ཇོ་ནང་སྐྱབས་མགོན་སྟོན་པའི་བསྟན་པ་ལ་ཞུགས་པའི་རྣམ་ཐར།

ཇོ་ནང་སྐྱབས་མགོན་མཆོག་སྟོན་པའི་བསྟན་པ་ཆ་ཚང་ལ་ཞུགས་པའི་རྣམ་ཐར།

ཇོ་ནང་བསྟན་པའི་མངའ་བདག་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་གང་ཉིད་སྟོན་པའི་བསྟན་པ་ཆ་ཚང་ལ་ཞུགས་པའི་རྣམ་ཐར་དད་པའི་མཛེས་རྒྱན་ཚེགས་བར་ཉིས་སྟོང་དགུ་བརྒྱའི་བདག་ཉིད་ཅན་བཞུགས་སོ། །

དེ་ཡང་མཚན་བརྗོད་པར་དཀའ་ཡང་དགོས་པ་སྐབས་དོན་གྱི་དབང་གིས་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ཤཱཀྱའི་དགེ་སློང་ཀུན་དགའ་ངག་དབང་འཇིགས་མེད་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་གང་ཉིད་ནི། མདོ་སྨད་རྔ་ཡུལ་བསུ་བའི་ཡུལ་དུ་ཡབ་ཡུལ་སྐྱོང་དང་ཡུམ་གཡང་སྐྱིད་གཉིས་ཀྱི་སྲས་སུ་༡༩༤༤ ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་སྐུ་བལྟམས། ཁོང་སྐུ་བལྟམས་པ་ན་ཉིད་ཀྱི་སྐྱེ་བ་སྔ་མའི་སྐུ་ལུས་ལ་ཤ་མཚན་ཡོད་པ་དེ་ཉིད་གསལ་བོར་དོད་ཡོད་ལ། ཁོང་སྐུ་ན་ཕྲ་བའི་དུས་ནས་བྱ་ཡུལ་བླ་མ་བསྟན་པ་རབ་རྒྱས་དང་ཁུ་བོ་གཙང་བ་སེ་བྱང་སོགས་སྐྱེས་ཆེན་དུ་མས་གཙང་ཆེན་གོང་མའི་ཡང་སྲིད་དུ་ངོས་བཟུང་། དེ་ནས་ཆོས་བརྒྱུད་ཆེན་མོ་ལྔའི་ཡ་གྱལ་དཔལ་ཇོ་ནང་པའི་ཆོས་སྡེ་ཤར་འཛམ་ཐང་གཙང་ཆེན་དགོན་དུ་རྡོ་རྗེ་སློབ་དཔོན་ཆེན་མོ་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་སྐུ་དྲུང་ནས་ནང་པའི་ཆོས་སྒོར་ཞུགས་ཤིང་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་མཛད་དེ་ཉམས་རྟོགས་ཀྱི་མཛོད་ཆེན་པོར་གྱུར། དགུང་ལོ་བཅུ་བཞི་པའི་སྐབས་ཏེ། ༡༩༥༧.ལོའི་ཧོར་ཟླ་བཅུ་པའི་ནང་དུ་འབྲོག་དགེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས་དགེ་བསྙེན་སྔོན་དུ་སོང་བའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས། (ལོ་ཚིགས་འདི་འབྲོག་དགེ་འཇམ་དབྱངས་མཁྱེན་རབ་ཀྱི་རྣམ་ཐར་དུ་གསལ།)ཁོང་གི་སྐུ་སྔོན་མ་དག་གི་མཚན