པའི་རྒྱུན་ཆད། ཀ་བཞི་ནས་ཀྱང་མཛད་ཐེས་ཟད་པ་ལ། སྡེ་པ་གནང་ཆེས་པས་མི་བཞུགས་ཀ་མེད་ཀྱི་གང་གྲག(དྲག)ཅི་གྲག(དྲག)གི་སྐབས་དེར་སྣང༌།
དེ་སྐབས་ཀུན་སྤངས་དྲུང་ལ་ཐོག་མར་བགེགས་སྐྲོད་དྲག་པོ་ཞིག་བྱས་པ། སྡེ་པ་རང་ལ་ཟིལ་ཆེན་པོ་དང་། འཇིགས་སྣང་གི་དྲན་མེད་དུ་འགྲོ་ཚད་པ་དང་། དྲག་ཏུ་རྟུལ་བ་སོགས་རེ་ཞིག་བགེགས་འཐོན་པའི་རྟགས་གསལ་བོར་བྱུང༌། དེ་འཕྲལ་རང་ནས་བཟུང་སྐུ་ཁམས་དེ་ཇེ་གྲག(དྲག)ལ་སོང༌། ཀུན་སྤངས་དྲུང་ནི་ཁ་སང་ནས་ཟླ་བ་གཉིས་ཀྱི་ཁོངས་སུ་ཞལ་ནས་གང་བཏོན་ཚོ་ནི་བརྗེད། སྔར་བཀའ་བཀྱོན་བཀྱོན་ཀ་མཛད་མཁན་དེ་དང་རྒྱུད་མི་གཅིག་པ་འདྲ་བ་ཞིག་བྱས། རྒྱང་ཙམ་སྡོད་དགོས་ཚུལ་ནན་ཆགས་རང་གསུང་གིན་འདུག །
དེ་གོང་གདོན་གྱིས་སྦས་པའི་རྣམ་པས་འཚོ་བྱེད་རྣམས་ཀྱིས་ཀྱང་ནད་ངོས་མ་ཟིན་པ་ལ། དེ་མཚམས་ནས་ནད་ངོ་ཟིན་ཅིང་སྨན་གྱི(གྱིས)བཅོས་བྱས་ཏེ་སྐུ་ཁམས་བདེ་བའི་ལུགས་བྱས། ཞག་བཅུ་གཅིག་བར་བསྡད།
ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་གསེར་མདོག་ཅན་དུ་ཕྱིན། བཅོ་ལྔ་ནས་བཟུང་ཆོས་བཙུགས་ཏེ། སྔ་ཐུན་ལ་ས་སྐྱ་བཀའ་འབུམ་ལུང་གང་འགྲོ་རེ་དང་གྲོལ་བའི་ཐིག་ལེའི་འཁྲིད། གུང་ཐུན་ལ་ལམ་འབྲས་ཀྱི་འཁྲིད་ཚུགས། ཞག་བརྒྱད་སོང་མཚམས་རིན་པོ་ཆེ་ཀ་བཞི་ནས་ཀླུ་སྡིངས་སུ་སྒར་པ་མཇལ་བ་ལ་བྱོན། དགོངས་མོ་རྩེ་ལ་ཕེབས་དུས་གདོན་གྱིས་ཕྱི་འབྲངས་བྱས། ཀུན་སྤངས་དྲུང་ལ་ཞུད་ཤིན་ཏུ་ཐུ་བ་བརྒྱབ་སྟེ་འགྲོངས་ལ་ཁད་བྱུང༌། དེའི་རྐྱེན་གྱིས་སྙུང་གཞི་ལོག །
ཡང་འབོད་མི་ནན་ཅན་འཕྲལ་དུ་བྱུང་བས། བསམ་གྲུབ་རྩེར་འགྲོ་དགོས་ཤར། ཆོས་ཀྱི་སྟོབས་འཕྲལ་དུ་གསེར་མདོག་ཅན་ལ་ལོག་འགྲོ་རྩིས་ཡིན་ནའང་། ཞལ་ངོ་ཐམས་ཅད་ཀྱིས་ནན་ཆགས་གནང་བས། སྐུ་ཁམས་བདེ་བསྐྱེད་ཐོན་གྱི་བར་སྡོད་དགོས་བྱུང་བ་ཟླ་གཅིག་ཞག་ཉི་ཤུ་ཙམ་སོང༌། དེ་བར་ལ་ཉིན་རེ་བཞིན་གཏོར་དབང་རེ་རེ་དང༌། ཚེ་དབང་གང་འགབ་རེ་ཀུན་སྤངས་དྲུང་རང་ལ་ཕུལ། ཞལ་ངོ་གཞན་རྣམས་ལ་དགོངས་བཞེད་ལྟར། ཚེ་དབང་རྗེས་གནང་རྣམ་གྲངས་མང་ཙམ་དང༌། དཔལ་དུས་ཀྱི་འཁོར་ལོ་དང༌། བདེ་མཆོག་ནག་པོ་པའི་དབང༌། ཆོས་རྗེ་དཀོན་མཆོག་ལེགས་འཛིན་པ་ལ་མི་གཡོ་བླ་མེད་ཀྱི་དབང༌། རྣམ་སྲས་རིགས་ཆེན་བརྒྱད། གཞན་ཡང་འདོད་ཆོས་ཅི་རིགས་བཤད།
