
༄༅། །མཚུངས་མེད་དགོན་སྡེ་ཁག་གི་མཁན་ལས་སྣེ་ལྷན་རྒྱས་དང་ཆོས་ཚོགས་ཁག་གི་དབུ་འཛིན་རྣམ་པ། ས་གནས་རྒྱུན་ལས་རྣམས་ཀྱི་སྙན་དྲུང་དུ།
གུས་པས་ཞུ་གསོལ། བོད་རྒྱལ་ལོ་༢༡༥༢ བོད་ཟླ་༥ ཚེས་༡༡ ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ གཟའ་ཚེས་དགེ་བའི་ཉིན་ནས་རྒྱལ་སྤྱིའི་ཁྱོན་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་འབྲེལ། ཆོས་དོན་ལས་ཁུངས་ཀྱི་གསལ་བསྒྲགས་དང་སྐྱབས་རྗེ་༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བཀའ་ལུང་ཕེབས་དོན། ༸མགོན་པོ་མཆོག་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། ཞབས་རིམ་གནད་སྨིན་༧གོང་ས་༧མཆོག་གི་ཞབས་བརྟན་གསོལ་འདེབས་དང་ཚེ་བསྙེན་ཚེ་གཟུངས། ཚེ་ཐར་དང་སྲོག་བླུ། གུ་རུའི་མཚན་སྔགས། མདོ་གདུགས་སྒྲོལ་གསུམ། བར་ཆད་ལམ་སེལ། བསམ་པ་མྱུར་འགྲུབ་མ། གསོལ་ཁ་དང་མ་མོའི་འཁྲུག་བསྐང་རྣམས་གང་མང་སྒྲུབ་གསོག་དང་། གཞན་རྒྱལ་བའི་བཀའ་འགྱུར་ཀློག་འདོན། ཡུམ་ཆེན་མོ་དག་འདོན་རྣམས་གཞི་བྱེས་གཉིས་ནས་གསོག་སྒྲུབ་དགོས་གལ་བཀའ་ཕེབས་སོང་ན། དེ་དོན་སོ་སོའི་ཁྱབ་ཁོངས་ཁག་ལ་གསལ་བསྒྲགས་ནན་བརྗོད་ཀྱིས་ཁྱབ་ཁོངས་སོ་སོའི་ཞབས་རིམ་གྲངས་ཐོ་ཕྱོགས་བསྡོམས་ཞུས་པའི་སྒྲུབ་ཐོ་ཕྱི་ལོ་༢༠༢༥ ཟླ་༧ ཚེས་༣ ནང་ཚུད་འདི་ག་ལས་ཁུངས་སུ་འབུལ་གནང་ཡོང་བ་ཞུ།
ཞེས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས།
ཕྱི་ལོ་༢༠༢༥ ཟླ་༤ ཚེས་༩ ལ།