འབྲོག་དགེ་ཡོན་ཏན་རྒྱ་མཚོ་་ལེགས་་བཤད

འབྲོག་དགེ་ཡོན་ཏན་རྒྱ་མཚོའི་རྒྱ་བོད་བཀའ་ལན་ལེགས་བཤད་གཅེས་བཏུས།


རང་ཉིད་ཀྱི་བསོད་ནམས་ཡོད་མེད་ནི།
རང་ཉིད་ཀྱིས་གསོག་ལ་རག་ལས་སོ།
དྲི་བ། རྒན་ལགས། ང་ཉིན་ལྟར་ལེ་དབར་བཅུ་ལ་རྒྱུགས་བཞིན་ཡོད་ལ། ཅིའི་ཕྱིར་ད་དུང་ལུས་ཕུང་མི་བདེ་བ་རེ་ཡོད་པ་ཡིན་ནམ། ངག་རྒྱུན་དུ་ཚེ་སྲོག་ནི་འགུལ་སྐྱོད་ཀྱི་ནང་དུ་ཡོད་ཞེས་བཤད་ན་ཡང་། ད་ལྟར་གཟུགས་པོས་བཟོད་མི་ཐུབ་པའི་ཚོར་བ་རེ་སྐྱེད་བཞིན་ཡོད་པས། དེ་ཅིའི་ཕྱིར་ཡིན་ནམ་ཞེ་ན། །
ལན་ནི། ཁྱེད་བཟང་། སངས་རྒྱས་ཆོས་ལུགས་ལས་བཤད་རྒྱུར། མི་རེ་རེའི་ལུས་ཁམས་བདེ་ཐང་ཡིན་མིན་ནི། རྩ་བ་ནས་རང་ཉིད་ཀྱི་བསོད་ནམས་ཡོད་མེད་ལ་ལྟ་དགོས་པ་ཡིན་ལ། །གལ་ཏེ་བསོད་ནམས་ཞན་ན། ང་རང་ཚོའི་སྒོ་གང་ཐད་ནས་ཞན་པ་ཡིན་ལ། དེའི་ནང་དུ་ལུས་ཕུང་དང་སེམས་ཁམས་ཡང་འདུ་བ་ཡིན་ནོ། །ཁྱེད་ཀྱིས་བཤད་རྒྱུར་ཉིན་རེ་བཞིན་ལེ་དབར་བཅུ་ལ་རྒྱུགས་བཞིན་ཡོད་པ་ཡིན་ལ། འགུལ་སྐྱོད་བྱེད་པ་དེ་ལུས་ཁམས་བདེ་ཐང་གི་ཆ་ནས་བཤད་ན། ངེས་པར་དུ་བཟང་བ་ཡིན་ལ། འོན་ཀྱང་དེ་ཡང་རང་ཉིད་ཀྱི་བསོད་ནམས་ཟད་བྱེད་ཀྱི་ལས་ཞིག་ཡིན་ནོ། ། །ང་རང་ཚོས་དཔེ་ཞིག་བཞག་ན། མི་ཞིག་སྐར་མ་བཅུའི་ཡུན་ལ་རྒྱུགས་པ་དང་། སྐར་བ་བཅུའི་རིང་ལ་ཕྱག་འཚལ་བ་སྟེ་དེ་གཉིས་ཀྱི་སྒོ་ནས་དབྱེ་ཞིབ་བྱེད་ན། རྒྱུགས་འདུལ་བྱེད་པས་བསོད་ནམས་ཟད་པ་ཙམ་བྱེད་ལ། དེ་ལས་གཞན་པའི་ཡོན་ཏན་དང་ཕན་ཡོན་ཞིག་མེད་པ་ཡིན་ལ། འོན་ཀྱང་། ཕྱག་འཚལ་བ་དེས་ལུས་ངག་ཡིད་གསུམ་གྱི་ཡོན་ཏན་གོང་འཕེལ་དུ་འགྲོ་བར་བྱེད་པ་ཡིན་ནོ། །རྒྱུ་མཚན་ནི། དེ་གཉིས་ཀྱི་སེམས་བསྐྱེད་དང་། སྤྱོད་པ་དང་། མཐར་ཐུག་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པའམ་མི་འདྲ་བས་ཡིན་ནོ། །
སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ། ཉོན་མོང་བ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་དགོས་ལ། དེ་ནས་རིམ་གྱིས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་གོ་འཕངཐོབ་པར་འགྱུར་ལ། དེའི་དམིགས་འདུན་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དེ་ཡིན་ལ། ཡང་ན་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་ངམ་མིང་གྲགས་སོགས་ཀྱི་ཕྱིར་དུ་ཡིན་ལ། དེ་ལས་གཞན་པའི་ཡོན་ཏན་དང་ཕན་པ་མེད་པ་ཡིན་ནོ། །ང་རང་ཚོའི་བསོད་ནམས་དེ་གང་ཞིག་ནས་བྱུང་བ་ཡིན་ནམ་ཞེ་ན། ཚང་མ་རང་ཉིད་ཀྱིས་གསར་བསྐྲུན་བྱེད་པ་ཡིན་པ་ལས། རྒྱུ་མེད་རྐྱེན་མེད་ཀྱིས་རང་ཉིད་ཀྱི་འཚོ་བའི་ནང་དུ་བབ་ཡོང་བ་ཞིག་གཏན་ནས་མ་ཡིན་ནོ། །
རང་ཉིད་ཀྱི་བསོད་ནམས་ཡོད་ཚད་ནི་རང་ཉིད་ཀྱིས་བསོད་ནམས་གསོག་ཡོད་མེད་ལ་རག་ལས་ལ། གལ་ཏེ་བསོད་ནམས་ལ་ལོངས་སྤྱོད་པ་ལས། བསོད་ནམས་མ་གསོག་ན། ནམ་ཞིག་བསོད་ནམས་ཟད་པར་འགྱུར་རོ། །སྐབས་དེར་འཇིག་རྟེན་གྱི་བྱ་བ་བདེ་ལེགས་མིན་པ་ཐམས་ཅད་ཀྱིས་ཁྱོད་འཚོལ་བ་དང་འདྲ་བར་གང་ས་གང་ནས་མི་བདེ་བ་དང་འཕྲད་པ་ཡིན་ནོ། །
སྤྱི་ཟླ༡༠པའི་ཚེས་༢༢ཉིན་པོད་འཕྲིན་དུ་གསུངས་པ་བསྒྱུར།

དམ་ཆོས་སྒོམ་ནས་རང་རྒྱུད་མ་སྦྱངས་ན།
ཡང་དག་ལམ་བཟང་ཐོབ་པ་ག་ལ་འགྱུར།
དྲི་བ། རྒན་ལགས་ཁྱེད་བཟང་། ང་རང་ཚོ་ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས། ཇི་ལྟར་དམ་ཆོས་སྒོམ་སྒྲུབ་བྱེད་དགོས་སམ། ཇི་ལྟར་དམ་ཆོས་དར་སྤེལ་བྱེད་པ་ལ་ལག་རྗེས་རེ་འཇོག་དགོས་སམ་ཞེ་ན།
ལན་ནི། ཁྱེད་བཟང་། ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་བཤད་ན། །སེམས་བསྐྱེད་རྣམ་པར་དག་པ་དང་། སེམས་ཅན་ལ་ཕན་པ་ཡང་དག་པ་ཞིག་བསྒྲུབ་དགོས་པ་ཡིན་ནོ། ། འདི་ནི་ངག་ནས་བཤད་ན་སླ་ཡང་། དོན་དུ་དེ་ལྟར་སླ་བ་ཞིག་མ་ཡིན་པ་མ་ཟད། དུས་ཚོད་མང་བོའི་སྐབས་སུ་གཞན་ཕན་གྱི་བསམ་པ་དང་ལྡན་དགོས་ལ། དེའི་སྟེང་དུ་དད་དམ་འགྱུར་བ་མེད་པའི་དད་པ་དང་ཡང་ལྡན་དགོས་ལ། དེ་ལྟ་བུ་དང་ལྡན་པ་ནི་ཤིན་ཏུ་དཀའ་བ་ཞིག་ཡིན་ལ། མཐར་ལས་མཐའ་མི་འཁྱོལ་བ་ཡང་སྲིད་པ་ཡིན་ནོ། །
