གཞན་སྟོང་དབུ་མ་སྤྲོས་བྲལ་གྱི་དབྱིངས་རིག་ཡིན་ཚུལ།

གཞན་སྟོང་དེ་སྤྲོས་བྲལ་གྱི་དབྱིངས་རིག་ཡིན་པ།

དཔྱད་གླེང་གནང་མཁན། དགེ་བཤེས་དངོས་གྲུབ་དཔལ།
གྲུབ་མཐའ། ཇོ་ནང་།
དཔྱད་གླེང་ཁ་བྱང་། གཞན་སྟོང་དེ་སྤྲོས་བྲལ་གྱི་དབྱིངས་རིག་ཡིན་པ།
དཔྱད་གླེང་སྙིང་བསྡུས།
སྤྱིར་བོད་ལ་གཞན་སྟོང་དབུ་མ་ཆེན་མོ་དེ་མི་འཐད་ཅེས་དགག་པ་གཏོང་མཁན་མང་པོ་ཡོད་རེད་ལ། སྒྲུབ་མཁན་ཡང་ཆོས་རྒྱུད་སོ་སོའི་ནང་མང་པོ་བྱུང་ཡོད་རེད། ཡིན་ན་ཡང་གཞན་སྟོང་གི་ལྟ་བ་དེ་ཚིག་གི་ཐོག་ནས་ཟེར་ཚུལ་མ་གཏོགས་དོན་གྱི་ཐོག་ནས་གཞན་སྟོང་གི་ལྟ་བ་དེ་ཉིད་རྒྱུས་ལོན་ཐུབ་ཀྱི་མེད་པའི་སྣང་ཚུལ་དེ་འདྲ་རེད། དེ་ཡིན་དུས་ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་སྒྲུབ་ཀྱི་ཉི་མ་ཤར་བ་དེ་འདྲ་ཡོང་གི་འདུག ང་རང་གི་དམ་བཅའ་གཙོ་བོ་བཞི་ཡོད། དང་པོ། གཞན་སྟོང་དབུ་མ་ཆེན་མོ་དེ་སྤྲོས་བྲལ་ཡིན་པ། གཞན་སྟོང་དབུ་མ་ཆེན་མོའི་ཕུག་དེད་ན་བདེ་གཤེགས་སྙིང་པོ། དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ལ། དེ་ཉིད་སྤྲོས་པ་ཀུན་དང་བྲལ་ཚུལ་དེ་འཕགས་པ་ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང་། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། ཞེས་པ་དང་། གཞན་ཡང་མདོ་དགོངས་པ་ངེས་འགྲེལ་གྱི་ལུང་སོགས་ལ་བརྟེན་ནས་གཞན་སྟོང་གི་ངོ་བོ་གཏན་ལ་ཕབ། གཉིས་པ། སྤྲོས་བྲལ་དང་གཞན་སྟོང་གནད་གཅིག་པ། སྤྲོས་བྲལ་དང་ཞེས་པའི་སྤྲོས་པ་དང་གཞན་སྟོང་ཞེས་པའི་གཞན་གཉིས་གནད་གཅིག་ཡིན་པ་དང་། གཞན་སྟོང་ཞེས་པའི་གཞན་དེ་བདག་གཉིས་ལྟ་བུའི་སྤྲོས་པ་དེ་ཉིད་བཞག་དགོས། དེ་ལ་གཞན་སྟོང་ཞེས་པའི་རྒྱུ་མཚན་གང་ཡིན་ཟེར་ན། དོན་དམ་འོད་གསལ་གྱི་ཡེ་ཤེས་དེ་ཉིད་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་