༊ རྗེ་དམ་པ་འདི་ཉིད་ནི་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅུ་བའི་མེ་ཕོ་བྱི་བའི་ལོ། སྤྱི་ལོ།1936 ལོར། མགོ་ལོག་ཨ་སྐྱོང་གི་ཡུལ་སྡེ་ཁང་རྒན་རྒྱ་སྐོར་ཚོ་བའི་ནང་དུ་ནགས་ཀྱི་དཔའ་སྲུང་གི་ཁྱིམ་བརྒྱུད་དུ་ཡབ་མགོ་ལོག་ཀུན་དཔལ་དང༌། ཡུམ་ནགས་བཟའ་མེར་ལོ་གཉིས་ཀྱི་སྲས་སུ་གཟུགས་སྐུའི་མེ་ཏོག་གསར་དུ་འཁྲུངས། དེ་ནས་རིམ་གྱིས་ཀློག་བསླབ་པ་སོགས་ཀྱི་བྱ་བ་རྒྱ་ཆེར་བྱས་ཏེ་རྔ་སྟོད་རྩི་ནང་དགོན་དུ་ཕེབས་ནས། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི། ཞེས་དང་། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས།། ཚུལ་ཁྲིམས་ལྡན་པ་གདུང་བ་སེལ་བའི་ཆུ།། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད།། ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས།། ཞེས་དང་། དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱི་ཞལ་ནས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ཞེས་གསུངས་པ་ལྟར། མ་ཅིག་སྒྲུབ་ཕུག་ཞེས་བྱ་བའི་དབེན་གནས་ག་ལ་བ་དེར་ཀུན་དགའ་མཚན་བཟང་རིན་པོ་ཆེ་མཆོག་དང༌། མཁས་དབང་ཆེན་པོ་ཀུན་དགའ་རྒྱལ་མཚན། སྐྱབས་རྗེ་མཁས་གྲུབ་དཔལ་བཟང་པོ་སོགས་གནས་བསྟན་ཉེ་བར་འཁོར་ལྟ་བུའི་དགེ་སློང་སྡེ་སྣོད་འཛིན་པ་གྲངས་ཚང་བའི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་ནས་མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་པ་བྱེད་མི་འགྱུར།། ཐོས་པས་གནོད་པ་སྤོང་བར་འགྱུར།། ཐོས་པས་མྱ་ངན་འདའ་བ་འཐོབ།། ཞེས་གསུངས་པ་ལྟར། མཁས་དབང་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱི་མདུན་ནས་མཁས་དབང་ཚོགས་གཉིས་རྒྱ་མཚོའི་རྟགས་རིགས། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ། ཕར་ཕྱིན་ཡུམ་དོན་གསལ་བའི་མེ་ལོང༌། དབུ་མ་འཇུག་ཊིཀ་དགོངས་པ་རབ་གསལ། འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་ཀྱི་མངོན་མཛོད་སོགས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་གནད་དུ་སྨིན་པ་བྱས། འགྲེལ་ཆེན་དྲི་མེད་འོད་ལས། དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི། བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་། ཐར་བ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ།། ཞེས་གསུངས་པ་ལྟར། རྡོ་རྗེ་འཆང་ཀུན་དགའ་མཚན་བཟང་རིན་པོ་ཆེ་དང་མཆོག་སྤྲུལ་དཀོན་མཆོག་ངེས་དོན་བསྟན་པའི་རྒྱལ་མཚན། ཉིད་ཀྱི་ཁུ་བོ་བླ་མ་མཁས་བཟང་རྣམས་ཀྱི་དྲུང་ནས་རྒྱལ་བ་ཇོ་ནང་བའི་ཟབ་ཆོས་བླ་ན་མེད་པ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་དངོས་གཞི་རྗེས་དང་བཅས་པ་དང་ཟབ་མོ་གཅོད་ཀྱི་རིམ་པ་མཐའ་དག་གསན་ཅིང་ཉམས་སུ་བླངས། གཞན་ཡང་ཇོ་ནང་རང་ལུགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་ཐིག་རྩ་དང་སྐར་རྩིས་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མང་པོ་བསླབ། དམ་པ་དེ་དག་སོགས་དགེ་སློང་གྲངས་ཚང་བའི་དབུས་སུ། སོ་སོར་ཐར་བའི་མདོ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པའང་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། ཞེས་དང་། ཇི་སྐད་དུ། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན།། འབར་བའི་སྣོད་ནི་དཀའ་ཐུབ་ཅན།། ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས།། དགེ་སློང་རྣམས་ནི་ཡིན་ཕྱིར་རོ།། ཞེས་གསུངས་པའི་དགོངས་དོན་ཐུགས་ལ་བཅངས་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཞུས་ཏེ་བསླབ་ཁྲིམས་རྣམས་མིག་གི་འབྲས་བུ་ལྟ་བུར་བསྲུངས་ནས་དགེ་སློང་འདུལ་བ་འཛིན་པ་ཆེན་པོར་གྱུར། དེ་ནས་རྩ་བའི་གདན་ས་ལྕམ་མདའ་དགོན་དུ་ཕེབས་ཏེ་གདན་ས་འཛིན་པ་སྒར་ཆུང་མཁན་པོ་ངག་དབང་རབ་གསལ་ལས་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་སོགས་ལ་ལེགས་པར་བསླབས། རྡོ་རྗེ་འཆང་ཀུན་དགའ་མཚན་བཟང་རིན་པོ་ཆེ་ལས་དུས་འཁོར་དབང་ཆེན་སོགས་དབང་ལུང་མང་པོ་གསན།
དེ་ནས་སྤྱི་ལོ། 1957 བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོར་ཤར་འཛམ་ཐང་གཙང་ཆེན་དགོན་དུ་ཕེབས་ནས་རྡོ་རྗེ་སློབ་དཔོན་ངེས་པ་དོན་གྱི་མ་ཧ་པཎྚི་ཏ་ཆེན་པོ་ངག་དབང་བློ་གྲོས་གྲགས་པ་ཉིད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་མདོ་དང་སྔགས་ཀྱི་ཟབ་ཆོས་ཡོངས་སུ་རྫོགས་པ་མཐར་ཆགས་སུ་ཞུས། གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་དཀོན་མཆོག་དར་རྒྱས་ལས་བདེ་མཆོག་རབ་འབྱམས་དང་གཤིན་རྗེ་རབ་འབྱམས་སོགས་དབང་ལུང་དུ་མ་ཞུས།
སྤྱི་ལོ། 1959 ལོར་རྒྱ་དམག་ལ་བྲོས་ནས་རྡོ་ཁོག་ཏུ་ཕེབས་སྐབས་འཛིན་བཟུང་བྱས། འཛི་སྐའི་ན་མདའི་ཁྲིམས་ཁང་དུ་བཞུགས་དགོས་བྱུང་། དེ་ནས་མགོ་ལོག་པདྨ་རྫོང་དང་གཅིག་སྒྲིལ་རྫོང་གི་ཁྲིམས་ཁང་དུ་ཡུན་རིང་བཞུགས་དགོས་བྱུང་ནས་སྐུ་ལ་འོ་བརྒྱལ་ཤིན་ཏུ་མང་པོ་བྱུང་། ཁྲིམས་ཁང་ནས་ཐོན་རྗེས་རང་ཡུལ་དུ་ཕེབས། འདི་སྐོར་དུ་ཡང་། ཇི་སྐད་དུ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི།། འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ།། ཞེས་གསུངས་པ་ལྟར་སྐུ་སྲོག་དང་འཇིགས་སྐྲག་ལ་མ་འཛེམ་པར་ལྐོག་ཏུ་འཛམ་ཐང་དུ་ལན་གྲངས་མང་པོར་ཕེབས་ནས་བླ་མ་རིན་པོ་ཆེ་ལས་དུས་ཀྱི་འཁོར་ལོའི་སྤྲོས་མེད་ཀྱི་དབང་དང་སྐལ་ལྡན་འགའ་ཕན་ཀྱི་དམིགས་ཁྲིད་ཟབ་མོ་སོགས་གཙོ་བོ་ཉམས་ལེན་གྱི་རིམ་པ་མང་པོ་ཞུས། རང་ཡུལ་དུ་རིག་གནས་གསར་བརྗེ་ཞེས་པའི་སྲིད་ཇུས་འཇིགས་སུ་རུང་བ་དེའི་སྐབས་སུ་ཐུགས་སྐྱོ་ཤེས་ངེས་འབྱུང་བརྟན་པོའི་སྒོ་ནས་སྐུ་བསྙུང་བའི་ཚུལ་མཛད་ནས་གཅིག་པུར་ཉིན་མཚན་ཀུན་ཏུ་དཔེ་ཀློག་དང་ཉམས་ལེན་གྱིས་བགྲང་བྱ་དུ་མའི་དུས་འདའ་བར་བྱས་ནས་སྡོམ་པ་གསུམ་དང་ཐོས་བསམ་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་འཕེལ་ཁོ་ནར་ཕྱིན་པར་མཛད། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ལོ།
སྤྱི་ལོ། 1972 ལོར་བཻ་ཙ་མཆོག་སྤྲུལ་རིན་པོ་ཆེས་ཁོང་གི་རྒྱལ་ཚབ་ཏུ་དབང་བསྐུར་ནས་བསྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དེ་ནས་བཟུང་ད་ལྟའི་བར་དུ་རྩི་ནང་དགོན་དུ་སྦྱོར་དྲུག་རྒྱུན་ཁྲིད་དང་དགེ་ཚུལ་སློང་གི་སྡོམ་པ། གཞན་བསྐྱེད་རིམ་སྣ་ཚོགས་སོགས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་། སྒྲུབ་ཁང་བསྐྱར་བཞེངས་སོགས་སྔ་ཕྱི་ཀུན་ཏུ་ཕྱག་རྒྱུ་ཕོན་ཆེན་དུ་མ་གནང་ནས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས། དེ་ནས་རབ་རྒྱལ་ས་ལུག་ལོ།1979 ལོར་མཁས་དབང་དམུ་དགེ་བསམ་གཏན་ལས་སྒྲ་དང་སུམ་རྟགས་སོགས་ལ་བསླབ་ནས་ཐུགས་སུ་ཆུད་པར་མཛད། དེ་ནས་སྔ་ཕྱི་ཅི་རིགས་སུ་བསེ་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་རིན་པོ་ཆེ་ཀུན་དགའ་ཐུགས་རྗེ་དཔལ་ལས་དུས་འཁོར་དབང་ཆེན་དང་། གཤིན་རྗེ་རབ་འབྱམས། སྒྲུབ་ཐབས་བརྒྱ་རྩ། རིན་འབྱུང་བརྒྱ་རྩ། སྦྱོང་རྒྱུད་བཅུ་གཉིས། འབྲོག་དགེ་དགོན་གྱི་མཆོག་སྤྲུལ་བློ་གྲོས་རྣམ་རྒྱལ་ལས་གྲོལ་མཆོག་ཁྲིད་བརྒྱ། རྒྱུད་སྡེ་རབ་འབྱམས། རྩི་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་སྨྱུང་གནས་བླ་མ་མཁས་བཟང་རིན་པོ་ཆེ་ལས་མུ་ཏྲ་བརྒྱ་རྩ། རྡོ་རྗེ་ཕྲེང་བ། ཁྲོས་མའི་དབང་། ནཻ་གུའི་བཀའ་ནང་མའི་དབང་། འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་བླ་མ་ཡོན་ཏན་བཟང་པོ་ལས་སྐྱབས་མགོན་མ་ཏིའི་བཀའ་འབུམ་ལས་ཐོར་བུ་སྣ་ཚོགས། ཏོ་ཙ་བླ་མ་མཁས་དཔལ་ལས་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བཀའ་འབུམ་ཡོངས་རྫོགས་དང་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ཕལ་ཆེར་གྱི་ལྗགས་ལུང་། ཉིན་ཡུལ་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་ཤེས་རབ་བཟང་ལས་ཇོ་ནང་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་ལྗགས་ལུང་བཅས་གསན་ཞུས་མཛད། འདི་སྐོར་ནས་མཁན་རིན་པོ་ཆེ་ཁོང་གི་མདུན་ནས་རྔ་ཡུལ་ཀིརྟི་དགོན་ཆེན་གྱི་ཨ་ལགས་སྒོ་རུ་ཚང་གིས་རིན་འབྱུང་བརྒྱ་རྩའི་དབང་ཡོངས་རྫོགས་ཞུས། གཞན་ཆོས་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཆེན་བློ་བཟང་འཕྲིན་ལས། ལྷ་ཁང་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་སྐལ་ལྡན་རྒྱ་མཚོ། རྒྱལ་བ་ཇོ་ནང་