ངག་དབང་ཡོན་ཏན་བཟང་པོ

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་བསྟན་པའི་མངའ་བདག་༧རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་རྣམ་ཐར་བཞུགས།

ན་མོ་གུ་རུ། དེ་ཡང་འཛམ་གླིང་ས་ཡི་ཐིག་ལེ་བསིལ་ལྗོངས་ཁ་བ་རི་བ་འདིར། ཕན་བདེའི་རྩ་ལག་དམ་པ་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་དམ་པ་ཇི་སྙེད་ཅིག་བྱུང་བ་ལས། ཀུན་མཁྱེན་ཇོ་ནང་བའི་བསྟན་པའི་མངའ་བདག་རྗེ་ཡོན་ཏན་བཟང་པོ་ཉིད་མདོ་སྨད་འཛམ་ཐང་དུ་སྤྱི་ལོ་༡༩༢༨རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལ་བལྟམས། དབྱངས་གསལ་ནས་ཆོ་ག་རྣམས་སྦྱངས། བླ་མ་རྡོ་རྗེ་བཟང་པོ་སོགས་ལས་རབ་ཏུ་བྱུང་ཏེ་དབང་ལུང་མན་ངག་མཐའ་དག་ཞུས། སྦྱོར་དྲུག་གི་ཉམས་ལེན་རྒྱུད་ལ་འབྱོར་བར་མཛད།