དེ་ཉིད་ཀྱིས་མི་སྟོང་པར། སྤྲོས་པ་གཞན་གྱིས་སྟོང་པ་ལ་གཞན་སྟོང་ཞེས་པའི་ཐ་སྙད་དེ་སྦྱར་བ་རེད། དེ་ཡང་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་སོགས་ཀྱི་ལུང་ལ་བརྟེན་ནས་རྒྱ་ཆེར་སྒྲུབ་པ་མཛད། གསུམ་པ། གཞན་སྟོང་དེ་ཉིད་དབྱིངས་རིག་དབྱེར་མེད་དུ་སྒྲུབ་པ། གཞན་སྟོང་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པ་ཡང་རྒྱུད་བླ་མའི་གནས་སྐབས་སུ་གསལ་པོར་བསྟན་ཡོད། དབྱིངས་རིག་དབྱེར་མེད་ཡིན་པ་ཡང་། མདོ་རྒྱུད་ཀྱི་གཞུང་ལུགས་མང་པོའི་ནང་། དབྱིངས་རིག་དབྱེར་མེད་ཅེས་པ་དང་། རང་བྱུང་གི་ཡེ་ཤེས། འདུས་མ་བྱས་པའི་ཡེ་ཤེས། ཞེས་མང་པོ་གསུངས་ཀྱི་ཡོད། དེ་མ་ཚད་དོན་དམ་པའི་མཚན་བརྗོད་པ་ལས། སོ་སོ་རང་རིག་མི་གཡོ་བ། ། ཞེས་པ་སོགས་ཀྱིས་དབྱིངས་རིག་དབྱེར་མེད་ཡིན་པ་བསྟན་ཡོད། བཞི་པ། ཆོས་ཀྱི་དབྱིངས་དེ་ཉིད་རྣམ་ཀུན་མཆོག་ལྡན་ཡིན་པ། སྤྱིར་བཏང་རྣམ་ཀུན་མཆོག་ལྡན་གྱི་སྐུ་དེ་སྔགས་ཀྱི་སྐབས་སུ་རྩལ་འདོན་མཛད་ཡོད། མདོའི་སྐབས་སུ་ཡང་གཏན་ནས་མ་གསུངས་པ་དེ་འདྲ་མ་ཡིན། ཀུན་མཁྱེན་ཏ་ར་ནཱ་ཐས། མདོ་ལས་སངས་རྒྱས་ཆོས་རྣམས་བསྟན་པ་ལ། །སྔགས་ལས་དེ་ཉིད་རྣམ་ཀུན་མཆོག་ལྡན་གསུངས། ཞེས་རྩལ་འདོན་མཛད་ཚུལ་གྱི་མི་འདྲ་བ་གསུངས་ན་ཡང་། ཤེར་ཕྱིན་གྱི་མདོ་ཡི་གནས་སྐབས་སུ་ཡོངས་གྲུབ་ཆོས་ཉིད་ཀྱི་གཟུགས་ཞེས་པའི་ཐ་སྙད་སྦྱར་ནས་གསུང་གི་ཡོད་པ་དང་། སྟོང་གསུམ་དར་ཡུག་ཆེན་པོའི་མདོ་ཡི་ནང་། སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་དང་སྦྱར་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཞི་བདེ་བར་གཤེགས་པའི་སྙིང་པོ་རྣམ་ཀུན་མཆོག་ལྡན་གྱི་ཆོས་ཉིད་དེ་བཞུགས་ཡོད་པ་གསལ་པོར་གསུངས་ཡོད། མདོར་ན་རྣམ་པ་ཀུན་ལྡན་ཡིན་ཡང་སྤྲོས་པའི་རྣམ་པ་མི་ལྡན་པ་ཤེས་དགོས་སོ། །