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་སོགས་ལས་ཇོ་ནང་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་མ་ལུས་པ་ཐུགས་ཀྱི་བཅུད་དུ་བསྟིམ་པར་མཛད། གཞན་ཡང་ཆོས་རྗེ་འཇིགས་མེད་ཕུན་ཚོགས། གུང་ཐང་བསྟན་པའི་དབང་ཕྱུག་སོགས་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་མང་པོ་ལས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་ཞུས། དེ་ཡང་སྐྱབས་མགོན་ཐམས་ཅད་མཁྱེན་པ་མ་ཏི་ཀིརྟི་ཞལ་ནས། མི་རིང་བར་ལོ་ཁ་ཤས་ཀྱི་རྗེས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་འཕོ་འགྱུར་བྱུང་སྟེ་ཆོས་ལུགས་དད་མོས་རང་དབང་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སླར་ཡང་དར་བའི་དུས་སྐབས་ཤིག་བྱུང་སྟེ་ཁྱོད་ཚོ་རབ་བྱུང་གྲྭ་བཙུན་རྣམས་ལྷན་ཅིག་ཏུ་ཚོགས་མཉམ་དུ་སྡོད་དེ་ཆོས་ལ་སྤྱོད་པའི་སྐལ་བ་ལྡན་ངེས་ཡིན། ཞེས་འཁྲུལ་བ་མེད་པའི་ལུང་གིས་གསལ་བོར་བསྟན་པ་བཞིན། བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོ།
སྤྱི་ལོ། 1984 ལོ་ནས་བཟུང་རྒྱལ་བ་ཇོ་ནང་པའི་རང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་གི་བསྟན་པའི་བདག་པོ། རྡོ་རྗེ་སློབ་དཔོན། ཆོས་ཁྲིད་མཁན་པོ་བཅས་ཀྱི་ཐུགས་འགན་ལེགས་བཞེས་གནང་སྟེ། འདུལ་བ་ལུང་ལས། རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ།། ཞེས་གསུངས་པ་ལྟར། སྦྲ་སར་དང་སོག་རུ། གདོང་སྐོར། ཁང་སར། རྔ་བ་སོགས་ནས་གྲྭ་བཙུན་ཆེས་མང་པོ་འདུས་པ་ལ་ལོ་རེ་རེ་བཞིན་དུ་བཤད་གྲྭ་བ་རྣམས་ལ་སུམ་རྟགས་དག་གསུམ་དང་། སྐར་རྩིས། དཀྱིལ་འཁོར་རྒྱ་མཚོའི་ཐིག་རྩ་སོགས་ཐུན་མོང་གི་རིགས་གནས་དང་། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ། མངོན་མཛོད་ལེགས་བཤད་ཟླ་བའི་འོད་ཟེར། ཕར་ཕྱིན་ཡུམ་དོན་གསལ་བའི་མེ་ལུང་། དབུ་མ་འཇིགས་མེད་གདོང་ལྔའི་ང་རོ་སོགས་ཐུན་མིན་གྱི་ཟབ་ཁྲིད་མང་པོ་རྒྱུན་ཆད་མེད་པར་གནང་། སྒྲུབ་གྲྭ་བ་རྣམས་ལ་རྒྱལ་བ་ཇོ་ནང་པའི་ཕ་ཆོས་དྲི་མ་མེད་པ་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ། དངོས་གཞི། རྗེས་བཅས་ཀྱི་དམིགས་ཁྲིད་མཐའ་དག་དམ་པ་གོང་མའི་ཕྱག་བཞེས་ལྟར་ཁྲིད་ཡིག་མཐོང་བ་དོན་ལྡན། སྒོམ་རིམ་གྲུབ་པའི་ལམ་བཟང་། ལྷན་ཐབས་འོད་བརྒྱ་འབར་བ་སོགས་ཀྱི་སྟེང་ནས་ཟབ་ཁྲིད་ལེགས་པར་གནང་། མཚམས་གྲྭ་བ་རྣམས་ལ་སྐལ་ལྡན་འགའ་ཕན། དུས་འཁོར་གཞུང་ཁྲིད། གཞན་བསྐྱེད་རིམ་སྣ་ཚོགས་རྟ་མགྲིན། ཕུར་བ། འཇིགས་བྱེད། འབྱུང་འདུལ། རྡོར་སེམས། མི་འཁྲུགས་པ། ནཻ་གུ། གཅོད་སོགས་ཀྱི་དམིགས་ཁྲིད་གནང་། གྲྭ་ཚང་འདུས་སྡེ་སྤྱི་ལ་ལམ་རིམ་བདུད་རྩིའི་ཉིང་ཁུ། སྤྱོད་འགྲེལ་དགོངས་པ་རབ་གསལ། ལོ་ཆེན་སྡོམ་གསུམ་སོགས་མདོ་སྔགས་རིགས་གནས་དང་བཅས་པའི་རྒྱས་ཁྲིད་རྒྱ་ཆེ་བ་གནང་། གཞན་ཡང་རིན་འབྱུང་བརྒྱ་རྩ། རྗེས་གནང་བརྒྱ་རྩ། གྲོལ་མཆོག་ཁྲིད་བརྒྱ། གཤིན་རྗེ་རབ་འབྱམས། ནཻ་གུའི་བཀའ་དབང་སོགས་དབང་ལུང་མན་ངག་གི་རིམ་པ་བསམ་གྱིས་མི་ཁྱབ་པ་གནང་། ལྕགས་མོ་མགོ་ལོག་གི་ཡུལ་འདིར་སྔར་དར་མ་མྱོང་བའི་ཇོ་ནང་རང་ལུགས་ཀྱི་རྒྱུད་སྡེ་མང་པོ་གསར་འཛུགས་དང་དུས་འཁོར་བློས་བསླངས་ཆེན་མོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་འགེངས་ཆེན་མང་པོ་གསར་བཞེངས་གནང་། ཇི་སྐད་དུ། སངས་རྒྱས་བསྟན་པའི་རྩ་བ་མ་རུལ་བ།། དམ་ཆོས་འདུལ་བའི་བསླབ་ཁྲིམས་གཙང་མ་ཡི།། བརྒྱན་པའི་དམར་སེར་འདུས་སྡེའི་པད་ཚལ་གྱི།། རྒྱ་མཚོའི་གོས་ཅན་ཐམས་ཅད་ཁྱབ་པར་ཤོག། ཅེས་གསུངས་པ་ལྟར། རྩ་བའི་གདན་ས་ལྕམ་མདའ་དགོན་དང་། རྩི་ནང་དགོན། གདོང་སྐོར་དགོན། ཉིན་ཡུལ་དགོན། འབྲོག་དགེ་དགོན། གཙང་གོང་དགོན། ལུང་སྐྱ་དགོན། གཙང་ཞོལ་དགོན། དཔལ་ཡུལ་དར་ཐང་དགོན། ཨ་བཟོད་དགོན། སྡེར་ནང་དགོན། སྦྲ་སར་དགོན། ལུང་དཀར་དགོན་སོགས་སྔ་འགྱུར་རྙིང་མ་དང་། རི་བོ་དགེ་ལུགས་པ། རྒྱལ་བ་ཇོ་ནང་པ་བཅས་ཀྱི་དགོན་སྡེ་མང་པོའི་གྲྭ་བཙུན་སྟོང་ཕྲག་ལྷག་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་། གཞན་ཡང་བོད་མདོ་དབུས་ཁམས་གསུམ་དང་། རྒྱ་གར། རྒྱ་ནག ཨ་རི། ཨུ་ཊ་ལི། ཡོ་རོབ་གླིང་སོགས་ཀྱི་དད་ལྡན་ཁྲི་ཕྲག་མང་པོ་ལ་དུས་འཁོར་དབང་ཆེན། བདེ་ཆེན་ཞིང་ཁྲིད། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་གནང་བ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བོད་ཤིང་ཁྱི་ལོ།
སྤྱི་ལོ། 1994 ལོར་སེར་སྐྱ་བརྒྱ་ཕྲག་དུ་མ་དང་མཉམ་དུ་ལྷ་ལྡན་དུ་ཕེབས་ནས་ཇོ་བོ་ཡིད་བཞིན་ནོར་བུ་རྣམ་པ་གཉིས་དང་། གཙུག་ལག་ཁང་དུ་བཞུགས་པའི་ཇོ་ནང་ཀུན་མཁྱེན་ཆེན་པོའི་འདྲ་སྐུ་སོགས་ལ་གསེར་ཆབ་དང་མཆོད་རྫས་དུ་མ་ཕུལ། གཙུག་ལག་ཁང་དུ་ཇོ་ནང་ཀུན་མཁྱེན་ཆེན་པོ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱི་འདྲ་སྐུ་གསར་བཞེངས་མཛད། ཕོ་བྲང་པོ་ཏ་ལ་སོགས་དབུས་དང་གཙང་གི་བསྒྲུབ་གནས་བྱིན་ལྡན། དགོན་སྡེ་ཆེ་ཆུང་མང་པོ་ལ་མང་ཇ་སྐུ་འགྱེད་རྒྱ་ཆེ་བ་ཕུལ། ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་ཀུན་མཁྱེན་ཡབ་སྲས་ཐམས་ཅད་ཀྱི་གདན་ས་ཇོ་ནང་རི་ཁྲོད་ཆེན་མོ་དང་རྟག་བརྟན་དམ་ཆོས་གླིང་སོགས་སུ་ཕེབས་ནས་གནས་མཇལ་བྱེད་པ། སྟོང་མཆོད་ཕུལ་བ། ཚོགས་འཁོར་བསྐོར་བ་སོགས་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས། བོད་མེ་བྱི་ལོ།
སྤྱི་ལོ། 1996 ལོར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གདན་ཞུས་ལྟར་ཕེབས་ནས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་མཁན་གསུམ་མང་པོ་ལ་དབུ་མ་འཇིགས་མེད་གདོང་ལྔའི་ང་རོ་དང་། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། གྲུབ་མཐའ་བློ་གསར་ཡིད་ཀྱི་རྒྱན་བཟང་སོགས་ཀྱི་ཟབ་ཁྲིད་གནང་། བོད་ཆུ་ལུག་ལོ།