་ལས་འཇིགས་མེད་ཅེས་པ་དང་འཕྲིན་ལས་རྣམ་རྒྱལ་ཞེས་པ་བསྡོམས་ཏེ་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་ཞེས་པའི་མཚན་གསོལ། དེ་ནས་རྡོ་རྗེ་སློབ་དཔོན་ཀུན་དགའ་ཐུགས་རྗེ་དཔལ་བཟང་གིས་རྗེ་དམ་པ་འདི་ཉིད་ལ། ཁྱེད་ཀྱིས་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྡོམ་བརྒྱུད་ལྟར་བསྙེན་རྫོགས་བསྒྲུབ་ན་ཧ་ཅང་ལེགས། རྒྱུ་མཚན་ཁྱོད་ལ་མ་འོངས་པར་སློབ་མ་ཤིན་ཏུ་མང་པོ་འབྱུང་བར་ངེས་པས་ཇོ་ནང་རྗེ་བཙུན་གྱི་སྡོམ་བརྒྱུད་རྒྱ་ཆེར་སྤེལ་ཐུབ་རྒྱུ་རེད་ཅེས་སྔར་ལུང་བསྟན་གནང་བ་ལྟར་ཕྱིས་སུ་ཇོ་ནང་བསྟན་པའི་མངའ་བདག་ཁོང་དགུང་ལོ་སོ་དྲུག་པའི་སྐབས་ཏེ། ༡༩༧༩ ལོར་མཁན་པོ་ཀུན་དགའ་ཐུགས་རྗེ་དཔལ་བཟང་དང་། གསང་སྟོན་ཤར་ཁ་སྤྲུལ་སྐུས་བྱས་ཏེ་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བླངས་ཤིང་མཚན་ལ་ཀུན་དགའ་ངག་དབང་འཇིགས་མེད་རྡོ་རྗེ་ཞེས་ཀུན་དགའ་སྙིང་པོའི་མཚན་གྱི་ཆ་ཤས་ཀུན་དགའ་ཞེས་པ་བསྣན་ཏོ། ། (ཇོ་ནང་སྐྱབས་མགོན་རིན་པོ་ཆེའི་རང་རྣམ་དུ། ཀུན་དགའ་ཐུགས་རྗེ་དཔལ་ལས་བསྙེན་རྫོགས་སྒྲུབ་ཚུལ་གསུངས་པ་ལ་ཁུང་བཅོལ་ཞིང་། ཁོང་གི་ཞལ་ནས་ང་རང་གིས་བླ་མ་ཐུགས་རྗེའི་མདུན་ནས་བསྙེན་རྫོགས་སྒྲུབ་སྐབས་ཡར་ཐང་བླ་མ་ཨེ་མགོན་ཡོད་ཚུལ་གསུངས་པ་དང་། ༡༩༧༩.ལོའི་སྟོན་ཁར་རྔ་སྟོད་སྒོ་མང་དུ་བླ་མ་ཐུགས་རྗེ་དཔལ་ཚང་གིས་དབང་ལུང་མང་པོ་གནང་སྐབས་བླ་མ་ཨེ་མགོན་བྱོན་ཚུལ་ཉིད་ཀྱི་རང་རྣམ་ལས་གསལ་བ་དང་། ལོ་དེའི་སྟོན་ཁར་བླ་མ་ཐུགས་རྗེ་ནས་གཞན་ལ་བསྙེན་རྫོགས་སྒྲུབ་ཚུལ་ཉིད་ཀྱི་རྣམ་ཐར་ལས་གསལ་བ་བཅས་གོང་བསྒྲིགས་ནས་བྲིས་པ་ལགས།)
རྗེ་དམ་པ་འདིས་ངག་དབང་བློ་གྲོས་གྲགས་པའི་དགེ་ཚུལ་སློང་གི་བསླབ་བྱའི་སྐོར་དང་ཁྱད་པར་འཛམ་ངོས་བླ་མའི་ཞལ་གདམས་ལས་བསླབས་ཁྲིམས་ཀྱི་སྐོར་ཐུགས་ལ་ཤིན་ཏུ་ནན་ཆར་བཟུང་དེ་ཕྱིས་སུ་ཆོས་ཁྲིད་དག་གི་སྐབས་སུ་སློབ་བུ་རྣམས་ལ་ཡང་ཡང་གསུངས། རྗེ་དམ་པ་འདི་རབ་ཏུ་བྱུང་བའི་དུས་སྐབས་སུ་ཡུལ་ཁམས་ལ་དུས་འཁྲུགས་བྱུང་དེ་གྲྭ་བ་གྲོང་བ་མཉམ་པོར་སྡོད་དུ་འཇུག་པ་དང་གྲྭ་གོས་གྱོན་དུ་མི་འཇུག་པ་སོགས་བྱུང་ཡང་རྗེ་དམ་པ་འདིའི་སྐུ་སྲོག་ལས་ཀྱང་སྡོམ་དམ་ཚིག་འདི་གཅེས་པར་བསྲུངས་པའི་ལོ་རྒྱུས་རྒན་པའི་ངག་རྒྱུན་ན་ཡོད་ཅིང་། སྐབས་དེ་དུས་སུ་སྡོམ་དམ་ཚིག་བསྲུང་རྒྱུ་ཧ་ཅང་དཀའ་བའི་དུས་ཚོད་བྱུང་སྟེ། ཁོང་གི་རྩ་བའི་བླ་མ་ངག་དབང་དཀོན་མཆོག་དར་རྒྱས་འབར་ཁམས་ཁྲིམས་ཁང་དུ་བཞུགས་སྐབས་ཁོང་གི་སྐུ་དྲུང་དུ་རྔ་བའི་བསེ་དགོན་གྱི་སྡེ་བ་མི་སྐྱ་ཞིག་ཡོད་པ་དེ་ལ། བླ་མ་ངག་དཀོན་གྱི་ཞལ་ནས། ཁྱོད་ཀྱིས་སྤྲུལ་སྐུ་ཙི་ཀུ་ལུ་ཟེར་བ་ཨེ་ཤེས་ཟེར། ངས་མི་ཤེས་ཞེས་བཤད་པས། འོ་ན་ཁྱོད་ཡར་ལ་འགྲོ་དུས་རྩར་ཞིག་ཆོད། ཁོའི་མིང་ལ་ཙི་ཀུ་ལུ་ཟེར། སེ་སྤྲུལ་སྐུའི་ཚ་བུ་ཡིན། ཁོས་སྡོམ་མགོ་ཐོན་ཨེ་ཡོད་ཀི ད་ལྟ་གྲྭ་བ་ཨེ་རེད་ལྟོས་གསུངས། མི་སྐྱ་དེ་ཡར་ལ་ཡོང་དུས་མི་སྐྱ་དེའི་མ་རྒན་ཚེ་ལས་འདས་ཏེ་ཞེ་དགུའི་ཉིན་མོར་ཁེལ་ཞིང་རྗེ་དམ་པ་འདི་ཉིད་དེ་ཚང་གི་ཞེ་དགུའི་ཉིན་མོར་གདན་དྲངས་པ་གཉིས་དུས་གཅིག་ཏུ་ཁེལ། མི་སྐྱ་དེས་ཕུར་རྩ་བླ་མས་ནི་སྤྲུལ་སྐུ་ཙི་ཀུ་ལུ་ཟེར་བ་སེ་སྤྲུལ་སྐུའི་ཚ་བུ་ཞིག་ཡོད། དེས་སྡོམ་མགོ་ཐོན་ཨེ་ཡོད་ཀི ད་ལྟ་གྲྭ་བ་ཨེ་རེད་ལྟོས་གསུངས་ཀི་ད་ཁྱོད་ཡིན་ས་རེད་འ་ཅེས་བཤད། ཁོང་གིས་ང་ཡིན་རྒྱུ་རེད། ཁོང་གིས་ཅི་གསུངས་ཀི་ཟེར་བས། ཁོས་སྡོམ་མགོ་ཨེ་ཐོན་ཞིག གྲྭ་བ་ཨེ་རེད་དྲིས་ཤོག་གསུངས་ཀི་ཞེས་བཤད། (ལོ་རྒྱུས་འདི་དག་ནི་ཇོ་ནང་སྐྱབས་མགོན་ཁོང་གི་ཞལ་ནས་གསུངས་པ་ཡིན། ད་ལྟ་བརྙན་སྡེར་ཁྲོད་དུའང་བཞུགས།) མདོར་ན་འདུལ་བ་འོད་ལྡན་དང་མཚོ་ཊཱིཀ་སོགས་ལས་གསུངས་པ་ལྟར་གྱི་བཙུན་པའི་ཡན་ལག་མ་ཚང་བ་མེད་ཅིང་ཉེས་ལྟུང་ཕྲ་མོ་ཙམ་ལའང་འཛེམ་བག་ལྡན་པས་སྐུ་བཙུན་པ་རབ་གྱི་མཐར་ཐུག་པ་ཡིན་ནོ། །རྩ་བའི་བླ་མ་ངག་དབང་དཀོན་མཆོག་དར་རྒྱས་དང་རྗེ་ཐམས་ཅད་མཁྱེན་པ་ངག་དབང་བློ་གྲོས་གྲགས་པ་སོགས་ཀྱི་དྲུང་ནས