བསེ་སྐྱེ་མེད་རྡོ་རྗེ།
ཐལ་རང་གཉིས་ཀྱིས་འདོད་པའི་དབུ་མ་ཆོས་ཅན། དབུ་མ་མ་ཡིན་པར་ཐལ། ཁྱོད་ལ་དབུ་མ་ཞེས་བརྗོད་མི་རུང་བའི་ཕྱིར། རྟགས་མ་གྲུབ། ཐལ་རང་གཉིས་ཀྱིས་འདོད་པའི་དབུ་མ་ཆོས་ཅན། ཁྱོད་ལ་དབུ་མ་ཞེས་བརྗོད་མི་རུང་བར་ཐལ། དེ་ལྟར་མི་རུང་བ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་བཞེད་པའི་ཕྱིར། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བ་རྩ་འགྲེལ་གཉིས་ལས། དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །འབྱེད་པ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་ཕྱིར། །དེ་འདྲ་རྫོགས་ལྡན་གཞུང་དུ་མ་གསུངས་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་གཞུང་དུ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །ཞེས་དང་། རང་རྒྱུད་ཐལ་འགྱུར་གཉིས་ཀ་འདུས་བྱས་ཡིན། །དེ་ཕྱིར་དེ་དག་དངོས་པོའི་མཐར་ལྷུང་ཞིང༌། །ཡོད་པའི་ཕྱོགས་སུ་ཆད་ཕྱིར་དབུ་མ་མིན། །དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུ་ཡང་མི་རུང་སྟེ། །ཚད་མ་མིན་པ་ཚད་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །བདེན་པ་མིན་པ་བདེན་པའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །རྫོགས་ལྡན་ལུགས་ནི་དེ་ལྟར་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །མཐའ་དང་བྲལ་བ་ཙམ་ལ་དབུ་མ་ཞེས། །བཏགས་པར་ཟད་ཀྱི་དོན་ལ་དབུ་མ་མེད། །དབུ་མའང་དབུ་མས་སྟོང་པ་ཡིན་ཕྱིར་ལོ། །
དེ་ལྟ་ཡིན་ན་དོན་དམ་ཆོས་སྐུ་དང༌། །ངོ་བོ་ཉིད་སྐུ་ལྷན་ཅིག་སྐྱེས་སྐུ་དང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ལ། །སྐུར་བ་བཏབ་པས་སྡིག་ལྟ་ཆེན་པོར་འགྱུར། །ཞེས་དང་། བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པ་ཕྱོགས་མེད་རིས་མེད་ལས། དབུ་མ་ལ་ཕྱེ་ན་རང་རྒྱུད་དུ་སྒྲུབ་པ་དང་ཐལ་འགྱུར་དུ་འཕེན་པ་ཞེས་གཉིས་སུ་འབྱེད་པ་གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་ལུགས་ལ་རབ་ཏུ་གྲགས་ཀྱང་དེ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་བའི་ཕྱིར་དང༌། རང་བཞིན་གྱི་རིགས་དང་ཆོས་ཉིད་ངོ་བོ་ཉིད་སྐུའི་དབྱེ་བར་མི་རུང་བའི་ཕྱིར་དང༌། དོན་དམ་གྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་ལ་སོགས་པ་གཤིས་ལུགས་ཟབ་མོ་ཐམས་ཅད་ཀྱི་དབྱེ་བར་མི་རུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གཤིས་ལུགས་ཟབ་མོ་དེ་རྣམས་གང་ཡང་མ་ཡིན་ན་དབུ་མ་ཡིན་མི་སྲིད་པས། དབུ་མ་དབྱེ་གཞི་དང༌། ཕྱེ་བའི་ཡ་གྱལ་གང་ཡང་ཡིན་མི་སྲིད་པའི་ཕྱིར་རོ། །དེ་འདྲ་རྫོགས་ལྡན་ཞེས་པ་ནས། མཁས་པ་ཆེན་པོར་འགྱུར། །ཞེས་པའི་མཐར་ཐུག་པ་ནི་རབ་ཏུ་གསལ་ལོ། །རང་རྒྱུད་དུ་སྒྲུབ་པ་དང་ཐལ་འགྱུར་དུ་འཕེན་པ་གཉིས་ཀ་འདུས་བྱས་ཀྱི་དངོས་པོ་ཡིན་པ་དེའི་ཕྱིར་དེ་དག་དངོས་པོའི་མཐར་ལྷུང་ཞིང༌། ཡོད་པའི་ཕྱོགས་སུ་ཆད་པའི་ཕྱིར་དབུ་མ་བར་མ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་མིན་ནོ། །དེས་ན་ནག་པོ་དང་དཀར་པོ་དབུ་མའི་དབྱེ་བ་མི་རུང་བ་ལྟར་རང་རྒྱུད་དང་ཐལ་འགྱུར་ཡང་ངོ༌། །ཞེས་དང་། དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པ་ལས། ཀུན་རྫོབ་ཆོས་རྣམས་ཐམས་ཅད་རང་སྟོང་དང༌། །དོན་དམ་ཆོས་ཉིད་གཞན་སྟོང་ཟབ་མོ་ནི། །ལེགས་པར་རྟོགས་ནས་གཞན་ལ་ལེགས་སྟོན་པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །རང་སྟོང་ཡིན་ན་གཤིས་ལ་མེད་པ་དང༌། །གཞན་སྟོང་ཟབ་མོ་གཤིས་ལ་ཡོད་པར་ནི། །ལེགས་པར་རྟོགས་ནས་ལེགས་པར་སྟོན་མཛད་པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །ཞེས་གསུངས་པའི་ཕྱིར། ཐལ་རང་གཉིས་ཀྱིས་འདོད་པའི་དབུ་མ་ཆོས་ཅན། དབུ་མ་ཡིན་པར་ཐལ། དབུ་མ་ཆུང་ངུའམ་ཕལ་བ་ཡིན་པའི་ཕྱིར། ཡིན་པར་ཐལ། དེ་ལྟར་ཡིན་པ་འཇམ་མགོན་བླ་མ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། རྗེ་དེ་ཉིད་ཀྱི་གསུང་ཟིན་བྲིས་སུ་བཏབ་པ་ཐེག་མཆོག་དབུ་མ་ལས། དེས་ན་འདིར་བསྟན་པའི་དབུ་མ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཟབ་མོའི་དོན་ཡིན་པར་སྟོན་པའོ། །
དབུ་མ་ཆེན་པོ་ནི། སྤྱིར་དབུ་མ་ཞེས་པ་གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་དེ་ཡིན་ཞིང༌། དེ་ལ་ཡང་རང་སྟོང་སྨྲ་བའི་དབུ་མ་ནི་དབུ་མ་ཆུང་ངུ་དང་། གཞན་སྟོང་སྨྲ་བའི་དབུ་མ་ནི་དབུ་མ་ཆེན་པོའོ། །དེ་ལྟར་འཇོག་པའི་རྒྱུ་མཚན་ཡང༌། ཐལ་རང་སོགས་རིགས་པས་དཔྱད་པའི་རྗེས་དཔག་ལ་བརྟེན་ནས་རྙེད་པའི་སྟོང་པ་ཙམ་ལ་དབུ་མར་འཇོག་པའི་ཕྱིར་དབུ་མ་ཆུང་ངུ་དང༌། ཕྱི་མ་ནི་དཔྱད་པ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱིས་བཞག་པའི་གནས་ལུགས་ཀྱི་དོན་ལ་དེར་བཞག་པའི་ཕྱིར་དབུ་མ་ཆེན་པོའོ། །ཞེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །སྟོང་ཉིད་ཙམ་ཡིན་སྟོང་ཉིད་མཐར་ཐུག་མིན། །ངེས་དོན་ཡིན་ཡང་ངེས་དོན་མཐར་ཐུག་མིན། །རྒྱུ་མཚན་རང་སྟོང་སྨྲ་རྣམས་དབུ་མ་ཡང༌། །མཐར་ཐུག་ཁས་མི་ལེན་ཕྱིར་དབུ་མ་ཅི། །རང་སྟོང་གཞུང་ལ་དཔྱད་ཚེ་དབུ་མ་མེད། །གཞན་སྟོང་པ་ནི་དཔྱད་ཀྱང་དབུ་མར་འདོད། །རང་འདོད་མཐར་ཐུག་དབུ་མ་མི་འདོད་པའི། །དབུ་མ་ཆེན་པོ་དེ་འདྲ་མཚར་གྱི་མེད། །ཞེས་དང་། ཟབ་དོན་ཁྱད་པར་ཉེར་གཅིག་ལས། ཡང་སྔ་མས། གཞན་སྟོང་སེམས་ཙམ་ལས་འདས་པས་དབུ་མ་གོ་ཆོད་པོ་ཡིན་ཀྱང༌། ལྟ་བའི་ངོས་ནས་དེ་བས་ཀྱང་རང་སྟོང་མཐོ། འོན་ཀྱང་སྔ་མ་དེ་ནོར་བར་མི་འགྱུར་ཏེ། སྒོམ་དོན་དང་མཐུན་པས་སོ་གསུང༌། ཡང་ཕྱི་མས་ནི། རང་སྟོང་ཡང་སེམས་ཙམ་ལས་འདས་པས། གྲུབ་མཐའ་བཞིའི་དབུ་མར་བསྡུ་བ་ཙམ་ཡིན་ཀྱང་རྣམ་དག་མཐར་ཐུག་མིན་ལ། ལྟ་བའི་མཐོ་ཤོས་གཞན་སྟོང་ཁོ་ན་ཡིན་ནོ་གསུང༌། བཞི་པའོ། །ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་མངོན་དུ་བྱེད་པའི་ལམ་(བསྒྲུབ་བྱ་དང་ལྡན་པ་)དང་དེ་དག་སྟོན་པའི་གཞུང་(བརྗོད་བྱའི་དོན་དང་ལྡན་པ་)ལ་ནི་བཏགས་པ་ཙམ་སྟེ་དེ་བཞིན་དུ་དབུ་མ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་དང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང་རྡོ་རྗེའི་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང་བདེ་དགྱེས་དང་གསང་འདུས་དང་དུས་འཁོར་(དང་མཁའ་འགྲོ་རྒྱ་མཚོ་)ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེ་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ་འདི་ནི་མདོ་རྒྱུད་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ཆེན་པོ་དང༌། རྡོ་རྗེའི་ཚིག་ཏུ་གསུངས་པ་ཐམས་ཅད་ཀྱི་མདུད་འགྲོལ་ཆེན་པོ་དང་དགོངས་ཏེ་གསུངས་པའམ་དགོངས་ཆེན་ཟབ་མོ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཡིན་ནོ། །ཞེས་སོགས་ཀྱིས་དབུ་མ་ལ་གཙོ་ཕལ་ཕྱེས་པ་འདྲ་ཡང་དཔྱད་པར་བྱའོ། །