སྤྱི་ལོ། 2003ལོར་ཆོས་སྡེ་ཆེན་པོ་བླ་རུང་སྒར་དུ་ཕེབས་ནས་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ལ་ཇོ་ནང་རི་ཆོས་ངེས་དོན་རྒྱ་མཚོའི་ལྗགས་ལུང་ཟབ་མོ་ཕུལ་བར་མཛད། ལོ་འདིར་སྐྱབས་རྗེ་བླ་མ་རིན་པོ་ཆེ་ཁོང་ཉིད་གྲྭ་འཁོར་འགའ་རེ་བཅས་རྒྱ་གར་འཕགས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ཇོ་ནང་བའི་དགོན་སྡེ་སུམ་ལ་ཕུན་ཚོགས་ཆོས་གླིང་དུ་དབུ་མ་གཞན་སྟོང་གི་ཆོས་སྐོར། ཐེག་ཆེན་བློ་སྦྱོང་གི་ཆོས་སྐོར། རྒྱུད་སྡེ་མང་པོའི་མངོན་རྟོགས་ཀྱི་དམིགས་ཁྲིད་དང་ཆོ་ག་སོ་སོའི་ལྗགས་ལུང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་ལུང་མན་ངག་ཆེས་མང་པོ་གནང་། རྒྱལ་བའི་དབང་པོ་ས་སྟེང་འགྲོ་བའི་སྐྱབས་མགོན་ཆེན་པོ་གང་ཉིད་དང་། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་མང་པོ་ལ་མཇལ་འཕྲད་གནང་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞུས། རྒྱལ་བ་ཇོ་ནང་པའི་བསྟན་པའི་འཕེལ་འགྲིབ་ཀྱི་སྐོར་སོགས་སྙན་ཞུ་དུ་མ་ཡང་ཡང་ཕུལ། སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུངས་ལྟར་རི་བོ་དགེ་ལུགས་པའི་རྩེ་རྣམ་རྒྱལ་གྲྭ་ཚང་དང་གདན་ས་ཁག་གི་དགེ་བཤེས་མཁན་སྤྲུལ་དུ་མ་ལ་ཇོ་ནང་རང་ལུགས་ལས་བརྩམས་ཏེ་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་དང་བཅས་པ་རྒྱ་ཆེར་གནང་། ཀརྨ་བཀའ་བརྒྱུད་པའི་ཆོས་སྡེ་མངའ་རིའི་འབོ་དཀར་དགོན་དུ་ཀརྨ་ཆོས་ཀྱི་བློ་གྲོས་སོགས་བླ་སྤྲུལ་མཁན་གསུམ་དང་། འདུས་པ་ཆེས་མང་པོ་ལ་ཡང་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་ཁྲིད་གསུམ་དམ་པ་གོང་མའི་ཞལ་རྒྱུན་བཞིན་ལེགས་པར་གནང་བ་སོགས་མཛད་པ་འཕྲིན་ལས་རླབས་ཆེན་པོ་གནང་། སྐབས་སྐབས་སུ་ཕྱིའི་རྒྱལ་ཁབ་དུ་མ་ནས་འོང་བའི་དད་ལྡན་རྣམས་ལ་ཆོས་འབྲེལ་དང་ཚན་རིགས་པ་རྣམས་ལ་དུས་འཁོར་སོགས་ཀྱི་སྐོར་ནས་དྲི་བ་དྲིས་ལན་མང་པོ་གནང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཞབས་ཀྱིས་བཅག་ཤིང་བྱིན་གྱིས་རླབས་པའི་གནས་ཁྱད་པར་ཅན་རྣམས་སུ་མཇལ་སྐོར་ལའང་ཕེབས། བོད་ཤིང་བྱ་ལོ།
སྤྱི་ལོ། 2005 སླར་ཡང་རྒྱ་གར་དུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ནས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་སྐབས་སུ་སློབ་མའི་གཙོ་གྲས་སུ་བཞག་སྟེ་ཇོ་ནང་མཁན་ཆེན་ཞེས་མཐོང་ཆེན་རྒྱ་ཆེར་གནང་། ལོ་འདིར་ཡང་མཁན་རིན་པོ་ཆེ་ཁོང་ཉིད་ཤར་འཛམ་ཐང་ནས་ཇོ་ནང་པའི་དགོན་སྡེ་ལྔ་བཅུ་ལྷག་གི་བླ་སྤྲུལ་མཁན་གསུམ་རྣམས་ཀྱིས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