ཞྭ་དམར་བའི་སྒར་ནས་བླ་མ་གླིང་པ(ཀརྨ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་བྱང་ཡང་བ་ཅན་གྱི་མཁན་རབས་བཅོ་ལྔ་པ་ཀརྨ་ཉི་མ་ནི་མཁས་གྲུབ་གཉིས་ལྡན་ཡིན།)འདོད་ཆོས་ཀྱི་སྙིང་པོ་གལ་ཆེ་བ་ཡིན་ཟེར་ནས། ཁོང་སོགས་དབང་ཆ་གཅིག་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་དང༌། འཁྲིད་བརྒྱ་ཚང་བ་ཞིག་བཤད།
ངེད་སླེབ(སླེབས)འཕྲལ་ཀ་བཞི་ནས་ནི་གནོད་སྦྱིན་དོམ་གྱི་དབང་པོའི་དཔེའམ་བཙོན་ཐར་བ་བཞིན་དུ་ལོག་ཕེབས་སོང༌། དེ་རྗེས་ལན་ཅིག་འཆམ(ཆམ)པས་རེ་ན་ཅིག(ཞིག)བྱུང་སྐབས། ཉི་མ་དགོང་ཇ་ཁ་ཅིག(ཞིག)། གཉིད་བྱུང་དོགས་ཟུར་འཕྱོང་གི་དཔྱངས་ཁ་ན་བསྡད་ཡོད་པས། བུད་མེད་དམར་མོ་དྲེའུ་ལ་ཞོན་པ་སྣང་གསལ་གྱི་རྫོང་རི་ལས་ཆེ་ཆེ་ཙམ་ཞིག་ནས། ལས་ཀ་དོན་ཆེན་མང་པོ་དེང་སང་འཕྲལ་དུ་འགྲུབ་པ་ཡོད་པ་ཡིན་ཏེ། ཁྱེད་འདིར་སྡོད་དགོས། འདིར་རེ་ཞིག་འགྱངས་སོང་ཟེར་ནས་ལྕགས་ཀྱི་མདའ་ཕྱོགས་ལ་ཡལ་གྱིས་སོང་ངོ༌། །
སྐུ་དོག་ཕན་ཚུན་དུ་འགྱུར་བའི་སྡེ་བ་ཀརྨ་བསྟན་སྲུང་དང༌། སྲང་སྟོད་ནས་ཀྱང་སྐུ་མཉེལ་བ་ལ་བགེགས་སྤྲོད་དབང་སོགས་བྱས་པ་ཙམ་གྱིས་སྐུ་ཁམས་སངས་དྭངས་པ་རྐྱང་བ་བྱུང༌། སྒར་པ་རྣམས་སྤ་མནམ་དུ་ཕེབས་ཁར། སྒར་སྟོན་ལ་རྩེ་ལ་ཕེབས་དུས་ཀུན་སྤངས་དྲུང་རང་གིས་ཀྱང་ཞུད་བྱུང་དོགས་ཀྱི་བསྲུང་འཁོར་དམིགས་པ་ནན་ཅན་དགོས་ཚུལ་འཕྲལ་འཕྲལ་གསུང(གསུངས)། དེ་དུས་ཞུད་ཁའི་རྣམ་པ་བྱུང་ཡང་མ་བྱུང་། དེ་རྗེས་མི་རིང་བར་སྐུ་ཁམས་སངས་གྲག(དྲག)ལྟ་བུར་སོང༌།
ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་སླར་ཡང་གསེར་མདོག་ཅན་དུ་སླེབ(སླེབས)། ལུང་ཆོས་ཀྱི་རིམ་པ་སྔར་བཞིན་བཙུགས་ནས། སྔ་ཆོས་ལ་ལུང་ཤོག་བུ་གདོང་ཐོན་བརྒྱ་བུད་རེ་བཀླགས། འཁྲིད་ཀྱི་ཆོས་ཐུན་ཅི་རིགས་པ་རེ་བྱས། དགོང་ཆོས་ལ་ལམ་འབྲས་ཀྱི་འཁྲིད་བཏབ། ཞག་ཉི་ཤུ་ཚུན་ལ་ལམ་འབྲས་ཀྱི་སྣང་གསུམ་རྫོགས་ཤིང༌། འཁྲིད་གཞན་གཤེད་དམར་སྤྲོས་མེད། ནཻ་གུ་སོགས་ཤངས་པའི་གསེར་ཆོས་བཞི། རྭ་རྩེ་སེམས་འཛིན། སྙིང་པོ་དོན་གསུམ་སོགས་རྣམ་གྲངས་མང་དུ་སོང་ཞིང༌། སེམས་བསྐྱེད་ཀྱི་དུས་ཀྱང་སྐྱེ་བོ་འདུ་འཚོགས་ཆེ། རྒྱུ་དབང་ལ་དབང་ཆ་ལྔ་བཅུ་ང་བགྲངས་བྱུང་རུང་རྩོལ་བ་བསྐྱེད་དེ་མྱུར་དུ་གྲུབ་པར་བྱས། རྒྱུ་དབང་སྐབས་ཤ་སྟེང་ནས་དཔོན་ས་རིན་མོ་ཆེས་ཀྱང་ཕེབས་ཤིང་། གཞི་བྱེས་ཚང་མ་ལ་མང་ཇ། ནས་འགྱེད། སྐམ་འགྱེད། ཁྲིད་སྟོན་ཚོགས་འཁོར་བཟབ(གཟབ)རྒྱས་དཔེ་མེད་རང་མཛད།
རྒྱུད་གསུམ་གྱི་འཁྲིད་ཀྱི་སྐབས། སྔ་དྲོ་འཁྲིད་གཞན་གྱི་ཐུན་རེ་བཤད་པ་ལ། བསམ་མི་ཁྱབ་སོགས་ལམ་སྐོར་ཆུང་བ་བརྒྱད་པོ་རྣམས་ལ། ཨིནྡྲ་བྷུ་ཏིའི་སྐོར་མ་གཏོགས་བདུན་པོ་རྣམས་ཀྱི་འཁྲིད་དམིགས་གང་ཞིབ་བྱས།སོ་སོའི་ལུང་ཡང་ཚང་བར་རྫོགས།
སྔ་སོར་བསམ་འགྲུབ་རྩེ་ནས་ཡོངས(ཡོང)དུས། ཀུན་སྤངས་དྲུང་ལ་ད་ལོ་བསམ་རྩེ་རང་དུ་བཞུགས། ཐུགས་དམ་བཞིན་ཡང་གནང་ཐུབ་ན་རབ། དེ་མིན་ཡང་སྐུ་རིམ་གང་གྲག(དྲག)གནང་འཕྲལ་སྤྱོད་ཐུགས་རྟོག་གང་ཞིབ་གནང་པས། ལོ་གསར་ནས་སྐུ་དོག་ལས་གྲོལ་འགྲོ་ཤས་ཆེ་བ་འདུག་ཞུས་པ་ཡིན་ནའང༌། འདི་དུས་ལམ་འབྲས་གྲོལ་དུ་ཉེ་བའི་སྐབས་ཤིག །ཀུན་སྤངས་དྲུང་སྤ་མནམ་དུ་གློ་བུར་དུ་ཐེགས་སོང་ཟེར་བས། མཐར་ཐོན་མི་ཡོང་བསམ་ཞིང་གཞི་བྱེས་གཞན་ཐམས་ཅད་ལ་ཡང་སྨྲས།
ལམ་འབྲས་གྲོལ་འཕྲལ། ཨུ་རྒྱན་རྫོང་ནས་དཔོན་སའི་དྲུང་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་མགོ་ལ་འགྲོ་དགོས་བྱུང་ཞིང་། གདུང་ཆོག་རིམ་པ་ཞེ་དགུ་མ་གྲོལ་བར་དུ་སྨིན་པོར་བྱུང༌། དེ་སྐབས་འཕུར་མོའི་འབྲི་གཡག་རྣམས་དཔོན་ས་དེ་ཉིད་རང་གི་ཞལ་ཆེམས་ལྟར་དགེ་རྒྱུན་ལ་སྦྱོར་བ་མཛད། ས་འདིར་མྱང་སྟོན་པ་སོགས་དོན་གཉེར་འགའ་ལ་རྡོ་རྗེ་འཕྲེང་བ་སོགས་འཕྲེང་བ་སྐོར་གསུམ་དང་དཔུང་བཟང་གི་རྒྱུད་ཀྱི་བཤད་པ་ཡུལ་ལེ་བ་རེ་བྱས།
