མཁན། མགོ་ལོག་རིག་དར།
གསང་ཆེན་གསང་བའི་མཛོད་འཛིན་ཁྲོ་བོའི་རྒྱལ།།
ལག་ན་རྡོ་རྗེ་མི་ཡི་རྣམ་རོལ་བ།།
གཙང་སྤྲུལ་ངག་དབང་འཇིགགས་མེད་རྡོ་རྗེ་ཞེས།།
མཛད་པའི་གྲགས་དཀར་གླིང་བཞིའི་མཁའ་ན་སྐྱོད།།
ཕྱི་ལྟར་བསླབ་ཁྲིམས་དྲི་མེད་པདྨའི་ཟླ།།
ནང་ལྟར་རིམ་གཉིས་རྟོགས་པ་མཐའ་རུ་ཕྱིན།།
གསང་བ་སྣང་སྲིད་དུས་ཀྱི་འཁོར་ལོར་སྨིན།།
རྟོགས་པའི་དབང་ཕྱུག་ཁྱེད་འདྲ་སྲིད་ན་དཀོན།།
ཕྱི་ནང་རྐྱེན་ངན་མུན་པའི་གྲིབ་སོ་ན།།
ཐུགས་བསྐྱེད་དམ་བཅའ་ཞིམ་མེད་རི་ལས་བརྟན།།
ཉམ་ཐག་འགྲོ་བའི་ཡིད་ཀྱི་ཞིང་ས་ལ།།
ལེགས་བཤད་ཆོས་ཀྱི་འཆར་རྒྱུན་སུ་ལས་མོད།།
རང་ལུགས་ཇི་བཞིན་འཛིན་ཅིང་སྤེལ་བ་དང་།།
གཞན་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་བྱེད།།
ཕྱོགས་རེས་སྐྱོན་དང་བྲལ་བའི་དམ་པ་ཁྱེད།།
ཀུན་ཕན་ཟླ་བ་ཇི་བཞིན་ཀུན་གྱིས་བཀུར།།
མཁས་པར་རློམ་ནས་ཆོས་སྤངས་གསོགས་པ་དང་།།
གྲུབ་པར་བརྫུ་ནས་འཆོལ་སྤྱོད་མོད་པའི་དུས།།
སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་དམ་པ་ཞིག།
ཞིང་འདིའི་མགོན་དུ་བཞུགས་པ་སྐལ་བཟང་སྙམ།།
ཕྱི་ན་རིས་མེད་བསྟན་དང་འགྲོ་བའི་ཆེད།།
དགོས་སུ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི།།
བསྟན་པའི་སྣང་བ་ཕྱོགས་སུ་སྤེལ་བ་ཡི།།
མཛད་བཟང་སྐལ་བའི་མཐར་ཡང་རྒྱས་གྱུར་ཅིག།
ནང་དོན་ཡོངས་ཁུངས། མདོག་ཆུ་གཙང་པོའི་རིག་གནས་གླེང་སྟེགས།