དགེ་བཤེས་དངོས་གྲུབ་དཔལ་ལ་བཅར་འདྲི།

བཅར་འདྲི་བས། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་ལ་འཚམས་འདྲི་དང་འབྲེལ་བཅར་འདྲི་འདི་དང་ལེན་གནང་བ་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རང་ནང་བསྟན་མཁས་དབང་བགྲོ་གླེང་མཐུན་ཚོགས་འདིའི་སྟེང་ལ་ཐེངས་དུ་ཕེབས་པ་ཡིན། འདི་དང་ཐེངས་གསུམ་ཡིན། ལགས་སོ། དེས་ན་ནང་བསྟན་མཁས་དབང་བགྲོ་གླེང་མཐུན་ཚོགས་ཐེངས་དགུ་པའི་ནང་ལ་མཁས་དབང་རྣམ་པས་དམ་བཅའ་བཞག་སྟངས་དང་དྲི་བ་འདྲི་སྟངས། འདི་ལྟར་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་རྣམས་གདན་གཅིག་ལ་འཛོམས་ནས་བགྲོ་གླེང་གནང་བའི་དགེ་མཚན་འདྲ་བོ་གང་མཐོང་སོང་། ང་རང་ནང་བསྟན་མཁས་དབང་བགྲོ་གླེང་མཐུན་ཚོགས་སྟེང་ལ་ཐེངས་དང་པོ་ཡོང་བའི་ཚེ་འཐུས་སྒོ་ཚང་བ་དཔེར་ཡག་པོ་འདུག རེད་དེ་ཡར་རྒྱས་ལ་ཚད་མེད་པ་རེད། ད་ལོ་ཡིན་ན་རེད་ཆོས་བརྒྱུད་ཁག་གི་མཁས་པ་མང་པོ་འཛོམས་ནས་དམ་བཅའ་དང་བགྲོ་གླེང་ཧ་ཅང་ཡག་པོ་འདུག འདི་ལྟར་བགྲོ་གླེང་མུ་མཐུད་དེ་ཚོགས་ཐུབ་ན་དགེ་མཚན་ནི། ས་པཎ་གྱིས་མཐུན་སྒྲིལ་ཡོད་ན་ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ་གསུངས་པ་ལྟར། ཆོས་བརྒྱུད་བར་གྱི་མཐུན་ལམ་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ནུས་པ་ཆེན་པོ་ཐོན་ཐུབ། དཔལ་ཡུལ་དགོན་པ་འདི་རྙིང་མའི་དགོན་པ་ཆེན་པོ་ཞིག་རེད་ལ། གྲུབ་དབང་པདྨ་ནོར་བུའི་ཐུགས་བསྐྱེད་ལ་བརྟེན་ནས་བྱུང་བའི་རྒྱ་གར་རྣམ་གྲོལ་གླིང་འདྲ་ཡིན་ན། རྒྱ་གར་ལ་གདན་ས་ཆེ་ཤོས་དེ་རེད། ཁོང་གི་ཐུགས་བསྐྱེད་ལ་བརྟེན་ནས་མཁན་པོ་ཚེ་དབང་བཀྲ་ཤིས་ཁོང་རྣམ་པ་རེད། དེ་ནས་ཞུ་རྒྱུ་མང་པོ་མེད། ཡར་རྒྱས་སོང་ཡོད་ན་ཡང་ད་རུང་མུ་མཐུད་རྒྱུན་བསྐྱང་རྒྱུ་དེ་གལ་ཆེ་བར་མཐོང་། ལུང་དང་རིགས་པ་རེད། ལུང་དེ་ཚོ་སྒྲོ་འདོགས་དང་སྐུལ་འདེབས་སུ་མི་འགྲོ་བར་ཁུངས་བཅོལ་ནས་གང་ཐུབ་ཐུབ་གསལ་པོ་བཞག་དགོས་རེད། མཇུག་མཐར་མི་ནུབ་དར་རྒྱས་ཡོང་བའི་སྨོན་འདུན་ཞུ། བཅར་འདྲི་བས། བཀའ་དྲིན་ཆེ།

ནང་དོན་ཡོངས་ཁུངས། དཔལ་ཡུལ་ལྔ་རིག་ནང་བསྟན་རྩོམ་སྒྲིག་ཁང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།