སྐྱབས་རྗེ་མ་ཏི་ལས་མདོ་སྔགས་ཀྱི་གཞུང་ལ་མི་ལོ་ཉེར་བདུན་ཙམ་ལ་རང་ལུགས་ཁོ་ནར་སྦྱང་བས་བླ་མའི་བྱིན་རླབས་མན་ངག་གི་གཏེར་དུ་གྱུར། རིག་གསར་སྐབས་རྟག་ངུས་ཆོས་འཕགས་བསྟེན་པ་ལྟར་དམ་པའི་ཞབས་ཏོག་དང་བསྟན་འགྲོར་སྨན་པའི་སྙིང་སྟོབས་ཟླ་དང་བྲལ། ཀུན་མཐུན་གྱིས་༡༩༨༢ལོར་ངེས་དོན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དུས་འཁོར་བསྐྱེད་རྫོགས་ཉམས་ལེན་པ་ལོ་བསྟར་བརྒྱ་ཕྲག་དུ་མ་དང་།། དུས་མཆོད་ཆེན་མོ་ཁག་དང་། སྤྱི་སྲུང་གདུགས་རིང་བྱེ་བ། དུས་འཁོར་ཁྲི་མཆོད། བསྙུང་ཆེན། ཁྲིད་ལུང་དབང་བཀའ་རྣམས་ལེགས་པར་གནང་། ལྷ་ཁང་། འདུ་ཁང་། འཁོར་ཁང་། སྐུ་གསུང་ཐུགས་རྟེན་རྣམས་རྨངས་ནས་བསྐྲུན། ཡུལ་མི་ལ་སློབ་སྟོན་དང་འཁོན་པ་བསྡུམ་པ་སོགས་འཁོར་ལོ་གསུམ་གྱི་བྱ་བ་སྤེལ། པཎ་ཆེན་མཆོག་དང་གཙོ་འཛིན་རྣམས་དང་བཀའ་བསྒོས་ཀྱིས་ཇོ་ནང་གྲུབ་མཐའ་ཀྲུང་གོ་བོད་བརྒྱུད་གྲུབ་མཐའ་ལྔ་བར་བཀོད། ཇོ་ནང་ཆོས་འབྱུང་དང་གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོ་བརྩམས་ཏེ་གངས་ཅན་རིག་བརྒྱའི་སྒོ་འབྱེད་དེབ་བཅོ་ལྔ་པ་བསྐྲུན། ནང་བསྟན་ཞིབ་འཇུག་གཞོན་པར་གོ་གནས་བསྩལ་ཀྱང་མ་བཞེས། ནང་བསྟན་སློབ་གྲྭར་༡༩༩༡བེའུ་བུམ་སྔོན་པོ་དང་། ཇོ་ནང་གྲུབ་མཐའ་ཁྲིད། ༡༩༩༥ལོར་རྔ་ཡུལ། མགོ་ལོག རྒྱ་ནག་རྣམས་ལ་འདོད་མོས་ཀྱི་ཆོས་བཀའ་དང་། དགོན་སྡེ་རྣམས་ལ་གཞན་སྟོང་དུས་ཁྲིད་ཆེན་མོ་སླར་གསོ་གནང་། ༡༩༩༦ལོར་འཛམ་ཐང་བཤད་གྲྭ་ཇོ་ནང་མདོ་སྔགས་སློབ་གླིང་དུ་བསྒྱུར་ཏེ་མཁན་རབས་མཛད་ཅིང་མཁན་འོད་རབ་སོགས་བསྐོས། །༡༩༩༩ལོར་གངས་ཅན་དགེ་བའི་ཟླ་བ་ཐེངས་གཉིས་པའི་མཛད་སྒོ་སྤེལ་ཞིང་ཇོ་ནང་བླ་མ་རྣམ་གསུམ་གྱི་བཀའ་འབུམ་གྱི་གཙོའི་པོད་བརྒྱ་ཕྲག་ལ་ཉེ་བའི་ཤིང་སྤར་རབ་གནས་དགའ་སྟོན་དུ་དགེ་འདུན་བདུན་སྟོང་ལ་ཉེ་བའི་དུས་འཁོར་ཆོ་ག་ཞལ་ཕྱེས། ལྷ་སྡེས་གླུ་བྲོ་དང་། ཁོང་གི་ཕྱག་རྒྱུ་སྤོངས་དག་གསུམ་པ་བྱས། དུས་དེར་ཇོ་ནང་པའི་བླ་སྤྲུལ་ལས་སྣེ་རྣམས་ལ་མ་འོང་སློབ་སྟོན་དང་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་དང་། གཞན་སྟོང་བགྲོ་གླེང་གི་མཛད་སྒོ་ཐོག་མར་སྤེལ། ད་ལྟ་ཡང་ངོ་བོ་འཕེལ་བཞིན་པའོ། །དེ་ལྟར་ཆུང་ངུ་ནས་ལྷག་བསམ་བཟང་པོའི་བསྟན་ལ་ཞུགས་ཏེ་འགྲོ་དོན་དངོས་གནས་མཛད་དེ་༢༠༠༢རབ་རྒྱན་ཆུ་ཕོ་རྟ་ནག་ཟླའི་ཚེས་༤ལ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འོད་དང་སྒྲ་འཇམ་པ་སོགས་ངོ་མཚར་བའི་ལྟས་བཅས་ཞི་བར་གཟིམས། འདས་མཆོད་ནག་ཟླའི་སྒྲུབ་མཆོད་ཆེན་མོ་སྤེལ། རྒྱལ་ཚབ་སྤྲུལ་འཇིགས་མེད་རྡོ་རྗེ་དང་། སེ་སྤྲུལ། མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་སོགས་ཐུགས་སློབ་བརྒྱུད་འཛིན་རྣམས་ཀྱིས་རྗེའི་ཞལ་བཀོད་ལྟར། སྒྲུབ་གྲྭ་དང་། དགོན་དཀར། སྤར་ཁང་། དུས་འཁོར་བློས་བསླངས་ཆེན་མོ་ཇོ་ནང་མདོ་སྔགས་སློབ་གླིང་སོགས་བསྒྲུབས་དང་སྒྲུབ་བཞིན་པའོ། རྗེའི་དངོས་བརྒྱུད་ཀྱི་སློབ་བུ་རྣམས་ཀྱིས་མིང་ཙམ་དོན་གཉེར་མ་བྱས་ལ་བཀའ་བཞིན་སྒྲུབ་པར་བརྩོན་ཞིང་། ཚེ་བློའི་བཏང་གི་རྣལ་འབྱོར་བ་རིག་འཛིན་རྒྱ་མཚོ་མཁན་ཆོས་སྣང་སོགས་ཆེས་མང་ངོ༌། །མདོར་ན་བསྟན་འགྲོ་སྤྱི་དང་རྒྱལ་བ་ཇོ་ནང་པའི་བསྟན་པ་ཉག་མར་གྱུར་བ་ལེགས་གསོའི་མཛད་པའི་རྗེས་འཇུག་ཀུན་ལ་ད་ལྟ་སྟབས་བདེའི་སྒོ་འཕར་ཡངས་པོར་ཕྱེས་པ་འདི་སེམས་ལྡན་རྣམས་ཀྱིས་ཤེས་བཞིན་པ་འདི་ཀའོ། །

ཤར་འཛམ་ཐང་གཙང་ཆེན་དགོན་ནས།
རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ་ཕྱག་དཔེ་ལས་བཤུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།