་འདུལ་བའི་བསླབས་བྱ་སོགས་ལ་གསན་བསམ་མཐར་ཆགས་པ་མཛད། སྔར་རྗེ་ཉིད་ཀྱི་རྩ་བའི་བླ་མ་ངག་དབང་དཀོན་མཆོག་དར་རྒྱས་ཀྱིས་སྤྲུལ་སྐུ་འདི་མ་འོངས་པར་ཁོ་བོའི་ཚབ་ཏུ་སྦྱོར་དྲུག་ཁྲིད་མཁན་ཞིག་ཡོང་ངེས་ཞེས་བླ་མ་སྐལ་ལྡན་སོགས་ཀྱི་སྙན་ལ་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་པ་ལྟར་༡༩༩༤.ལོར་ཤར་འཛམ་ཐང་དགོན་ཆེན་དུ་རྗེ་ཡོན་ཏན་བཟང་པོས་སྤྲུལ་བའི་སྐུ་མཆོག་གང་དེ་དཔལ་ཇོ་ནང་པའི་བྱིན་རླབས་དོན་བརྒྱུད་ཀྱི་རྡོ་རྗེ་སློབ་དཔོན་ཁྲི་རབས་ཞེ་བདུན་པར་མངའ་གསོལ་མཛད་ཅིང་། ༡༩༩༤.ནས་༢༠༢༣.བར་གྱི་མི་ལོ་ཉེར་དགུའི་རིང་ལ་འཛམ་ཐང་དགོན་ཆེན་དང་། བྱ་ཡུལ་དགོན། ཆོས་སྒར་དགོན། མགོ་ལོག་དགུ་སྟོད་དགོན་སོགས་ཀྱི་སྒྲུབ་སྡེ་ཁག་སོ་སོའི་གསར་སྐྱེས་དག་ལ་ལོ་རེ་རེ་བཞིན་དགེ་ཚུལ་སློང་བསྒྲུབས། (ཇོ་ནང་སྐྱབས་མགོན་རིན་པོ་ཆེའི་ནམ་རྒྱུན་གཞན་ལ་བསྙེན་རྫོགས་སྒྲུབ་པའི་ཆོ་ག་ནི་ཞང་སྟོན་བསོད་ནམས་གྲགས་པའི་འདུལ་ཆོག་དེ་ཉིད་ཡིན་ཞིང་དེའི་ལུང་རྒྱུན་ཀུན་དགའ་ཐུགས་རྗེ་དཔལ་བཟང་ལས་འཐོབ།) དེ་བཞིན་དུ་རྔ་ཡུལ་རྩི་ནང་དགོན་གྱི་གྲྭ་གཞོན་ཕལ་ཆེར་དང་དར་ཁུག་དགོན་གྱི་བླ་གྲྭ་ཕལ་ཆེར་དང་། ཕྱོགས་གཞན་གྱི་བླ་སྤྲུལ་མང་པོ་ལའང་སོ་སོའི་རེ་འདོད་ཇི་ལྟ་བ་བཞིན་དགེ་ཚུལ་སློང་བསྒྲུབས་ཏེ་སློབ་བུ་སྟོང་ཕྲག་གསུམ་ཡས་མས་རབ་ཏུ་བྱུང་བར་མཛད་ཅིང་ཁྱད་པར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྡོམ་བརྒྱུད་ཉམས་ཉེས་མེད་པ་དེ་ཉིད་གདུལ་བྱ་གྲངས་མང་པོར་སྤེལ་མཁན་ནི་ཇོ་ནང་བསྟན་པའི་མངའ་བདག་ཁོང་ཉག་གཅིག་ལས་གཞན་མ་བྱུང་ངོ་། །
གཞན་ཡང་ཤར་འཛམ་ཐང་དགོན་ཆེན་ལ་སྔར་ཨ་མགོན་བླ་མ་སོགས་ཀྱི་རིང་ནས་དབྱར་དགག་གསོ་གསུམ་གྱི་ཕྱག་ལས་ཡོད་ཀྱང་རྒྱ་ཆུང་ཆུང་ལྟ་བུ་ཡིན་ཚོད་འདུག