། དེ་དང་ལྷན་དུ་གཞན་སྟོང་བགྲོ་གླེང་ཆོས་ཚོགས་ཀྱི་ཆོས་ཁྲིད་མཁན་པོའི་ཐུགས་འགན་བཞེས་ནས་ཇོ་ནང་པ་དང་ཆོས་བརྒྱུད་གཞན་གྱི་འདུས་སྡེ་སྟོང་ཕྲག་དུ་མ་ལ་ལྕམ་མདའ་དགོན། གཙང་བ་དགོན། ལུང་སྐྱ་དགོན། གཙང་ཞོལ་དགོན་སོགས་ནས་བཀའ་བསྡུ་བཞི་བ་དང་། ཐེག་མཆོག་དབུ་མ་སོགས་ཀྱི་ཁྲིད་ལུང་དང་། ཨ་དཔལ་དགོན་དང་རྩི་ནང་དགོན་སོགས་ནས་གསོ་སྦྱོང་སྐབས་ཀྱི་སོར་མདོ་ལོ་དུ་མར་གསུངས། བཀའ་སློབ་ཟབ་རྒྱས་ཡང་མང་པོ་གནང་། སྔ་ཕྱི་ཀུན་ཏུ་རྒྱལ་བ་ཇོ་ནང་པའི་བསྟན་པ་སྤྱིའི་དོན་དུ་ཐུགས་ཁུར་དང་ཕྱག་རྗེས་བླ་ན་མེད་པ་ཡང་ནས་ཡང་དུ་གནང་དང་གནང་བཞིན་མཆིས། བོད་ཆུ་འབྲུག་ལོ། སྤྱི་ལོ། 2012 ལོར། ཇོ་ནང་གཞན་སྟོང་བགྲོ་གླེང་ཆོས་ཚོགས་ཐེངས་བདུན་པ་ལྕམ་མདའ་རུ་དགོན་སྡེ་བཞི་བཅུ་ཙམ་གྱི་ལུང་རིགས་སྨྲ་བ་སྟོང་ཕྲག་ལྷག་ཚོགས་པའི་ཡོན་བདག་བྱས། བོད་ཆུ་སྦྲུལ་ལོ།
སྤྱི་ལོ། 2013 ལོར། འཕགས་ཡུལ་གྱི་ཇོ་ནང་སྨོན་ལམ་ཆེན་མོའི་སྦྱིན་བདག་མཛད། བོད་ཤིང་ལུག་ལོ།
སྤྱི་ལོ།2015 ལོར། མཁན་རིན་པོ་ཆེ་གང་ཉིད་དགུང་གྲངས་བརྒྱད་ཅུར་སླེབས་པའི་དགའ་སྟོན་དུ་ལྕམ་མདའ་དགོན། རྩི་ནང་དགོན། གདོང་སྐོར་དགོན། ཨ་བཟོད་དགོན། ལུང་དཀར་དགོན། དཔལ་ཡུལ་དགོན། སྦྲ་སར་དགོན། སྡེར་ནང་དགོན་སོགས་ནས་འདུས་པའི་སློབ་བུ་ཡོངས་རྫོགས་དང་། དད་ལྡན་མང་ཚོགས་ཁྲི་ཕྲག་ལྷག་གིས་ཚེ་ལྷ་རྣམ་གསུམ་གྱི་སྒོ་ནས་ཞབས་བརྟན་བརྟན་བཞུགས་ཕུན་སུམ་ཚོགས་པ་ཕུལ། འཛམ་ཐང་གཙང་ཆེན་དགོན་ནས་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་མཆོག་སྤྲུལ་རྡོ་རྗེ་འཆང་། ༧ ངག་དབང་འཇིགས་མེད་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་དང་། བསེ་སྤྲུལ་འཇིགས་མེད་ཕུན་ཚོགས་སོགས་གཙང་བ་གྲྭ་མང་གི་མཁན་སྤྲུལ་ལས་སྣེ་རྣམས་དང་། གཙང་ཆེན་གཟིམ་ཁང་ཕོ་བྲང་སོགས་ཀྱིས་ཚེ་བསྙེན་དུང་ཡོན་བརྒྱ་དང་བཅུ་གསུམ་སོགས་གསང་གསུམ་གྱི་རྟེན་དང་རྟེན་འབྲེལ་ཅན་གྱི་དངོས་རྫས་མང་པོ་དང་བཅས་བརྟན་བཞུགས་ངོ་མཚར་བ་ཕུལ། རྔ་སྟོད་རྩི་ནང་དགོན་ནས་སྔ་ཕྱི་དུ་མར་འདུས་སྡེ་སྤྱི་དང་སྦྱོར་དྲུག་ཉམས་ལེན་པ་རྣམས་ཀྱིས་བརྟན་བཞུགས་ཕུལ་བར་མཛད། གཞན་མགོ་ལོག་དང་རྔ་བ། འཛམ་ཐང་། རྒྱལ་རོང་ཕྱོགས་ཀྱི་ཇོ་ནང་པའི་དགོན་སྡེ་དུ་མར་ཕེབས་ནས་བསྟན་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་གནང་། མཁན་རིན་པོ་ཆེ་གང་ཉིད་ཀྱི་གསུང་ཆོས་ལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེའི་ཟིན་བྲིས་སོགས་གཞུང་ལུགས་ཀྱི་སྐོར་དང་། སྐྱབས་མགོན་མ་ཏི་ཀིརྟིའི་རྣམ་ཐར་སོགས་ལོ་རྒྱུས་ཀྱི་སྐོར་དང་། འདུལ་བ་གཞི་གསུམ་གྱི་ལག་ལེན་གྱི་གསལ་བར་བཀོད་པ་སོགས་འདོན་ཆའི་སྐོར་དང་། ཡི་དམ་ཆོས་སྐྱོང་གི་བསྟོད་བསྐང་འདོད་གསོལ་སོགས་བཞུགས། དེའི་ནང་ནས་གཞི་གསུམ་གྱི་ལག་ལེན་ལྟ་བུ་ནི་ཇོ་ནང་པའི་དགོན་སྡེ་མང་ཕྱོགས་ཀྱི་ཕྱག་ལེན་དུ་བསྟར་བཞིན་ཡོད། རྗེས་སུ་བཟུང་བའི་སློབ་མ་རྣམས་ཀྱི་ནང་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནི། འཕགས་བོད་ཀྱི་ཡུལ་ན་མཁས་པའི་གྲགས་པ་ཆེས་ཆེ་ཞིང་རྒྱལ་བ་ཇོ་ནང་པའི་བསྟན་པའི་གསལ་བྱེད་ཆེན་པོ་དགེ་བའི་བཤེས་གཉེན་དམ་པ་ངག་དབང་དངོས་གྲུབ་དཔལ། བྱེས་བཞུགས་ཇོ་ནང་པའི་རྒྱལ་ཚབ་ཆེན་པོ་སུམ་ལ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་སྤྲུལ་ཆོས་ཀྱི་སྣང་བ། གཙང་ཆེན་གཟིམས་ཁང་ཕོ་བྲང་གི་མཁན་པོ་རྒྱལ་མཚན། རི་བོ་དགེ་ལུགས་པའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་བྱ་དོ་མཆོག་སྤྲུལ་བསྟན་འཛིན་འབྱུང་གནས། འགྲོ་མགོན་བཀའ་བརྒྱུད་པའི་ཆོས་སྡེ་ཆེན་པོ་འབོ་དཀར་དགོན་གྱི་འབོ་ཀ་རིན་པོ་ཆེ་ཀརྨ་ཆོས་ཀྱི་བློ་གྲོས། བཀའ་བརྒྱུད་སྤྱིའི་མཁན་པོ་བློ་གྲོས་དོན་ཡོད། སྔ་འགྱུར་རྙིང་མའི་དཔལ་ཡུལ་དར་ཐང་དགོན་གྱི་མཁན་རབས་བཅུ་གསུམ་པ་མཁན་སྤྲུལ་བློ་བཟང་ནོར་བུ། མཁས་དབང་དམ་པ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས། མཁན་སྤྲུལ་མཐོང་དགའ། ཇོ་ནང་ལྕམ་མདའ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཆེན་བློ་བཟང་ཆོས་གྲགས་རྒྱ་མཚོ། མཁན་པོ་ཆོས་དཔལ། མཁན་པོ་བློ་གྲོས་ཕུན་ཚོགས། མཁན་སྤྲུལ་ཕན་བདེ་རྒྱ་མཚོ། མཁན་པོ་དགེ་འདུན་རྒྱ་མཚོ། མཁན་སྤྲུལ་བློ་གྲོས་རྣམ་རྒྱལ། མཁན་པོ་ཀརྨ་བློ་བཟང་། མཁན་པོ་དོན་དམ་དཔལ། སྐུའི་དབོན་པོ་མཁན་དཀོན་མཆོག་འཕྲིན་ལས། མཁན་པོ་ཀུན་བཟང་དགའ་བ། རྔ་ཡུལ་རྩི་ནང་དགོན་གྱི་བསྟན་པའི་བདག་པོ་མཆོག་སྤྲུལ་ཡོན་ཏན་ལྷུན་འགྲུབ། མཁན་པོ་བསོད་རྡོར། ཁང་སར་ཉིན་ཡུལ་དགོན་གྱི་མཁན་པོ་ཆོས་མཛད། གདོང་སྐོར་དགོན་གྱི་མཁན་པོ་རིག་དཔལ། ཨ་བཟོད་དགོན་གྱི་མཁན་པོ་འོད་ལོ་སོགས་རྡོ་རྗེ་སློབ་དཔོན་དང་མཁན་སྤྲུལ་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་མང་པོ་བཞུགས། ད་ལྟ་རྩ་བའི་གདན་ས་ཇོ་ནང་ལྕམ་མདའ་དགོན་གྱི་བསྟན་པའི་བདག་པོ་མཛད་ནས་འདུས་སྡེ་བཞི་བརྒྱ་ལྷག་ལ་དབང་ལུང་མན་ངག་གནང་བ་དང་། ཟས་གོས་གནས་མལ་སྟེར་བ། སྐུ་གསུང་ཐུགས་རྟེན་བཞེངས་བ། སྒྲིག་ལམ་དང་ཆོས་སྤྱོད་ཀྱི་བྱ་བ་གོང་འཕེལ་དུ་བཏངས་བ་སོགས་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་བཀའ་དྲིན་གཞལ་མཐའ་བྲལ་བ་སྐྱོང་བཞིན་ཞབས་པད་མི་འཇིགས་རྡོ་རྗེའི་ངོ་བོར་བརྟན་པར་བཞུགས་པའོ།། ཕྱི་རུ་སོ་སོར་ཐར་བའི་འདུལ་ཁྲིམས་གཙང་། །ནང་དུ་བྱང་ཆུབ་སེམས་ཀྱི་དཔལ་དང་ལྡན། །གསང་བ་རིམ་གཉིས་ལམ་གྱི་མཛོད་འཛིན་པ། །བསྟན་པའི་རྩ་ལག་དམ་པའི་ཞབས་བརྟན་ཤོག །
རྩོམ་པ་པོ། ལྕམ་མདའ་དགོན་གྱི་གྲྭ་རཏྣ་བྷ་དྲ།
ནང་དོན་ཡོང་ཁུངས། བོད་ཡིག་འཕྲིན་སྟེགས་ཀ་ལཱ་པའི་གྲོང་།