མཛད་པ་པོ། ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན།
བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ལ་ཕྱག་འཚལ་ལོ།། འདིའི་བྱུང་ཚུལ་ནི། བོད་མུན་པའི་སྨག་རུམ་འདྲ་བ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བོད་ཀྱི་རྒྱལ་པོར་སྤྲུལ་ནས། དམ་པའི་ཆོས་ཀྱི་ཉི་མ་ཤར་བར་མཛད་དེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་དམ་པའི་ཆོས་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ཐམས་ཅད་ལ་ཡོངས་སུ་གྲགས་པ་ལས། དང་པོ་ལྷ་ཐོ་ཐོ་རི་སྙན་བཙན་ཕོ་བྲང་ཡུ་བུ་བླ་སྒང་ན་བཞུགས་དུས། ཐོག་མར་ཟ་མ་ཏོག་བཀོད་པའི་མདོ། ཤེལ་གྱི་མཆོད་རྟེན་ཕྱག་རྒྱའི་དམ་ཁ་ལ་སོགས་པ་རྣམས་ནམ་མཁའ་སུ་བྱོན་བྱུང་། དེ་དུས་ཁ་ཆེའི་མཁས་པ་ལེགས་སྦྱིན་ཞེས་བྱ་བ་ལ་བསྒྱུར་བར་ཞུས་པས། བོད་ན་ཡི་གེ་མེད་པའི་སྟོབས་ཀྱིས་བསྒྱུར་མ་ནུས། ཆོས་ཟབ་མཐར་ཐུག་བྱིན་རླབས་ཅན་དུ་འདུག་པས། དད་གུས་དང་ཕྱག་མཆོད་བྱས་ན་ལེགས་པར་འོང་གསུངས་ནས་པཎྜི་ཏ་རྒྱ་ནག་ཏུ་གཤེགས། དེ་ནས་རྒྱལ་པོས་གསེར་སྐྱེམས་དང་། གཡུ་སྔོན་ལ་སོགས་པས་མཆོད་ཅིང་ཕྱག་དང་བསྐོར་བ་དང་། དད་གུས་མཛད་པས་ཤིན་ཏུ་བྱིན་རླབས་ཆེ་ཞིང་བཀྲ་ཤིས་པར་བྱུང་ནས། ཆོས་དེ་ལ་གཉན་པོ་གསང་བ་ཞེས་གྲགས་སོ།། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བསྒྱུར་བས། ཟ་མ་ཏོག་བཀོད་པ། ཡི་གེ་དྲུག་པའི་མདོར་ཤེས་ནས་སྲོལ་བཏོད། དེ་ནས་ཁྲི་སྲུང་ལྡེ་བཙན་གྱིས་དར་ཞིང་རྒྱས་པར་མཛད་པས། ལྷ་འདི་དང་ཆོས་འདི་བོད་ཀྱི་ལྷ་སྐལ་དང་། ཆོས་སྐལ་དུ་གྲགས་ཤིང་ས་ཆ་མང་པོར་ཁྱབ་པས་ཀུན་གྱིས་ངོ་མི་ཤེས་པ་མེད་པར་མཛད་པས་འདི་སེམས་ཅན་རྣམས་ལ་སྐུ་དྲིན་ཤིན་ཏུ་ཆེ་གསུངས། སྐུ་བཞེངས་པ་དང་། ཐུགས་བསྒོམ་པ་དང་། སྔགས་བཟླས་པ་མང་པོ་བྱུང་བས་གྲུབ་པ་ཐོབ་པ་དང་། ནུས་པ་བྱིན་ཅན་དང་། མཁས་བཙུན་མཁས་གྲུབ་མང་པོ་རིམ་པ་ལྟར་བྱོན་ནས་རྒྱལ་ཁམས་ཐམས་ཅད་ཆོས་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་པས་བྱིན་རླབས་དང་སྐུ་དྲིན་ཤིན་ཏུ་ཆེ་གསུངས། སྔགས་ཟློ་བར་བྱེད་པ་ལ་འཛབ་ཅེས་དང་པོར་གྲགས་ཏེ། དེ་ནི་འཛབ་ཅེས་པ་སཾ་སྐྲྀཏའི་སྐད་ཡིན། བོད་སྐད་དུ་བསྒྱུར་བ་བཟླས་པ་ཞེས་པར་འགྱུར་བས། འཛབ་བྱེད་ཟེར་ན་བཟླས་པ་བྱེད་ཅེས་པའི་དོན་དུ་གོ་དགོས་ཀྱི། བོད་བློན་པོ་ལ་ལས་ཀྱང་གྱེར་མ་བྱེད་པ་ལ་འདོད་པ་དེ་ནི་རྒྱལ་བའི་དགོངས་པ་མ་ཡིན་པས། འཛབ་བྱེད་ན་སྔགས་དབང་བོ་ཤ་ར་ར་ཟློས་དགོས་ཞེས་སྔོན་གྱི་ལོ་ཙཱ་བ་མཁས་པ་ཆེན་པོ་རྣམས་ལ་ཞལ་མཐུན་པར་གསུང་མདོ་སྡེ་ཆེ་ཆུང་ཐམས་ཅད་དང་སྔགས་ཀྱི་རྒྱ་གཞུང་བཟླས་པ་སྟོན་པ་ཐམས་ཅད་ནའང་། འཛབ་ཅེས་པ་བཟླས་པར་བསྒྱུར་བ་ཤ་སྟག་ཡོད་ཀྱི། གྱི་མར་བསྒྱུར་བར་གཅིག་ཀྱང་མེད། དེའི་སྟོབས་ཀྱིས་མཁས་པ་ཐམས་ཅད་ལ་འཁྲུལ་པ་དེ་མེད། བླུན་པོ་རྣམས་འཁྲུལ་པའི་གཞི་ནི། དང་པོ་བོད་ན་ཆོས་མེད་ལ་བོན་པོ་མང་བས། ཕྱིས་ཆོས་བྱོན་དུས་གྱེར་མ་མེད་པ་ལ་མི་རྣམས་མ་དད་ནས། གཤེ་སྐུར་སྣ་ཚོགས་ཀྱིས་ལས་ངན་བསོགས་པ་མང་དུ་བྱུང༌། དེ་རྣམས་རིམ་གྱིས་དྲང་བའི་ཕྱིར་དུ། ཆོས་ཀྱི་ཚིག་ཀྱང་གྱེར་མ་ལ་བསྐྱོན་པ་འགའ་རེ་བྱས་པས། དེ་མཆེད་ཅིང་འཇགས་ནས། སྔགས་ལའང་གྱེར་མ་བྱེད་པ་འགའ་རེ་བྱུང་ཞིང༌། སྔགས་པ་གྱེར་བསྒོམ་པ་ཡིན་ཟེར་བ་བྱུང་སྟེ་སྔགས་རྙིང་བ་པར་གྲགས། དེ་ནས་གསར་མ་བ་ལ་ལས་ཀྱང་དེའི་ལད་མོ་བྱས་པ་ཐལ་ནས་སྔགས་ལའང་གྱེར་མ་བྱེད་པ་བྱུང་སྟེ། སྔགས་ཀྱི་མཚན་ཉིད་ཉམས་པ་མ་ཚོར་བས་བྱིན་རླབས་དང་མཐུ་སྟོབས་ཆུང་དུ་སོང་ནས་གྲུབ་ཐོབ་ནུས་པ་ཅན་ཉུང་དུ་སོང་། ས་གཞི་བྱིན་ཆུང་དུ་སོང་ནས་འབྲུ་བཅུད་དང་རྩི་ཐོག་ལ་སོགས་པ་བཟང་པོ་མི་སྨིན། མི་ནད་དང་ཕྱུགས་ནད་དང་། འཐབ་རྩོད་འཁྲུག་ལོང་ལ་སོགས་པ་བཀྲ་མི་ཤིས་པ་སྣ་ཚོགས་དར་བ་ནི། རིགས་སྔགས་ལོག་པར་བསྒྲུབ་པ་བཞིན། ཞེས