ཀུན་སྤངས་དྲུང་ནི་ཁོང་རའི་དགོངས་བཞེད་དང་། ཕྱག་གཡོག་ཕྱོགས་འཛིན་ཅན་རྣམས་ཀྱིས་བསྐུལ། སྤ་མནམ་ཆུ་བཟང་བ་དང་བླ་མ་རྣམ་གཉིས་ཀྱི་བཀའ་བཀོད་ལ་ཡང་བརྟེན་སྐུ་ཁམས་སངས་ཏེ་གྲག(དྲག)འགྲོ་བ་གཞིར་བཞག་པ་ལ་གྲག(དྲག)པའི་ངོ་སོ་གཞན་ལ་མི་འཆོར་བའི་ཕྱིར་རང་དུ་ཕེབས་པར་གནང་ཞིང༌། ཀ་བཞི་ནས་ནི་མཆོད་ཡོན་ལྷན་དུ་ཆབ་ཚན་ལ་ཕེབས་པའི་རྩིས་ཀྱི་རིན་པོ་ཆེས་ཀྱང་སྤ་མནམ་དུ་ཕེབས། སྔར་བྲོས་པ་ཡིན་ཡང་དེ་དུས་ཚུར་འཁོར། དེའི་ཐོག་ཞག་ཤས་ནས་སྡེ་པ་སྐུ་ཁམས་འཕྲལ་དུ་ལོག་པའི་ཇེ་ལོད་ཀྱི་ངང་ནས་མཐར་ཡང་ཞུད་ཁས་བསྡུས་གདའ{ཞུད་ཁས་རྣམ་པས་གཤེགས་འདུག །}
ངེད་ཚོ་ཨོ་རྒྱན་རྫོང་དུ་སླེབ(སླེབས)ནས་ཞག་པོ་དགུ་ཙམ་སོང་བ་ན། བསྔོ་རྟེན་གྱིས་སླེབ(སླེབས)བྱུང༌། སྔར་དེ་འདྲའི་སྐུ་ཁམས་གྱོང་བ་ལ་གཞུག་ཏུ་སུ་ལས་ཀྱང་དབྱིངས་ཆུང་བ་དེ་འདྲ་ཅིག(ཞིག)ཡོང་བ་ཨང༌། འདིར་མ་ཟད་གྱང་གྱོང་ཤང་ཤིང་རྫས་རྫས་དབང་འདྲ་ཡོད་གྱུའི་ཁུངས་ལ་མན་ནེ་མུན་ནེ། ངན་ཤེད་ཁྱེར། བསམ་ངན་ཁོག་བཟུང་བ་སྔ་ཕྱི་ད་ལྟའི་བར་ཇི་སྙེད་ཅིག་གདའ་སྟེ་ལང་པ་ཅིག(ཞིག)དང་ཁུམ་པ་ཅིག(ཞིག)ཀ་སྔར་ཡང་བྱུང༌། ད་དུང་ཡོང་བ་འདི་ལར་མི་གོ་བར་འདུག་ལགས།
དེ་རྗེས་ཨུ་རྒྱན་རྫོང་དུ་དགོངས་རྫོགས་གྲོལ་ནས། འཇགས་སུ་རབ་གནས་ལ་འགྲོ་དགོས་སྟབས་ཆུ་བྱང་ཀ་རྒྱུད(བརྒྱུད)ནས་ཕྱིན། གྲྭ་ཚང་ཆེན་མོར་རིན་པོ་ཆེ་ཚུལ་ཁྲིམས་པས་གསུང་ནན་ཅན་བྱོན་ནས་ཁོར་ཙམ་ཕྱིན། ཚོགས་པ་རྣམས་ལ་ཆོས་འབྲེལ་སོགས་ལེགས་ལམ་ཆེར་བྱུང༌།
དེ་ནས་འཇགས་སུ་ཕྱིན། དེ་སྐབས་ཞག་པོ་དགུ་བསྡད། ཁྱུང་པོའི་ཡིན་ཐང་ཞལ་ཕྱི་ནས་གསོལ་བ་བཏབ་པས་མེ་ཏོག་གི་ཆར་ལག་པས་བཟུང་དུ་བཏུབ་པ་ཙམ་སྙོན་མེད་དུ་བྱུང༌། ལན་ཅིག་སྟག་ལུང་རིན་པོ་ཆེ་སྐུ་བག་ཙམ་སྙེལ་བ་ཞིག་རྨི་ལམ་དུ་བྱུང་བས་བློ་ཅུང་མ་བདེ། འདི་སྐབས་སྐུ་སྙེལ་བའི་འགོ་ཙམ་ཡིན་ཚོད་དུ་གདའ། ཚོགས་པ་རྣམས་ལ་རྒྱུད་སྡེ་ལྔའི་དབང་ཆེན་མོ་དང་གསེར་ཆོས་ཆུང་བ་རྣམས་བཤད། ཉུང་བསྡུས་འགའ་ཞིག་ལ་སུ་ཁའི་ཆོས་སྐོར་རྣམས་ཀྱང་བྱས།
རིན་པོ་ཆེ་འཕྲིན་ལས་བཀྲ་ཤིས་པའི་ནང་རྟེན་ཐུབ་པའི་གསེར་སྐུ་ལ་རབ་གནས་བྱས་པའི་དངོས་གཞིའི་ཉིན་མོ་སྒོ་བསྒྲིགས་ནས་རླུང་ཆེན་པོ་ཞིག་བྱུང་སྟེ། ལྕོག་རྩེ་མགུལ་ནས་འཐུང་དཀར་དང་ཆུང་འཆག་མེད་སྡེ་པ་ཀར་བསྟན་དྲུང་གི་ཕྱག་ནས་བྱུང་འཕྲལ་ཞིག་ཡོད་པ་དེ་ཞལ་བའི་དཀྱིལ་དུ་འཕར་དེ་ཆག །
དེ་འཕྲལ་སྟག་སྣ་ནས་ཞབས་དྲུང་དྲེ་བོ་སྤྲུལ་པའི་སྐུས། སྟག་སྣར་ཁོར་ཙམ་ཡོང་དགོས་གསུང་བའི་འབོད་མི་ཞིག་གནང་བྱུང༌། དེ་ཉིན་ཀ་ཉུག་ནས་ཀྱང་འབོད་མི་བྱུང༌། དེའི་སྔ་ནུབ་རྨི་ལམ་དུ་ཁ་ཆེ་པཎ་ཆེན་ཡིན་ཟེར་བའི་པཎྜི་ཏ་རྒྱ་གར་གྱི་དགེ་སློང་རྒན་པོའི་རྣམ་པ་ཞིག་བྱུང་བའང་། རྒྱ་འདྲེའི་ཆོ་འཕྲུལ་དུ་ཤེས་ནས་སྤྲུལ་བསྒྱུར་གྱི་འདུལ་དགོས་སྙམ་པ་ལ་ལོང་མ་བྱུང་བར་གཉིད་སད། རྨི་ལམ་དེ་དང་དཀར་ཡོལ་ཆག་པ་ལ་རྟོག་དཔྱད་ཅུང་ཟད་བྱུང་བས། དེ་སྐབས་གཉིས་ཀ་ལ་མ་ཕྱིན།
སྟག་སྣ་ནས་ཚུར་ཇ་འདྲེན་ཞིག་གནང་བྱུང༌།འོན་ཀྱང་ལྟས་དེ་འཇགས་པ་སྤྲུལ་པའི་སྐུ་དང༌། ཞབས་དྲུང་དེ་ཕོ{ཏྲེ་བོ}གཉིས་ཀ་རིང་པོར་མི་བཞུགས་པ་ལ་ལྟ་བར་འདུག །
མགོན་ཁང་གི་རྡོ་སྐུའི་དྲུང་དུ་ནུབ་ཅིག་གསོལ་བ་འདེབས་ཀྱིན་བསྡད་པས། མགོན་གཡག་རྣམས་ཐག་རིང་པོ་ན་འཁྱམས་ཤིང་ཡོད་འཕྲོ་ལ་ནུབ་མོ་དེ་ཀ་ལ་ཐམས་ཅད་འདུས་ནས་གླིང་གསེབ་ཉུལ་ཞིང་ངར་སྒྲ་འབྱིན་པ་བྱུང༌། ཡོང་ཁར་ཆོས་ཅིག་བཤད་པ། དཔོན་ཆུང་སོགས་ཆོས་ཁྲིའི་ལྟག་ཏུ་བསྡད་སོང༌། བར་སྐབས་ཚོ་གཉིས་སུ་འགྲོ་བའི་ལྟས་སུ་གོ་ནས་ཟླ་བོ་ཚོ་ལའང་འཐབ་དགོས་བྱུང༌། ཚུར་ལམ་ཆུམས་སུ་ཆོས་རྗེ་སྐལ་བཟང་བ་དང་གསུང་གླེང་འཕེལ་བར་བྱས།
གསེར་མདོག་ཅན་དུ་བླ་ཕྱེད་སྒོར{ཟླ་ཕྱེད་སྐོར}བསྡད། ས་སྐྱ་བཀའ་འབུམ་གྱི་ལུང་གི་འཕྲོ་དང་། རྗེས་གནང་སྣ་ཚོགས་པ་དང་། ཆོས་ཐན་ཐུན་རྣམ་གྲངས་མང་བར་བྱས།
ཡར་ལམ་བསམ་འགྲུབ་རྩེར་ཞག་བཅུ་བདུན་སྐོར་བསྡད། ཞལ་ངོ་སོ་སོར་ཆོས་བཀའ་མང་རབ་དང༌། རང་གི་ཟླ་ལ་སྡོད་པའི་དོན་གཉེར་འགའ་ཞིག་ལ། རྒྱུད་བླ་མ་ཐོགས་མེད་འགྲེལ་ཆེན་དང་བཅས་པའི་ཟབ་བཤད་བྱས།
དེ་ནས་ཁྲི་ཁང་དུ་རིན་པོ་ཆེ་ཀ་བཞི་ནས་ཀྱང་ཕེབས། བདེ་མཆོག་སོགས་དགོངས་བཞེད་ཀྱི་ཆོས་བཀའ་ཡང་མང་དུ་ཕུལ། སྔར་ལས་ལྷག་པར་གུས་པ་ལྟར་མཛད་ཀྱིན་འདུག །
ཡར་ལམ་སྤ་མནམ་དུ་ཁོར་ཙམ་ཕྱིན་ནས། བསམ་སྡིངས་སུ་སླེབ(སླེབས)འཕྲལ་མཚམས་བསྡམས། རྒྱལ་རྩེར་འགྲོ་དགོས་བྱུང་དོགས་པའི་སྣང་བ་ཅིག(ཞིག)ཤར་བ་ནས། སྤ་མནམ་དུ་སྡེ་བ་ཀར་བསྟན་དྲུང་དང་ཡང་གླེང་སླང(སློང)བྱུང༌། དེ་ཡང་རྒྱལ་རྩེ་ནས་བདག་པོ་རྒྱལ་བའི་དྲུང་འབྲུག་པའི་བུ་ཆེན་རྗེ་ལྷ་རྩེ་བ་ལ་ཐུགས་མོས་ཆུག་ཅིང་བཀའ་ཆོས་གསན། རྟོགས་ལྡན་རྣམས་དང་ལྷན་དུ་རླུང་ཁྲིད་སྐྱོང་བར་མཛད། དེ་སྐབས་གཟིམས་ཆུང་འོད་ཀྱིས་ཁྱབ་པ་དང་། དབུ་ལ་མེ་འབར་བའི་ཉམས་སྣང་བྱུང་གསུང༌།
ངེད་གསེར་མདོག་ཅན་ན་ཡོད་དུས་སྨན་དཔོན་པ་བརྒྱུད་ནས་ཇི་ལྟར་ཡིན་འདྲི་བར་གནང་བྱུང་བ་ལ། ངས་ནི་བདེན་པ་རང་ལ་རྒྱལ་འགོང་གི་ཆོ་འཕྲུལ་ཡིན་ལས་ཆེ་ཞུས་ནའང༌། ཤིན་ཏུ་མ་དགྱེས། རིན་པོ་ཆེ་ལྷ་རྩེ་ནས་ཕྱག་རྡོར་གཏུམ་པོའི་བསྙེན་སྒྲུབ་ཀྱི་རྟགས་ཡིན་པར་ལུང་བསྟན་དབུགས་དབྱུང་མཛད་གདའ།
རྟགས་དེ་ཚོ་བྱུང་ནས་ཟླ་བ་ལྔ་དྲུག་གཅིག་སོང་བའི་འདི་སྐབས་ངེད་མཚམས་བསྡམས་ནས་ཞག་བདུན་སོང་སྐབས། བདག་པོ་སྐུ་འདས་ནས་དགོངས་རྫོགས་ལ་འབོད་མི་སླེབ(སླེབས)། ཞག་ཤས་ནས་དུས་ཚོད་ཚེས་གྲངས་དང་བསྟུན་རྒྱལ་རྩེར་ཕྱིན། བྱང་བཞུ་སོགས་བྱ་བར་འོས་པ་རྣམས་འབད་དེ་བགྱིས། བདག་པོ་དེ་སྔ་མོ་ནས་ཐུགས་དམ་འཕེལ་ཤིང(ཞིང)ཐུགས་རང་བཞིན་བཟང་བ་དགེ་ཕྱོགས་ལ་དཀར་བ་ཞིག་ཡོད་ནའང༌། ཕྱིས་རྟིང་ཐུགས་སུ་བར་ཆད་ཞུགས་པའི་རྣམ་པས་འོས་བབ་མེད་པ་ལ་ཁྲིམས་གཅོད་ཚན་ཅན་སོགས་སྣ་ཚོགས་མཛད། ད་དེ་རང་སེམས་ཀྱི་གནས་ལུགས་རྟོགས་བྱུང་གསུང་གིན་སྡིག་པ་ལ་ཡེ་མི་འཛེམ་པ་ཞིག་བྱུང་ཞིང༌། འདི་སྐབས་ཀྱང་བསྲེ་འཕོའི་རླུང་སྒོམ་པ་ཡིན་གསུངས་ནས་ཁྲུང(ཆང)བག་མེད་གསོལ། སྐུ་འཁྱགས་བྱུང་བས་རྐྱེན་བྱས་པར་གདའ། སྐུ་གཤེགས་ནས་དགོངས་རྫོགས་ཀྱང་ཧྲབ་ཧྲེབ་ལས་མ་བྱུང་སོང་།
