ཙེས་བཅུ་དགོན།

ཚེས་བཅུ་དགོན།

ཕྱག་འདེབས་པ། ཚེས་བཅུ་རཏྣ་ཀཱིརྟིའམ་དར་སྐུ་རིན་ཆེན་གྲགས་པ།
བཏབ་ལོ། ཕྱི་ལོ༡༤༥༦ལོ། ད་ལོའི་བར་བགྲང་བྱ༥༦༥འཁོར།

     ཛམ་ཐང་ཚེས་བཅུ་དགོན་ཞེས་པ་ནི། བོད་མདོ་དབུས་ཁམས་གསུམ་ལས་ཨ་མདོའི་ཁོངས་སུ་གཏོགས། མདོ་ཁམས་གཉིས་ཀྱི་ས་མཚམས་སུ་གནས། ད་ལྟའི་སྲིད་འཛིན་བགོ་སྟངས་ལྟར་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ཛམ་ཐང་བར་མ་ཡུལ་ཚོ་རུ་ཆགས། སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཁྲེང་ཏུའུ་ནས་སྤྱི་ལེ༥༥༡.༦ཡོད། རྔ་བ་ཁུལ་སྲིད་འཛིན་ལྟེ་གནས་འབར་ཁམས་ནས་སྤྱི་ལེ༢༣༢.༢ཡོད། ཛམ་ཐང་རྗོང་སྲིད་འཛིན་ལྟེ་གནས་རྐ་མདའ་ནས་སྤྱི་ལེ༣༦ཡོད།

དེ་ཡང་དགོན་སྡེ་འདི་ནི། ཛམ་ཐང་སྒར་ཁག་གསུམ་ལས་སྔ་ཤོས་སུ་རྩི་མཁན་ཡང་འདུག་མོད། ཆོས་རྗེ་དགོན་ཇོ་ནང་དུ་བསྒྱུར་ལོ༡༣༨༥ནས་བརྩིས་ན་མི་ལོ༧༢ཙམ་ལ་དགོན་པ་འདིས་འཕྱིས། ཆོས་རྗེ་དགོན་ཇོ་ནང་དུ་བསྒྱུར་ལོ༡༤༢༥ནས་བརྩིས་ནའང་མི་ལོ༣༢ཙམ་ལ་དགོན་པ་འདིས་འཕྱིས། ཆོས་རྗེ་དགོན་ཇོ་ནང་དུ་བསྒྱུར་ལོ༡༤༠༠ནས་བརྩིས་ནའང་མི་ལོ༥༧ཙམ་ལ་དགོན་པ་འདིས་འཕྱིས་པས། ཛམ་ཐང་སྒར་ཁག་གསུམ་ལས་སྔ་ཤོས་སུ་བགྲང་སྲོལ་མེད་སྙམ། ཡང་ལ་ལས་དགོན་པ་འདི་བཏབ་ལོ་རབ་བྱུང༨པའི་ཆུ་མོ་ལུག་སྟེ་ཕྱི་ལོ༡༤༦༣ལོ་ཡིན་པའང་བཤད། མདོར་ན། དྲུང་བ་ཚང་གི་དངོས་སློབ་ཚེས་བཅུ་སྐུ་རིན་ཆེན་གྲགས་པས(༡༤༥༡~༡༥༢༨)རབ་བྱུང༨པའི་མེ་ཕོ་བྱི་སྟེ། ཕྱི་ལོ༡༤༥༦ལོར་བཏབ་པ་ཡོངས་གྲགས་ཡིན། ཚེས་བཅུ་ལ་སྟོད་སྨད་གཉིས་སུ་ཡོད་ལ། སྟོད་ནི་སྐུ་རིན་ཆེན་གྲགས་པའི་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ལ། སྨད་ནི་ཨརྒེ་ཉི་མ་འོད་ཟེར་གྱི་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། དགོན་སྡེ་འདི་ལ་ཚེས་བཅུ་དགོན་ཞེས་འབོད་དོན་ནི། ཚེས་བཅུ་སྟོད་ཀྱི་ཕོ་བྲང་ཞེས་པ་དེ་རཏྣ་ཀཱིརྟིས་བསྙེན་སྒྲུབ་མཛད་གནས་ཡིན་ལ། དེར་ལོ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱི་འཁྲུངས་སྐར་དུ་ཚོགས་མཆོད་སོགས་རོལ་སྲོལ་ཡོད་པས་ཚེས་བཅུ་དགོན་ཞེས་ཐོགས། ཚེས་བཅུ་སྐུ་ཕྲེང་རིམ་བྱོན་དང་། ཨརྒེ་སྐུ་ཕྲེང་རིམ་བྱོན། ཚེས་བཅུ་སྐུ་ཆུང་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་བསྐྱངས། ད་ལྟ་ཚེས་བཅུ་སྤྲུལ་སྐུ་བསོད་ནམས་བཟང་སོགས་ཀྱི་མཛད་འཕྲིན་ལ་བརྟེན། དཔལ་རྒྱལ་བ་ཇོ་ནང་བའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་མུས་སུ་མཆིས།

ནང་དོན་ཡོངས་ཁུངས། འོད་འཛིན་རྩོམ་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།