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་དང་རྗེས་སུ་མཐུན་པར་གསུངས། སྔགས་ཀྱི་བྱིན་རླབས་ཅན་འོང་བ་ལ་སྔགས་ཀྱི་མཚན་ཉིད་ཚང་དགོས། དེ་ལ་ཡི་གེ་ཐུང་བ་རིང་བ་ཤིན་ཏུ་རིང་བ་རྣམས་མ་ནོར་ཞིང་མ་འཁྲུགས་དགོས། ཐུང་བ་ནི་མིག་འཛུམ་པའི་ཚད་དོ།། རིང་བ་ནི་དེའི་གཉིས་འགྱུར་རོ།། ཤིན་ཏུ་རིང་བ་ཞིག་གསུམ་འགྱུར་ཏེ། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་སོགས་གསལ་བར་གསུངས་སོ།།
དེས་ན་སྔགས་གྱེར་མ་བྱས་ན། ཐུང་ངུ་ལ་རིང་པོ་དང་། ཤིན་ཏུ་རིང་པོར་སོང་བ་དང་། དེ་བས་ཀྱང་ཆེས་ཤིན་ཏུ་རིང་བ་དང༌། དེ་བས་ཀྱང་ཆེས་ཤིན་ཏུ་རིང་ཞིང་རིང་བ་ལས་ཀྱང་རིང་བར་སོང་བ་ལ་སོགས་སྐྱོན་མང་པོ་འདྲེན་འོང་བས་སྔགས་བཟླ་བ་རྣམས་ཀྱི་གྱེར་མ་སྤངས་ནས། བགྲང་ཕྲེང་བཟུང་སྟེ། ཇི་སྐད་བཤད་པ་བཞིན་ཤ་ར་ར་བཟླས་པས་བྱིན་རླབས་ཀྱང་ཇི་སྐད་བཤད་པ་བཞིན་འབྱུང་ངོ༌། འོ་ན་སྐབས་སྐབས་སུ་འཛབ་བསྟོད་དང༌། མཆོད་བསྟོད་བྱ་བར་གསུངས་མོད་ཅེ་ན། དེ་དག་ནི་བཟླས་པས་སྐྱོ་བ་དང་བྱིང་བ་དང་རྨུགས་པ་དང་། གཉིད་དང་རྒོད་པ་ལ་སོགས་པ་བསལ་བའི་ཆེད་དུ་སྔགས་ལས་གཞན། བསྟོད་པའི་ཚོགས་ལེགས་པོ་དག་གིས་མཆོད་པ་ཕུལ་ནས་འདོད་པའི་དོན་ཞུ་ཞིང་གསོལ་བ་གདབ་པ་ལ་སོགས་པ་རྣམས་ལ་དགོངས་ཀྱི། སྔགས་ཉིད་གྱེར་མར་བྱེད་པ་ལ་དགོངས་པ་ནི་གཏན་ནས་མ་ཡིན་ནོ།། ཞེས་སྐྱེས་མཆོག་རྣམས་ཞལ་མཐུན་པར་གསུངས་ཤིང་། ཤིང་རྟ་ཆེན་པོ་རྣམས་དང་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཡང་དེ་བཞིན་དངོས་ཡིན་གསུངས། གཞན་ཡང་བཟླས་པའི་གྲངས་ཚད་བྱེ་བ་ཞེས་གསུངས་པ་ཡང་གྱེར་མར་མ་བྱས་ནས་ཧ་ཅང་ཐལ་བ་ལ་སོགས་སྐྱོན་མང་པོ་ཡོད་ཅིང་གྱེར་བའི་སྔགས་རེ་རེའི་བར་ལ་བཟླས་པ་ཡང་དག་བཅུའམ་ཉི་ཤུ་ལ་སོགས་པ་མང་པོ་འགྲུབ་པས། དེ་ངེས་བྱེད་ལའང་ད་ལྟར་འཛབ་ཡང་དག་བྱས་ཀྱང་གྱེར་མ་མ་བྱས་ནས་འཛབ་མ་བྱས་སྙམ་པ་ནི་ནོར་བ་ཡིན་གསུངས་སོ།། བཀའ་མ་གཏེར་མ་ཞེས་བྱ་བ་གྲགས་པ་ལ། བཀའ་མ་ནི་ཤིང་རྟ་ཆེན་པོ་རྣམས་དང་། ཁྱད་པར་སློབ་དཔོན་ཙནྟ་གོ་མི། སློབ་དཔོན་ཟླ་བ་གྲགས་པ། དགེ་སློང་མ་དཔལ་མོ། སློབ་དཔོན་དགེ་བསྙེན་ཀུན་སྦྱིན། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་སྐྱེར་སྒང་བ། གྲུབ་ཐོབ་ཤུ་བུད་སྒང་པ། གྲུབ་ཐོབ་གཉེན་ཚིམ་བུ་པ། གྲུབ་ཐོབ་དམ་པ་དམར་པོ་ལ་སོགས་པ་ཤིན་ཏུ་མང་པོས་བཟླས་པ་ཡང་དག་གི་ལུགས་སུ་མཛད་པས་གྲུབ་རྟགས་ལེགས་པར་ཐོན་ལུགས་དེ་ལ་སྔགས་པ་མང་པོ་གསུང་ངོ༌།།
གཏེར་མ་ཞེས་གྲགས་པ་ལ་ཡི་གེ་བདུན་པ་ནི། གུ་རུ་ཆོས་དབང་བྱོན་ནས་བྱུང་སྟེ། ཁོང་པ་རང་གིས་བཟླས་པ་ཡང་དག་གི་ལུགས་བཞིན་མཛད་པས། ནུས་པ་ཐོན་ཞིང་། ཡོན་ཏན་མང་པོ་བརྙེས། གུ་རུ་པདྨ་འབྱུང་གནས་དང་མཇལ་བའི་སྐྱེས་མཆོག་དམ་པར་འགྱུར། གདུལ་བྱ་སྣོད་ལྡན་རྣམས་ལ་བཟླས་པ་ཡང་དག་གི་ལུགས་སུ་སྣང་ངོ༌།། གཞན་དང་མེད་སྐལ་དམན་ཚེ་ཕྱི་མ་མི་དྲན་པར་འདི་ཁོ་ན་དོན་དུ་གཉེར་ཞིང་མིག་རྟོག་སྣར་བསྟས་པ། གླུ་གཞས་དང་། གྲགས་ལ་དགའ་བའི་སྙིང་མེད་སྙིང་རུལ་རྣམས་ཀྱི་ཆོས་སྐལ་གཏན་ཆད་ལ་སོང་གི་དགོངས་པའི་ཐུགས་རྗེ་ཆེན་པོ་མཛད་ནས། གྱེར་མ་དང་འདྲེས་པ་འདི་མཛད་དེ། དེ་ཡང་དང་པོ་གྱེར་མའི་ཐབས་ཀྱིས་བསྡུས་ནས་སྐབས་སྐབས་སུ་བཟླས་པ། ཡང་དག་ཀྱང་བརྒྱ་ཕྲག་སྟོང་ཕྲག་མང་དུ་མཛད་དུ་འཇུག དེའི་ནང་ནས་སྐལ་ལྡན་བྱུང་ན་ཟབ་ཆོས་གཞན་ཡང་གནད་པ་ཡིན་པར་གདའ་སྟེ། དུས་ཕྱིས་སྐལ་བཟང་ནི་ཇེ་ཉུང༌། སྐལ་ངན་ནི་ཇེ་མང་དུ་སོང་པས་ཡང་དག་དེ་ནི་ནུབ་པ་བཞིན་སོང་བས། ལྟར་སྣང་དེའི་དར་བར་གྱུར་ཏེ། ཆོས་གངས་མེད་གྲེད་པོ་གྲེད་མོ་གླུ་གཞས་སྣ་ཚོགས་ལ་དགའ་ནས་གྲོགས་བྱེད་པ་ལ་མ་ཎི་བྱེད་ཟེར་བ། འདི་འབྱུང་བ་ཡིན་པར་གདའ། ཤིན་ཏུ་སྤངས་ནས་མི་ཟུག་སྟེ་བྱས་མེད་འགྱུར་རོ། འཇུག་བྱ་འཇུག་བྱེད་ཀྱི་ཧུད་ཀྱི་ཧུད། བསྟན་པའི་ཡང་སྙིང་ཟབ་མོ་ལ་འདི་ལྟ་བུའི་དུས་འོང་པ། རྫུན་པས་བདེན་པ་སྣུབ་པ། ལྟར་སྣང་གི་ཡང་དག་འགོག་པ། འདི་འདྲ་ལ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེས་གཟིགས་སུ་གསོལ། དེར་མ་ཟད་ལ་ལ་ན་རེ་ཧཱུཿམ་བཟླས་ན་ཡིག་དྲུག་བཟླས་ཀྱང་སངས་རྒྱས་ལ་ཉེར་མི་འགྲོ་ཞེས་སོགས་སངས་རྒྱས་ཀྱི་བཀའ་ཡང་དག་པ་ལ་གཤེ་སྐུར་འདེབས་པ་རྣམས་ནི་ལྷག་པར་ཡང་སྙིང་རྗེ་གསུངས། འོ་ན་ཧྲཱིཿབཟླས་པ་ལ་སྐྱོན་ཅི་ཡོད་སྙམ་ན་ཐུགས་ཀྱི་སྙིང་པོའི་ས་བོན་ཡིན་པས་སྐྱོན་མེད། མ་བཟླས་ཀྱང་ཡི་གེ་དྲུག་པ་ལ་འདུ་བས་སྐྱོན་ནི་མེད། ཡིག་དྲུག་ཟབ་མི་ཟབ་ཟ་མ་ཏོག་བཀོད་པའི་མདོ་སྡེ་ལ་སོགས་མདོ་རྒྱུད་ཟབ་མོ་རྣམས་ལ་བལྟས་ན་གསལ།
གཏེར་མ་ལ་གཏེར་ཁ་གོང་འོག་ཞེས་གྲགས་པའི་གོང་མ་མངའ་བདག་ཉང་རལ་གྱི་ལུགས་ལ་ཧྲི་དྲག་མེད་པར་མདོ་དང་མཐུན། དེ་བས་ན་དེ་གཉིས་ཀྱི་ཕྱོགས་བཟུང་ནས་རྩོད་པ་དང་སྨོན་པ་བྱེད་པ་མི་འཐད། གང་ཟེར་ན་བཟླས་སྒོམ་པ་ནུས་པ་ལ་གཉིས་ཀས་ཆེར་ཕན་མི་ནུས་པ་ལ་གཉིས་ཀས་ཆེར་མི་ཕན། འོན་ཀྱང་ས་བོན་ཙམ་འཇོག་པ་སྲིད་གསུངས། བྲིས་པ་མཐོང་བའི་ཕན་ཡོན་དཔག་མེད་གསུངས་པ་ལ་སོགས་པ་དཔག་མེ་འབའ་ཞིག་དུས་གཞན་ལ་དགོངས་པ་ཡང་ཡོད་སྲིད་པས་འདི་ཙམ་སྤོང་བ་རང་མི་བདེན་སྙམ་པ་བྱར་མ་བཏུབ། བཀའ་ཡང་དག་པའི་བྱིན་རླབས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་ལ་དད་གུས་བསྐྱེད་པ་དང༌། ཐེ་ཚོམ་མེད་པ་གལ་ཆེ་གསུང་། ལུགས་གང་ལྟར་ཉམས་སུ་ལེན་ཡང་དབེན་པར་སྒོམ་པའི་ཚུལ་ནི་གཞན་ན་གསལ། མང་པོ་ཚོགས་ནས་གཟུགས་སྒྲུབ་ཀྱི་ཚུལ་དུ་བྱེད་པ་དང་། བསྙུང་གནས་ལ་སོགས་པའི་བྱེད་ཚུལ་ཡང་གཞན་ན་གསལ། འོན་ཀྱང་དེ་དག་ལ། གང་ཟག་གདེངས་ཅན་དགོས་པས་ཅུང་དཀའ་གསུངས།
