དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ།།
རྡུལ་དང་སྐད་ཅིག་ལས་འདས་རྟག་པའི་ཁམས།།
རྣམ་མེད་རྣམ་ཀུན་དུས་ཀྱི་འཁོར་ལོ་ཡིས།།
ཟག་བྲལ་དགེ་ལེགས་ཆར་དུ་བསྙིལ་བར་མཛོད།།
གང་གི་མཚན་ཙམ་བསྙེན་པས་འཆི་བདག་དཔུང་།།
དབང་མེད་འདུད་འགྱུར་ཚེ་ཡི་ལྷ་ཚོགས་ཀྱིས།།
དམ་པ་གང་གི་གསང་གསུམ་ཡོན་ཏན་ཁམས།།
ཚེ་ཡི་རིག་འཛིན་བརྙེས་པའི་བྱིན་ཆེན་ཕོབས།།
རྣམ་འདྲེན་བཞི་བའི་ལུང་རྟོགས་བསྟན་པའི་གནད།།
དྲི་མེད་རིགས་པས་འབྱེད་ལ་ཟླ་བྲལ་བའི།།
རིགས་ལྡན་སྤྲུལ་སྐུའི་རང་ལུགས་འཛིན་པ་ལ།།
མཚུངས་བྲལ་འཇིག་མེད་རྡོ་རྗེར་གུས་པས་འདུད།།
གང་སྐུའི་འདབ་མ་དང་བོར་བཞད་པ་ནས།།
ལྷན་སྐྱེས་རྟོགས་པའི་ཡོན་ཏན་ཁྱད་འཕགས་ཀྱིས།།
སྐལ་བཟང་ཡིད་ལ་རྣམ་དཀར་དད་པ་ཡི།།
མེ་ཏོག་གསོས་པའི་སྐྱེས་ཆེན་ཞབས་བརྟན་གསོལ།།
སྲིད་འབྱོར་མུན་པའི་མཐའ་ལས་ངེས་འབྱུང་བའི།།
ཚངས་སྤྱོད་གསེར་གྱི་ཉི་གཞོན་ཁབ་ཏུ་བསུས།།
བསླབ་གསུམ་རྒྱན་དུ་འཆང་བའི་ལུས་ཅན་གྱི།།
བསྟན་པའི་མཛོད་འཛིན་ཆེན་མོ་ཞབས་བརྟན་གསོལ།།
སྲིད་ན་མི་འཇིགས་སྙིང་སྟོབས་གོ་ཆ་ཡིས།།
བསྟན་འགྲོའི་དོན་ཆེན་ཐུགས་ཀྱི་རྩེར་བཀོད་ནས།།
ཐོས་བསམ་སྒོམ་གྱིས་མདོ་སྔགས་བསྟན་པའི་གནད།།
དགྱེས་དགུར་སྤྱོད་པའི་སྐྱེས་ཆེན་ཞབས་བརྟན་གསོལ།།
ཀུན་རྟོག་འཁྲུལ་བའི་སྣང་བ་དབྱིངས་སུ་ཐིམ།།
འཕོ་མེད་དགའ་བཞིའི་དཔལ་ལ་ཅི་དགར་རོལ།།
ཟག་མེད་བདེ་ཆེན་མཆོག་ལ་དབང་བསྒྱུར་བའི།།
རྟོགས་པའི་དབང་ཕྱུག་ཆེན་མོ་ཞབས་བརྟན་གསོལ།།
མཐའ་དག་ཉེས་པའི་ཚོགས་ལས་རྣམ་གྲོལ་བའི།།
གདོད་མ་གཞི་ཡི་ཆོས་སྐུ་མངོན་བྱས་ཀྱང་།།
བརྩེ་ཆེན་སྤྱན་གྱིས་གཟིགས་པ་མི་འདོར་བའི།།
སྤྲུལ་བའི་སྐུ་མཆོག་ཆེན་མོ་ཞབས་བརྟན་གསོལ།།
ཁྱད་པར་ངེས་གསང་བསྟན་པ་རིན་པོ་ཆེ།།
ཐུགས་ལ་ལྷུང་ནས་དབང་ལུང་མན་ངག་གི།
ཟབ་རྒྱས་ཆོས་ཀྱི་གཡས་འཁྱིལ་དུང་གི་སྒྲ།།
བསྒྲོག་པའི་བསྟན་འཛིན་ཆེན་མོ་ཞབས་བརྟན་གསོལ།།
ཡོད་མེད་རྟག་ཆད་ཉེས་པའི་མཐའ་ཀུན་ལས།།
གདོད་ནས་རྣམ་གྲོལ་གཞན་སྟོང་དབུ་མ་ཡི།།
རྫོགས་ལྡན་བསྟན་པ་འཛིན་ལ་ཟླ་བྲལ་བའི།།
ཇོ་ནང་བསྟན་བདག་ཆེན་མོ་ཞབས་བརྟན་གསོལ།།
རླུང་སེམས་འཕོ་བའི་ཉེས་ཚོགས་སྒྲ་གཅན་ཁར།།
གསོལ་བའི་འཕོ་མེད་བདེ་བ་ཆེན་པོ་ཡི།།
ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་པའི།།
རིག་འཛིན་གསང་མཛོད་ཆེན་མོ་ཞབས་བརྟན་གསོལ།།
རྒྱུད་ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་ཡི།།
ཟབ་དོན་ཤམ་བྷ་ལ་ཡི་མན་ངག་མཆོག།
ཇི་བཞིན་ཉམས་ལེན་མཛད་ལ་མངའ་བརྙེས་པའི།།
དུས་འཁོར་བསྟན་བདག་ཆེན་མོ་ཞབས་བརྟན་གསོལ།།
གང་གི་བསྟན་འགྲོར་སྨན་པའི་མཛད་པའི་མཐའ།།
ས་ཆེན་རྡུལ་གྱིས་གཞལ་ཡང་མི་ལང་ཡང་།།
སླར་ཡང་བསྟན་འགྲོར་ཐུགས་བསྐྱེད་དམ་བཅའི་རྒྱ།།
མི་ཤིགས་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག།
ཡེ་ཤེས་སྤྱན་མངའ་ལས་བཞིའི་ལྷ་ཚོགས་ཀྱིས།།
དམ་པ་གང་གི་གསང་གསུམ་ཡོན་ཏན་ལ།།
འཚེ་བའི་ནག་པོའི་ཚོགས་རྣམས་མཐར་བསྐྲད་ནས།།
འཕྲིན་ལས་ཕྱོགས་མཐར་རྒྱས་པའི་གྲོགས་མཛོད་ཅིག།
འདི་བྲིས་བསོད་ནམས་དཀར་བོའི་རྟེན་འབྲེལ་གྱིས།།
འགྲོ་ཀུན་ལུས་རླུང་འགྱུ་བ་ཀུན་འགགས་ནས།།
ཡེ་ཤེས་རླུང་དང་ཡེ་ཤེས་རབ་འཕེལ་ཏེ།།
དོན་གཉིས་མཐར་སོན་ཆོས་སྐུ་མངོན་གྱུར་ཤོག།
དེ་ལྟར་སྨོན་པའི་རྣམ་པར་དཀར་བོའི་དོན།།
བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་།།
འགྱུར་མེད་བདེ་ཆེན་མཐུ་ཡིས་ལེགས་འགྲུབ་སྟེ།།
དགེ་ལེགས་བྱེ་བས་ས་གསུམ་མཛེས་གྱུར་ཅིག། །།
ཅེས་ཇོ་ནང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག༧སྐྱབས་མགོན་༧ཀུན་དགའ་ངག་དབང་འཇིག་མེད་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་དམ་པ་གང་གི་སློབ་བུ་འགས་ཡང་ཡང་སྐུལ་བ་ལ་བརྟེན་ནས། དགའ་བ་བཅུ་དྲུག་གི་གྲངས་དང་མཉམ་པའི་ཞབས་བརྟན་སྨོན་ཚིག་འདི་བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་གྲལ་མཐར་གནས་པ་འདུ་ཤེས་གསུམ་པ་ངག་དབང་དགེ་འདུན་རྒྱ་མཚོས་བྲིས་ཏེ་གུས་ཕྱག་དང་བཅས་ཕུལ།།བོད་རྒྱལ་ལོ་༢༡༤༧-༡༢-༢༢ ཕྱི་ལོ་2021-2-4