ཇོ་ནང་བསྟན་པའི་མངའ་བདག་མཆོག་གིས་དེ་ཉིད་གཞི་རྒྱ་བསྐྱེད་དེ་གཙང་ཆེན་དགོན་གྱི་བཤད་སྒྲུབ་ལས་གསུམ་ལ་ཞུགས་པའི་དགེ་འདུན་པ་དང་གྲྭ་བ་ཡན་པ་དང་བཅས་པ་ལ་དབྱར་དགག་གསོ་གསུམ་འདི་ཙམ་ལ་ང་ཚོ་རབ་བྱུང་བ་ཞིག་ཡིན་ཕྱིན་ངེས་པར་བསྡད་དགོས་པའི་བཀའ་ནན་མོ་བྱུང་དེ་དེང་སང་འཛམ་ཐང་དགོན་ཆེན་གྱི་བཤད་སྒྲུབ་གཉིས་དང་རྒྱུད་སྡེ་གྲྭ་ཚང་སོགས་དང་གྲྭ་བ་ཡན་པ་དང་བཅས་དུས་གཅིག་ལ་དབྱར་གནས་ལ་བཞུགས་ཏེ་དགོན་པ་འདིར་ལོ་རེ་བཞིན་དགེ་འདུན་པ་སྟོང་ཕྲག་ཡས་མས་དབྱར་གནས་ལ་བཞུགས་བཞིན་པ་ནི་ཁོང་གི་མཛད་ཆེན་གཅིག་ལ་བགྲང་འོས་སོ། །
བསྟན་པ་དག་ཐེར་གྱི་ཐད་ལ་ཇོ་ནང་བསྟན་བདག་ཁོང་གི་ཞལ་ནས་འདི་ལྟར། “དགེ་འདུན་པའི་སྡེ་ཞིག་ལ་ངོ་མ་ཅན་གི་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་། སྨོན་ལམ་རྣམ་པར་དག་པས་མཚམས་ཤིག་སྦྱར་དགོས་པ་རེད་མ་གཏོགས། དམ་ཚིག་མེད་མཁན་ཞིག་དགེ་འདུན་པའི་གྲལ་མགོ་ལ་བསྡད་ན་ཆུས་བཤགས་པ་དང་། གྲལ་མཐར་བསྡད་ན་མེས་བསྲེགས་པ་དང་འདྲ་བ་ཞིག་ཡིན་ཞེས་རྗེ་ཚོགས་གཉིས་རྒྱ་མཚོས་གསུངས་ཡོད་པ་རེད། ”ཅེས་དང་། ཡང་ཉིད་ཀྱི་ཞལ་ནས། མི་ང་རང་ལ་སློབ་མ་ཞིག་ཡོད་ན་ཁྱོད་ཀྱི་དམ་ཚིག་ཉམས་ཚར་རྗེས་སྔ་དྲོ་ཕྱི་དྲོ་གཉིས་ལས་སྔ་དྲོར་དགེ་འདུན་པའི་གྲལ་ནས་བུད་དེ་སྐྱ་ཆས་གྱོན་འཇོག་ན་དེས་དགའ། དེ་བས་བླ་མ་གྲྭ་ཚང་འདི་རྫད་སྐྱད་ཅིག་ལས་ཡོང་གི་མ་རེད། ”ཅེས་སོགས་ཐེངས་མང་པོར་གྲྭ་མང་ལ་གསུངས་པ་དེང་སྐབས་སྒྲ་ཐག་ཁྲོད་དང་སློབ་བུ་དག་གི་སེམས་སུ་གསལ་བོར་བཞུགས། དེར་མ་ཟད་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་སྟེང་རང་རེ་ཇོ་ནང་པའི་དགོན་སྡེ་ཕལ་མོ་ཆེར་གྲྭ་མིན་སྐྱ་མིན་མང་པོ་ཡོད་པ་འདི་བསྟན་པ་གཙང་དག་ལ་གནོད་ཚབ་ཆེ་བས་དེའི་རིགས་སྔགས་པའི་ནང་ལ་བསྡད་དགོས་གསུངས་ཤིང་སྔར་ཇོ་ནང་པར་སྔགས་དགོན་མེད་ཅིང་རྗེ་ཁོང་གིས་བསྟན་པ་གཙང་དག་ཡོང་ཆེད་ཇོ་ནང་སྔགས་མང་གྲྭ་ཚང་གསར་འཛུགས་མཛད། གཞན་ཡང་ཇོ་ནང་གཞན་སྟོང་བགྲོ་གླེང་སོགས་ཀྱི་སྐབས་སུ་དགེ་འདུན་པ་ཞིག་ཡིན་ན་གོས་ངུར་སྨྲིག་ལེགས་པོ་གྱོན་དགོས་ཚུལ་དང་ཚུལ་ཁྲིམས་འདི་གལ་ཆེན་པོར་བརྩི་དགོས་ཚུལ་སོགས་ལམ་སྟོན་མང་དུ་མཛད་དོ། །
