སྟོན་པ་ཆེན་པོ་བསྟན་པའི་གཏན་རབས་བདུན།།
བྱམས་པའི་རྗེས་བཟུང་པན་གྲུབ་བཅུ་བདུན་ལ།།
གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
ཇོ་ནང་སྐྱབས་མགོན་སྐུ་ཚེ་རྟག་བརྟན་ཤོག།
དུས་ཀྱི་འཁོར་ལོ་ཆོས་རྒྱལ་རིགས་ལྡན་དང་།།
དུས་ཞབས་ཆེ་ཆུང་སྦྱོར་དྲུག་བླ་ཚོགས་ལ།།
གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
ཇོ་ནང་སྐྱབས་མགོན་གསུང་ལ་དབང་འབྱོར་ཤོག།
མཁན་སློབ་ཆོས་གསུམ་རྗེ་འབངས་ཉེར་ལྔ་དང་།།
བཀའ་གདམས་པ་དང་རིས་མེད་དམ་པའི་ཞབས།།
གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
ཇོ་ནང་སྐྱབས་མགོན་ཐུགས་བཞེད་ལྷུན་འགྲུབ་ཤོག།
ཇོ་ནང་རྣམ་གསུམ་དོལ་པོ་ཡབ་སྲས་དང་།།
རྗེ་བཙུན་ནས་བཟུང་རྩ་བའི་བླ་མའི་དྲུང་།།
གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
ཇོ་ནང་སྐྱབས་མགོན་འཕྲིན་ལས་རྒྱས་པར་ཤོག།
ཅེས་པ་འདིའང་དུས་རབས་ཉི་ཤུའི་ནང་སྤྱིར་སངས་རྒྱས་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད། བྱེ་བྲག་ཏུ་རྒྱལ་བ་ཇོ་ནང་བའི་བསྟན་པ་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་ཇོ་ནང་བའི་བསྟན་པའི་མངའ་བདག་༧ སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གི་སྐུ་ཚེ་མི་འགྱུར་རྟག་ཏུ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་ཕྱིར་དུ། འཕགས་ཡུལ་གནས་མཆོག་མཚོ་པདྨར་ཉེ་བ་ཞིག་ནས་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རབས་གསུམ་པ་དགེ་བཤེས་དཀའ་བཅུའི་མིང་འཛིན་པ་ཀུན་དགའ་འཚམས་ཆུང་གིས། ༢༠༢༡/ ༢/༢/ཉིན། དད་པའི་སྤུ་ལོང་གཡོ་བཞིན་གསོལ་བ་བརྩེ་གཅིག་ཏུ་བཏབ་པའོ།།