འདིར་ཐུན་མོང་དུ་མང་པོས་བྱར་རུང་བ་ལ། མཆོད་པའི་རྫས་ཡོད་ན་ཤིན་ཏུ་བཟང་ཞིང་རྒྱ་ཆེ་ལ་གྱ་ནོམ་པར་བསགས། མེད་ན་གང་འབྱོར་པ་ལ། ཕུན་ཚོགས་དཔག་མེད་དུ་མོས་ཤིང་། གནས་དང་ཡོ་བྱད་བྱིན་དབབ། ལྷ་རྟེན་ཡོད་ན་དེ་ལ་བཞུགས་པའི་ཡེ་ཤེས་པ་གསལ་བཏཔ། སྐྱེ་ནམ་མཁའ་གང་པར་རྟག་ཏུ་བཞུགས་པའི་ཡེ་ཤེས་ལྷ་ཚོགས་ལ་གསལ་གདབ། མོ་ཊལ་དང་། བདེ་བ་ཅན་ལ་སོགས་པ་ཕྱོགས་གང་ཡང་རུང་བ་དང་བཅས་པས་སྤྱན་དྲངས་ལ། ལུས་གྲངས་མེད་དུ་མོས་ཏེ། གང་གི་དྲིན་གྱིས་ཞེས་སོགས་དང་། སྐྱོན་གྱི་མ་གོས་ཞེས་ཇི་སྙེད་སུ་དག་ཅེས་སོགས། གང་མོས་གང་ཤེས་ཀྱི་ཚིག་དང་བཅས་ནས་ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བདུན་པ་ཞེ་ཐག་པས་བྱང་ཕུལ་ནས་འདོད་པའི་དོན་ཀུན་འགྲུབ་པར་གསོལ་བ་གདབ། དེ་ནས་ཐམས་ཅད་ཀྱིས་དཀོན་མཆོག་ཐམས་ཅད་ལ་དད་གུས་ཆེན་པོ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་། དངོས་པོ་ཐམས་ཅད་བདེན་མེད་སྣང་ཙམ་ཡིན་ཡང་རླུང་སེམས་མ་འགགས་པ་དེ་སྲིད་དུ་རྒྱ་འདས་ཤིང་དེའང་མི་བསླུ་བར་ངེས་པས་འཁོར་བར་འཁྱམས་པའི་ཉེས་དམིགས་དྲན་པ། ཤིན་ཏུ་རྙེད་པར་དཀའ་བའི་མི་ལུས་འདི་འདྲ་བར་རྒྱང་ལན་གཅིག་ཙམ་ཐོབ་ཀྱང༌། མི་རྟག་པ་རང་ཆས་སུ་འབྲེལ་བས། ནམ་འཆི་ཆ་མེད་པ་དྲན་པས་ལྕགས་འདེབས་བྱས་ནས་མ་ཡེངས་རྩེ་གཅིག་མགྱོགས་བུལ་རན་ཞིང་གསལ་བར་སྔགས་བཟླས། བཟླས་པས་སྐྱོ་བའམ་བྱིང་རྨུག་ལ་སོགས་གྱུར་ན་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་། བསྟོད་པ་གང་རན་བྱ་ཞིང༌། རོལ་མོ་ལ་སོགས་པ་མཆོད་པ་རྒྱས་བསྡུས་གང་མོས་བྱ། འདོད་དོན་གང་ཡིན་གསོལ་བ་དྲག་ཏུ་གཏང་བསྐོར་བ་བྱ། ཟ་མ་ཏོག་བཀོད་པའི་མདོ་སྡེ་རིན་པོ་ཆེ་བཀླགས། དཀོན་མཆོག་ཆོས་སྐྱོང་མཁའ་འགྲོ་ལ་སོགས་པ་ལ་གཏོར་མ་འབུལ། སེམས་ཅན་ཐམས་ཅད་གཏོར་མ་ལ་སོགས་པས་ཚིམ་པར་བྱ། སྔགས་ཀྱི་གྲངས་ཐམས་ཅད་བསྡུས་ནས་ཁྲག་ཁྲིག་འབུམ་ཕྲག་འདི་ཙམ་གྲུབ་པའི་དགེ་བ་འདིས་གཙོ་བྱས་པ་དུས་གསུམ་དང་འབྲེལ་བའི་དགེ་བ་རང་གིས་བྱས་པ་དང་། གཞན་བྱེད་དུ་བཅུག་ཅིང་བསྐུལ་བ་དང༌། གཞན་གྱིས་དགེ་བ་ལ་རྗེས་སུ་ཡི་རང་བགྱིས་པ་ཅི་མཆིས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག དེ་མ་ཐོབ་བར་དུ་རྒྱལ་བ་རིགས་གསུམ་མགོན་པོ་ལ་སོགས་པ་འཕགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་། དམ་པའི་ཆོས་དང་དགེ་འདུན་ལ་སོགས་པ། ཡོནགནས་ཐམས་ཅད་ལ་བྱ་བ་ཆེན་པོ་བྱེད་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་ཚོགས་གཉིས་རྫོགས་པ་དང༌། སྒྲིབ་གཉིས་སྦྱོང་བའི་བྱ་བས་དུས་འདའ་བར་གྱུར་ཅིག རྟག་ཏུ་དད་པ་དང་ངེས་འབྱུང་དང་། སྐྱོ་ཤས་མི་རྟག་པ་དྲན་པས། ཆོས་ཕྱོགས་སུ་བརྩོན་འགྲུས་རྩོམ་པར་གྱུར་ཅིག ཡུལ་མི་འབྱུང་བར་གྱུར་ཅིག འདུན་མ་གང་བྱས་ཐམས་ཅད་ལེགས་ཤིང་ཆོས་དང་མཐུན་པའི་སྒོ་ནས་བཀྲ་ཤིས་ཕན་བདེའི་དཔལ་ལ་སྤྱོད་པར་གྱུར། ཕྱོགས་ཐམས་ཅད་དུ་མི་ནད་ཕྱུགས་ནད་འཐབ་རྩོད་འཁྲུགས་ལོང་སད་སེར་ལ་སོགས་པ་བཀྲ་མི་ཤིས་པ་དང་། བར་དུ་གཅོད་པ་ཐམས་ཅད་མེད་ཅིང་ཅེས་སོགས་སྨོན་ལམ་རྒྱས་པ་ཞེ་ཐག་པ་ནས་བཏབ་ནས་དཀོན་མཆོག་གསུམ་གྱི་བྱིན་རླབས་ཆེན་པོ་དང་། དགེ་བ་གང་བྱས་རྣམས་ཀྱི་ནུས་པ་དང༌། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་བྱིན་རླབས་ཆེན་པོའི་འཐུས། སྨོན་ལམ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་སོགས་གང་ཟབ་བྱས་ནས་གཏང་རག་མཆོད་བསྟོད་འབུལ། མ་འབྱོར་པ་དང་ཉམས་པ་དང་། ཞེས་སོགས་གང་རུང་གིས་བཟོད་པ་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐོང༌། དངོས་གྲུབ་ཞུས་ནས་ཡེ་ཤེས་པ་ལྷ་རྟེན་ལ་བརྟན་པར་བཞུགས་སུ་གསོལ། གཟུགས་སྐུ་འཁོར་དང་བཅས་པ་དང་།གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ། དེ་ལྟར་བྱས་ན་བྱེད་མཁན་རྣམས་དང་ཕ་མ་ཉེ་འབྲེལ་ལ་སོགས་པ་དུས་ལས་འདས་པའི་དགེ་རྩ་ འམ་དུས་མཆོད་དམ། ན་བའི་རིམ་འགྲོའམ། སད་སེར་དང་རིམས་ནད་ལ་སོགས་པ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་རྣམས་བཟློག་པ་ལ་དམིགས་པ་ཡིན་ཡང་རུང་། མདོར་ན་གང་དང་གང་ལ། དམིགས་པ་དེ་དང་དེ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་ཏེ། འདི་ཐེ་ཚོམ་མེད་དོ།། འདིའི་དམ་ཚིག་ནི་འཆི་བ་མི་རྟག་པ་དང༌། ལས་རྒྱུ་འབྲས་མི་བསླུ་བ་དང་། འཁོར་བའི་ཉེས་དམིགས་དང་། ཐར་པའི་ཕན་ཡོན་དང༌། དཀོན་མཆོག་གིས་བྱིན་རླབས་ཡང་ཡང་དྲན་པའི་སྒོ་ནས་མི་དགེ་བ་མཐའ་དག་ཅི་ནུས་ཀྱིས་སྤངས། དགེ་བ་མཐའ་དག་ཅི་ནུས་ཀྱིས་བསྒྲུབ། བླ་མ་དཀོན་མཆོག་ལ་དད་གུས་ཆེན་པོ་བསྐྱེད། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་བྱམས་སྙིང་རྗེ་དང་ཕན་སེམས་ཆེར་བསྐྱེད་ནས་ནུས་ཀྱིས་ཕན་འདོགས། གནོད་པ་སྐྱོབ། ཞག་རེ་ལ་སྔགས་སྟོང་ཕྲག་མང་པོའམ་ཅི་འགྲུབ་རེ་ཟློ་བའི་དམ་བཅའ་བྱས་ནས། མ་ཆགས་པར་བློ། གཞན་ཡང་འགྲོ་རུང་འདུག་རུང་། ཁ་མི་དལ་བར་ཟློ། རྟེན་གསུམ་གང་མཐོང་ཡང་། དད་པས་ཕྱག་གིས་ཐལ་མོ་སྦྱོར་བའམ། ཐ་ན་མགོ་འདུད་པ་ཙམ་ཡང་བྱེད། དེ་ལྟར་བྱས་ན་ཚེ་རིང་པ། ནད་མེད་ལོངས་སྤྱོད་འཕེལ། བསམ་པའི་དོན་རྣམས་འགྲུབ། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས། བསམ་པ་ཆོས་དང་མཐུན་ཞིང་ལས་སུ་རུང་བར་གྱུར་ནས། ཚེའི་དུས་བྱེད་པའི་ཚེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡ་མཚན་ཆེ་བས་བསུ་ནས། བདེ་བ་ཅན་ནམ། པོ་ཏ་ལ་ལ་སོགས་པར་སྐྱེ་ཞིང་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ།།
བཀའ་མདོ་རྒྱུད་ཟབ་མོ་ཐམས་ཅད་ལས་ཇི་ལྟར་གསུངས་བཞིན་དུ་གྲུབ་ཐོབ་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་ཞལ་གདམས་ཟབ་མོ་མདོར་བསྡུས་སུ་རྫོགས་སོ།། འདི་ནི་བཀའ་མའི་ལུགས་སོ།། ཧོར་གྱི་འཇིགས་ནས་ཤིན་ཏུ་དབེན་པའི་གནས་སུ་རབ་ཏུ་ཡིབ་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བྲིས་པའོ།། འདིས་ཀྱང་བསྟན་པ་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཆེས་ཆེར་ཕན་པར་གྱུར་ཅིག མངྒལཾ། བྷ་ཝན་དུ།