ཇོ་ནང་བསྟན་བདག་ཁོང་གི་འདུལ་བའི་བསླབ་བྱའི་སྐོར་ལ་མཛམ་ངོས་བླ་མའི་ཞལ་གདམས་ལས་“རྩ་བ་བཞི་དང་ཆང་ལྔ་ཙམ་རེ་ནི། །ཁ་མིན་པར་སྙིང་ནས་མ་བསྲུང་ན། །སེར་གཟུགས་ཙམ་འཛིན་པ་དོན་རེ་ཆུང་། །ཞེས་དང་། ཡང་མི་དགེ་བཅུ་ཡི་ནང་ནས་ཀྱང་། །གནས་བུད་མེད་གཡོ་སྒྱུའི་བསླུ་བྲིད་མཁས། །ལར་འདི་དང་འགྲོགས་ན་སྡོམ་པ་གཏོང་། །འདི་ཐར་བའི་སྲོག་གཅོད་གཤེད་མ་ཡིན། །སྒོམ་ཡོན་ཏན་བཅོམ་པའི་ཆོམ་རྐུན་ཡིན། །མར་ངན་སོང་འཁྲིད་པའི་ལས་མཁན་ཡིན། །རང་འཕྱ་བྱེད་མི་ཁའི་སྣ་འདྲེན་ཡིན། །ཡུལ་སྡེ་བས་སྨད་ར་གཏོང་བྱེད་ཡིན། །སེམས་མི་བདེ་སྙིང་རླུང་ལྡང་བྱེད་ཡིན། །ལུས་བྲག་མདངས་འཛོམས་པའི་མདངས་འཕྲོག་ཡིན། །གཟའ་སྡུག་གི་ཐུག་པ་བསྐོལ་བྱེད་ཡིན། །གྱོད་མི་ཁ་ཕོག་པའི་ཕུང་རྫས་ཡིན། །བརྩི་བཀུར་གྱི་གོ་ས་མཐོན་པོ་ལས། །མར་སྐད་ཅིག་གིས་ལྟུང་བའི་གཡང་ས་ཡིན། །མཐར་འགྱོད་པ་སྐྱེ་བའི་འགྱོད་གཞི་ཡིན། །དོན་དེ་ཕྱིར་ཧ་ལའི་དུག་བཞིན་སྤོངས། །”ཞེས་སོགས་ཀྱི་དོན་རྒྱས་པར་བཤད་པའི་ལེགས་བཤད་ཟིན་བྲིས་དང་། སློབ་བུ་སྤྱི་ལ་གདམས་པའི་ཞལ་གདམས་ཕ་རྗེས་བུ་ཡིས་ཟིན་པའི་སྙིང་གཏམ་ཞེས་པ་བརྩམས་ཤིང་མཇུག་ཏུ་ཞལ་གདམས་འདིའི་སྙིང་པོའི་ཚུལ་དུ་འདི་ལྟར། ། “གཞུང་ལུགས་ཀུན་ལས་བྱང་ཆུབ་ལམ་རིམ་དང་། །ཉམས་ལེན་ཀུན་ལས་ཚུལ་ཁྲིམས་གཙོ་བོར་གྱིས། །ཕ་རྗེས་བུ་ཡིས་ཟིན་པའི་སྙིང་གཏམ་ལགས། །”ཞེས་གསུངས་པ་འདི་ཁོ་ནས་ཀྱང་རྗེ་དམ་པ་གང་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་བསླབས་པ་འདི་གཙུག་ཆེན་དུ་བཟུང་བར་ཤེས་སླའོ། །
དེ་ལྟར་རྒྱལ་བསྟན་གྱི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་ཁྲིམས་འཛིན་པའི་དགེ་སྦྱོང་ཆེན་མོ་ཀུན་དགའ་ངག་དབང་འཇིགས་མེད་རྡོ་རྗེ་མཆོག་གི་སྐུ་ཚེ་གང་བོར་ཚུལ་ཁྲིམས་འདི་གཅེས་པའི་མིག་ལྟར་སྲུང་བའི་རྣམ་ཐར་ནི་རྗེས་འཇུག་ཚོའི་སེམས་སུ་ཡོད་པས་ཆེ་བསྟོད་ཀྱི་སྒོ་ཡངས་བར་ཕྱེ་མི་དགོས་པར་སེམས་ཤིང་འདིར་མང་དུ་དོགས་པས་མ་བྲིས་སོ། །