དེར་ཡུན་རིང་ཡང་མ་བསྡད། ངེད་དང་བྱང་བའི་ཡུམ་ཆེན་མཁོན་སེལ་དུ་སོང་བའི་ཁུངས་ལ། གཉེན་ཚན་གྲ་བསྒྲིགས་སུ་རློམ་པའི་རྒྱང་རྩེ་རྩེ་ཆེན་གཉིས་ཀ་མ་མགུ་བའི་ནག་ལོག་ཀོ་ལོག་ལ་སོང༌། སྡོང་པོ་ཁོག་རུལ་གྱི་བླ་མ་དང་ཆོས་རྫུས་ཕོ་མོ་ཚོ་ངོམ་ངོམ་འདྲ་བྱེད་ཀྱིན་འདུག་སྟེ། གང་ཡང་མ་འགོར་བར་ཅི་འདྲ་ཞིག་བྱུང་ཀུན་གྱིས་ལྟོས་ཤིག །ༀ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ།
སླར་ཡང་དགུན་ཐོག་དེ་བསམ་སྡིང་དུ(སྡིངས་སུ)དགེ་སྦྱོར་གང་ཡོད་དང༌། ཉིན་མོ་ལྟ་རྟོག་ཕྲན་བུ་སོགས་རྩོལ་བ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་ལ་ལུས། རྨི་ལམ་གཟུང་བས་ཡུལ་སྣང་གི་བཀོད་པ་ཤམྦྷ་ལ་དང་པོ་ཊ་ལ་སོགས་ངོ་མཚར་ཆེ་བར་བྱུང༌། དུས་གཏོར་གྱི་བསྐང་གསོ་བྱས་པ་ཞིག་ལ། གཏོར་མའི་དབུས་ནས་བཙོ་འཐོན་པ་དང༌། ཟིལ་ཆེན་པོ་བཟོད་པར་དཀའ་བ་བྱུང༌། དེ་རྗེས་ཞི་བའི་སྦྱིན་སྲེག་ཀྱང་མང་དུ་བྱས།
འདི་སྐབས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། སྟག་ལུང་རིན་པོ་ཆེ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཞིང་བརྗེས་པའི་གཏམ་སྐྱེལ་བ་དང༌། ཐུགས་དམ་གསལ་འདེབས་ཀྱི་རྟེན་སྐྱེལ་བ་དང༌། ཞུས་འབུལ་དང་རྟེན་བཞེངས་སོགས་གང་ཅིར་སྔ་ཁྱད་ཆེ་བའི་གལ་ཆེ་ཡོད་ཚུལ་གྱི་ནན་ཆགས་འབོད་མི་ལ་གཟིམས་དཔོན་ནམ་མཁའ་གནང་བ་ལྟར་མི་རིང་བར་ཆས།
འདོལ་བྱུང་དུ་ཞག་གསུམ་པ་ཞིག་བསྡད། དེ་མིན་ལམ་དུ་འགོར་བ་མེད་པར་ཞུགས། སྣ་དཀར་རྩེར་ཞག་ལྔ་པ་ཞིག་དང༌། འབྲང་ཕུར་ཡང་ཞག་ཤས་བསྡད། ལྷུན་རབ་ཏུ་ཕྱིན། སྐྱེད་ཚལ་འོག་གི་མཁན་སློབ་རྣམས་ཀྱིས་དགོན་པར་ཤོག་གསུང་བ་ལྟར་གྱི་ཆོས་ཁྲིའི་སྟེང་ནས་ཚོགས་པ་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་བྱས།
ཡོལ་རི་གོང་དུ་མགོན་པོ་ལ་བསྐང་གསོ་དང་སྤྱན་གཟིགས་འགའ་ཕུལ། གསོལ་བ་བཏབ་པས་བྱིན་རླབས་ཀྱི་རྟགས་མཚན་ཡང་ཅུང་ཟད་བྱུང༌། ཕར་ལམ་གྱི་རེ་ལྷ་ཁང་དུ་ལྷ་རིན་པོ་ཆེའི་ཕྱག་གི་འཕེལ་གདུང་སྤྱན་དྲངས། ཕྱག་མཆོད་ཕུལ། མགོན་ཁང་ཡང་མཇལ་ཙམ་བྱས། ཤིན་ཏུ་ཞག་པོ་གཉིས་བསྡད་ཚེ་དབང་སོགས་དགོངས་བཞེད་ལྟར་བགྱིས།