རྗེ་ཇོ་ནང་པ་ཆེན་པོ་གང་ཉིད་དགེ་སྦྱོང་ཆེན་མོ་སྟོན་པ་ལྷ་མིའི་གཙུག་རྒྱན་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགུང་གྲངས་དང་མཐུན་པར་དགུང་ལོ་བརྒྱད་ཅུར་བཞུགས་ཏེ་མཐར་༢༠༢༣.ལོའི་ནག་ཟླའི་ཚེས་བཅུ་བཞིའི་ཉིན་སྤོས་ལྡན་གྱི་གཟིམ་ཆུང་ནས་སྐུ་ཞི་བར་གཤེགས་སྐབས་ཐོག་མར་ཁོང་ཉིད་སེང་གེ་ཉལ་སྟབས་ལ་བཞུགས་ཀྱང་། འོ་དེ་འདྲ་མ་རེད་གསུངས་ནས། དེ་མ་ཐག་ཡར་བཞེངས་ཏེ་ལུས་རྣམ་སྣང་ཆོས་བདུན་དུ་བཞུགས་ནས་ལྟ་སྟངས་གཡོ་བ་མེད་པར་སེམས་གནས་ལུགས་ལ་མཉམ་པར་བཞག་བཞིན་ཐུགས་དམ་ལ་ཉིན་ཞག་བཅུ་བཞི་ལ་བཞུགས་ཤིང་། ཁོང་ཉིད་བཞུགས་སའི་གནས་སྤོས་ལྡན་གྱི་(太升南路,恒达广场)ཞེས་བྱ་བར་ཡོད་པའི་ཁང་བརྩེགས་ཀྱི་ནམ་མཁར་འཇའ་ཚོན་ཤིན་ཏུ་གསལ་བོ་ཟླུམ་པོའི་གཟུགས་ཅན་ཤར་བ་དང་། གཟིམ་ཆུང་གི་ཉེ་འཁོར་ཀུན་ཏུ་དྲི་བཟང་གིས་ཁྱབ་པར་ཀུན་གྱིས་ཤེས་གསལ་ལྟར་དང་། ཁོང་ཉིད་ཐུགས་དམ་ལ་བཞུགས་པའི་དུས་ཚོད་དག་ཏུ་ས་གནས་ཀྱི་དྲོད་ཚད་རབ་ཏུ་དམའ་བར་གྱུར་ནས་ཡ་མཚན་པའི་སྣང་ཚུལ་བྱུང་བ་ནི་ས་གནས་དེར་བཞུགས་ཀྱི་སྐྱེ་འགྲོ་ཡོད་ཚད་ཀྱིས་དངོས་མཐོང་ལག་ཟིན་ལྟ་བུར་གྱུར་ཅིང་། ཐུགས་དམ་གྲོལ་སྐབས་སུ་ཡང་སྒྲ་ཆེན་པོ་གྲགས་པ་དང་ས་གཡོ་བ་སོགས་ངོ་མཚར་བའི་རྟགས་ཕུན་སུམ་ཚོགས་པ་བྱུང་། སྐུ་གདུང་ཡར་འཛམ་ཐང་དགོན་པར་སྤྱན་འདྲེན་པའི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཞིའི་བར་དུ་བྱ་བྱེའུ་དག་གིས་སྐད་སྙན་སྣ་ཚོགས་སྒྲོག་པ་སོགས་ཀྱི་རྟགས་མཚན་དང་། འོད་དམར་པོས་ནམ་མཁར་ཡོངས་སུ་ཁྱབ་པ་དང་། ཁོང་གི་སྐུ་གདུང་ཡར་སྤྱན་འདྲེན་སྐབས་དབྱར་འགོ་མ་ཚེས་ལ་ཉེ་སྐབས་ཡིན་ཀྱང་ས་ཕྱོགས་འདིར་གློ་བུར་དུ་གྲང་ངར་རྒྱས་ཏེ་ཁ་བ་བབས། དེའི་ཕྱིར་ཉིན་ཞོགས་པར་ཁ་བའི་མེ་ཏོག་འདབ་མ་བརྒྱད་ཅན་བབས་ཤིང་། ས་གཞི་ཡོད་ཚད་མེ་ཏོག་གི་ཁ་བ་དཀར་པོས་ཁྱབ་ཅིང་ལྗོན་ཤིང་དག་གིས་ཀྱང་མགོ་བོ་ནང་དུ་དུད་ནས་མྱ་ངན་དང་ཕྱག་འཚལ་བའི་རྣམ་པ་མངོན་སུམ་དུ་དོད། ཤར་འཛམ་ཐང་དུ་ནག་ཟླའི་སྐབས་མཚན་མོར་ནམ་མཁར་ཐིག་ལེའི་དབུས་སུ་ཁོང་གི་སྐུའི་དབྱིབས་ལྟ་བུ་ཤར་ཞིང་འཇའ་འོད་ཐིག་ལེ་དེ་རིམ་གྱིས་མདོག་འགྱུར་ཏེ་ཁ་དོག་དཀར་པོར་གྱུར། ལྷག་པར་དུ་ནག་ཟླའི་མཚན་མོར་ཐིག་ལེ་ཐིག་ཕྲན་སྣ་ཚོགས་པ་ཤར་ཏེ་དད་ལྡན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་སྐྱབས་མགོན་བླ་མའི་ཞལ་རས་དང་སྐུ་གཟུགས་ཀྱི་རྣམ་པ་ཅན་མང་དུ་མཐོང་སྣང་བྱུང་། ནག་ཟླའི་ཚེས་ཉེར་བདུན་ཉིན་ནམ་མཁར་འོད་གསལ་སྐར་མའི་དབྱིབས་ཀྱིས་ཕྲེང་བ་བསྒྲིགས་ཏེ། ཉིན་མང་བོའི་བར་ཐེངས་དུ་མར་ཤར་བ་ཆོས་གྲོགས་འགས་པར་བླངས་ཡོད་པར་མ་ཟད་སི་ཁྲོན་མན་ཡང་གསར་ཁང་དང་སི་ཁྲོན་ལེང་སྲན་གསར་ཁང་གིས་ཀྱང་བསྒྲགས་འདུག དེ་ཡང་ཀུན་མཁྱེན་རྣམ་ཐར་བདེ་ཆེན་གསལ་སྒྲོན་ལས། ནམ་མཁའ་ལ་ཟླ་བའི་ཕྲེང་བ་ལྟ་བུས་ཁྱབ་པ་དང་ཞེས་གསུངས་པ་དང་ཚུལ་མཚུངས་སོ། ། གཞན་ཡང་ཀུན་མཁྱེན་དོལ་པོ་བའི་རྣམ་ཐར་བདེ་ཆེན་གསལ་སྒྲོན་ལས། སྤྲིན་མེད་མཁའ་ལ་ཉིན་མོར་འཇའ་འོད་འཁྱིལ། མཚན་མོར་འོད་གསལ་རྫ་མ་ལྟ་བུས་ཁྱབ། ཅེས་གསུངས་པ་ཇི་ལྟ་བ་བཞིན་དུ་འོད་གསལ་བོ་རྫ་མའི་དབྱིབས་ལྟ་བུ་ཤར། སྐྱབས་མགོན་བླ་མའི་འདས་མཆོད་སྐབས་ཏེ་ནག་ཟླ་དང་ས་ཟླའི་སྐབས་དུ་མར་འོད་གསལ་མཁར་རྔའི་དབྱིབས་ལྟ་བུ་ཐེངས་དུ་མར་ཤར་བ་སོགས་ངོ་མཚར་བའི་རྟགས་སྣང་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་འདིར་མང་བས་མ་བྲིས་སོ། །
ཞེས་པ་འདིའང་དོན་གཉེར་ཅན་འགའ་ཞིག་གི་དགོས་མཁོ་དང་རང་ལ་འང་སྐྱེས་བུ་དམ་པ་འདི་ལྟ་བུའི་རྣམ་ཐར་ཉམས་སུ་མྱོང་བའི་འདུན་པ་ཟབ་མོ་ཡོད་རྐྱེན་རྗེ་དམ་པ་གང་གི་སྐྱབས་འོག་པ་ཤྲཱིའམ་ཀུན་དགའ་དོན་རྟོགས་ཀྱིས་རང་ལོ་ཉེར་བདུན་པ་སྟེ་རབ་ལོ་༩༩༨ བོད་རབ་རྒྱན་ཤིང་འབྲུག་ལོའི་ཟླ་ཚེས་དགེ་བར་བྲིས་པའོ། །


ནང་དོན་ཡོང་ཁུངས། ཧི་མ་ལའི་རྩོམ་རིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།