ལྷ་སར་ཡང་ཕྱིན། འདི་སྐབས་རྨེ་རུ་བའི་སློབ་དཔོན་གྱི་ལས་བྱེད་བྱས། སྡེ་པ་དགའ་ལྡན་པའི་དམག{གིས}མལ་གྲོ་གོང་མཁར་ལ{ཕྱིན་པའི་དམག}བཏེག་གྲུབ་ཙམ་གྱི་སྐབས་སུ་འདུག །སྔ་སོར་ལྷ་སར་སྡོད་སྐབས་དགའ་ལྡན་ཁང་གསར་ནས་རྩྭ་ཤིང་གི་མཐུན་རྐྱེན་ཕྲན་བུ་ཡོང་གིན་ཡོད་ནའང་འདི་སྐབས་ཡེ་མ་བྱུང༌།
ལྷོ་ངོས་བརྒྱུད་ནས་གླང་ཐང་དུ་ཕྱིན། རྒྱལ་རྩེ་ནས་བླ་མའི་ཞབས་དྲུང་གིས་དེའི་གོང་ཙམ་དུ་འབྲུག་པ་སྤྲུལ་པའི་སྐུ་དཔོན་སློབ་སྤྱན་འདྲེན་མཛད་འདུག་ཅིང་། ད་རུང་མྱུར་སྟབས་འབྲུག་པ་དཔོན་སློབ་ཀྱི་ཕྱག་ཕྱི་ལ་ཕེབས་རྒྱུ་ཡིན་པར་འདུག་ཟེར་བས། རེ་ཞིག་རྒྱལ་རྩེ་ལ་ཡང་ཐེགས་པ་མི་དགའ་ཞིང༌། འབྲུག་པའི་སྒར་སོགས་གཞན་ལ་ཡལ་ཡུལ་ཡང་ཡེ་མི་ལེགས། འདི་ཕྱོགས་སུ་ཡང་འདུལ་བ་ཡུལ་ལུགས་དང་བསྟུན་པའི་གནང་སྒོ་དང༌། ཆོས་སྤྱོད་བསྐང་གསོ་སོགས་ཀྱང་ཕྱི་ལྟར་དུ་སྡེ་འདི་ཁ་དང་མཐུན་པར་མཛད།
དཔོན་སློབ་ཉུང་བསྡུས་ཀྱི་ངང་ནས་མ་མཐའ་ཡང་ལོ་གསུམ་གླང་ཐང་རང་དུ་བཞུགས་པ་འཐད་ཚུལ་ཞུས་ཏེ། ཕྱག་གཡོག་གི་སྟབས་སུ་སོང་བ་ཡིན་ནམ། {ཐུགས་གོ་བ་ལོག་པ་གཞན་ཤར་གདའ་བས།} དེ་རྗེས་ཟླ་གཅིག་ཙམ་ནས་འབྲུག་པའི་སྒར་ལ་ཐེགས་གདའ།
དེ་རྗེས་རྒྱལ་རྩེར་ཕེབས། དེ་ལ་བརྟེན་ནས་ལོ་བརྒྱད་ཙམ་གྱི{བརྒྱད་ཙམ་གྱི་ད་ལྟའི}བར་དུ་གཏམ་ངན་ལ་མཛད་དཀའ་བ་བྱུང་སོང༌།
གསལ་བཤད།
རང་རྣམ་འདིའི་མ་དཔེ་ནི་རྟག་བརྟན་པར་མ་དང་ཛམ་ཐང་པར་མ་གཉིས་ཡིན་མོད། {}མཆན་ཁུང་འདིའི་ནང་དུ་བཀོད་ཡོད་པ་དག་ནི་རྟག་བརྟན་དང་ཛམ་ཐང་པར་མ་དེ་གཉིས་སུ་མེད་ཅིང་། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་བྱུང་བའི་དཔེ་རུ་ཡོད་པ་དག་དྲངས་པ་ཡིན། ()མཆན་ཁུང་འདིའི་ནང་དུ་བཀོད་ཡོད་པ་ནི་ཡིག་ནོར་རེད་སྙམ་པ་དག་མ་བཅོས་པར་རང་སོར་བཞག་སྟེ་མཆན་གྱི་ཚུལ་དུ་བཀོད་པའི་ཁུལ་ཡིན། 【】མཆན་ཁུང་འདི་རུ་ཡོད་པ་ནི་ཆད་འདུག་སྙམ་པ་དག་ཡིན་ནོ། །