ཇི་ལྟར་དམ་ཆོས་དར་སྤེལ་བྱེད་དགོས་པ་ནི། རབ་ཏུ་བྱུང་བ་ཞིག་ལ་མཚོན་ན། དམ་ཆོས་ལ་ཐོས་བསམ་སྒོམ་པ་བྱས་ཏེ་དམ་ཆོས་དར་སྤེལ་བྱེད་དགོས་པ་ཡིན་ལ། ཁྱིམ་པ་དགེ་བསྙེན་ཞིག་ལ་མཚོན་ན། དོམ་ཆོས་སྒོམ་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་དོན་རྐྱང་བའི་ཆེད་དུ་འཇིག་རྟེན་ཆོས་བརྒྱད་ཙམ་བསྒྲུབ་པ་མ་ཡིན་པར། སེམས་ཅན་གྱི་དོན་དུ་དམ་ཆོས་སྒོམ་སྒྲུབ་བྱེད་ན་ཡང་དམ་ཆོས་དལ་སྤེལ་བྱེད་པར་བརྩི་དགོས་པ་ཡིན་ནོ། ། མདོར་བསྡུས་ནས་བཤད་ན། ཡང་དག་པའི་རྣམ་པར་དག་པའི་སེམས་ཀྱི་རྒྱུན་སྐྱོང་ཐུབ་ན་ད་གཟོད་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །
ནང་བ་སངས་རྒྱས་པ་ཞིག་ཡིན་ཕྱིན། གལ་ཏེ་དད་དམ་འགྱུར་བ་མེད་པའི་དད་པ་ཞིག་མེད་ན། ཡང་དག་པའི་གྲུབ་འབྲས་ཞིག་ཐོབ་པ་ཤིན་ཏུ་དཀའ་བ་ཡིན་ནོ། ། རང་ཉིད་དང་རང་ཉིད་ཀྱི་སྒོམ་སྒྲུབ་བྱེད་པའི་ཆོས་སྒོ་ལ་ཡིད་ཆེས་ཀྱི་དད་པ་མེད་ན། ཇི་ལྟར་གྲུབ་འབྲས་བཟང་བོ་ཞིག་ཐོབ་སྲིད་དམ། མི་ཐོབ་སྟེ། ཆོས་ནི་ང་རང་ཚོ་གྲུབ་པ་ཐོབ་པར་བྱེད་པའི་ལམ་བཟང་ཁོ་ན་དེ་ཡིན་པའི་ཕྱིར། དེས་ན་ང་རང་ཚོས་ཆོས་ལ་ཡིད་ཆེས་ལ་མ་ཆེས་པ་ལྟ་བུ་བྱེད་ན། གྲུབ་པ་ཞིག་ཇི་ལྟར་ཐོབ་སྲིད་དམ། དེའི་ཕྱིར་ན་བར་ཆད་རེ་ཟུང་དང་འཕྲད་ཚེ། ངེས་པར་དུ་བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ་ནས། དམ་ཆོས་སྒོམ་སྒྲུབ་བྱེད་པར་རྒྱུན་སྐྱོང་བ་ནི། གྲུབ་འབྲས་ཀྱི་འབྱུང་ཁུངས་ཉག་གཅིག་ཡིན་ནོ། །
གལ་ཏེ་སྒོམ་སྒྲུབ་བྱས་ནས་རང་རྒྱུད་སྦྱོང་བར་མ་བྱས་ན། ཡང་དག་པའི་ལམ་བཟང་ཇི་ལྟར་ཐོབ་པར་འགྱུར། དེའི་ཕྱིར། དམ་ཆོས་སྒོམ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་ཉོན་མོངས་ཐམས་ཅད་སྦྱངས་པར་བྱེད་པ་ནི་ང་རང་ཚོས་དམ་ཆོས་སྒོམ་སྒྲུབ་བྱེད་པར་ཆེས་གལ་ཆེ་བ་དེ་ཡིན་ལ། རྟག་པར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་རིམ་བཞིན་སྐྱེད་བསྲིང་བྱེད་མཁན་དེ། ཐེག་པ་ཆེན་པོ་ཉམས་ལེན་པ་ཞིག་ཏུ་འགྱུར་རོ། །
སྤྱི་ཟླ༩ པའི་ཚེས་༣ཉིན་པོད་འཕྲིན་དུ་གསུངས་པ་བསྒྱུར།

རྒྱུ་འབྲས་མི་བསླུ་བ་ལས་གཞན། །
ཡང་དག་ཆོས་ནི་གཞན་མ་མཆིས།
དྲི་བ། རྒན་ལགས་ཁྱེད་བཟང་། ཇི་ལྟར་དམ་ཆོས་སྒོམ་སྒྲུབ་བྱེད་ན་ཡར་ཐོན་ཡོང་ཐུབ་བམ། ཇི་ལྟར་རང་ཉིད་ཀྱི་བག་ཆགས་ལས་བརྒལ་དགོས་སམ། ཇི་ལྟར་ཤེས་བར་གོང་འཕེལ་དེ་འགྲོ་ཐུབ་བམ་ཞེ་ན།
ལན་ནི། ཁྱེད་བཟང་། སངས་རྒྱས་ཆོས་ལུགས་ཀྱིས་འདོད་པ་ལྟར་ན། མི་སུ་ཡིན་ཀྱང་འོད་གསལ་བའི་ཤེས་རབ་རེ་ཡོད་པ་ཡིན་ལ། འོན་ཀྱང་དེ་ཀུན་མ་རིག་ཉོན་མོངས་པའི་ནང་དུ་གནས་ཡོད་པ་ཡིན་པས། གལ་ཏེ་མ་རིག་ཉོན་མོངས་པ་སྤོང་བར་མ་བྱེད་ན། ཇི་ལྟར་འབད་པ་བྱེད་པའམ་ཐབས་གཞན་གང་ཞིག་དྲན་པར་བྱེད་ཀྱང་། ཉོན་མོངས་སྤོང་བར་བྱེད་པ་དང་། བླ་ན་མེད་པའི་ཤེས་རབ་ཞིག་ཐོབ་པའི་ཐབས་མེད་པ་ཡིན་ལ། འདི་ནི་རྒྱུ་མཚན་གཅིག་ཡིན། རྒྱུ་མཚན་གཉིས་པ་ནི། རྒྱུ་འབྲས་ལ་ཡིད་ཆེས་ཡོད་དགོས་ལ། །བདག་འཛིན་ལ་བརྟེན་ནས་བྱ་བ་བྱེད་མི་རུང་བ་ཡིན་ནོ། །དཔེར་ན། མི་ཞིག་ལ་བསོད་ནམས་དམན་ན་ཡང་། འཇིག་རྟེན་གྱི་ཆོས་དང་མཐུན་པའི་སྒོ་ནས་ཕན་པ་རེ་ཐོབ་པར་བྱེད་ནས། བསོད་ནམས་ཐམས་ཅད་ཟད་པར་གྱུར་པའི་དུས་སུ། ཁྱེད་ཀྱི་ཡོད་ཚད་པོ་ལ་གློ་བུར་དུ་འགྱུར་བ་བྱུང་བ་ཡིན་ལ། དེའི་ཚེ་ཐ་ན་ཡོ་བསྲང་བྱེད་པའི་གོ་སྐབས་ཀྱང་མེད་པའི་ཕྱིར་རོ། །འདིའི་སྐབས་སུ་ང་རང་ཚོས་ཤེས་རྒྱུ་ནི། འཇིག་རྟེན་འདིར་འཚོ་བར་རོལ་བ་ལ། རང་བཞིན་དང་མཐུན་པར་བྱེད་པ་ལས། བདག་འཛིན་དང་། འདོད་ཆགས་དང་། རློམས་སེམས་སོགས་ལ་བརྟེན་ནས་བྱ་བ་ཐམས་ཅད་བསྒྲུབ་མི་ཉེན་ཏེ། གལ་ཏེ་དེ་ལྟར་བསྒྲུབ་ན་རང་ཉིད་ཀྱི་རེ་འདོད་དང་རྒྱབ་འགལ་དུ་འགྲོ་བ་ཡིན་ནོ། །
འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། ལྷག་པར་དུ་རང་ཉིད་ཀྱི་ཡོད་ཚད་ལ་དྲིན་དུ་ཤེས་པ་དང་། གུས་བཀུར་གྱིས་དམ་ཆོས་སྒོམ་སྒྲུབ་བྱེད་པ་ལ་བརྩོན་པ་བསྐྱེད་དགོས་ལ། དེ་ལྟར་ན་ད་གཟོད་རང་ཉིད་ཀྱི་བག་ཆགས་ལས་བརྒལ་བར་བྱེད་པ་དང་། ཤེས་རབ་གོང་འཕེལ་དུ་གཏོང་ཐུབ་པ་ཡིན་ནོ། །གལ་ཏེ་མི་ཞིག་ལ་བསོད་ནམས་དང་མི་ལྡན་པའམ། ཡང་ན་བསོད་ནམས་ཅུང་ཟད་རེ་ཡོད་པའི་དབང་དུ་བཏང་ན་ཡང་། སྤྱིར་བསོད་ནམས་དེ་ལ་བརྟེན་ནས་སླར་ཡང་ཚོགས་རེ་འགའ་གསོག་ནས། གྲུབ་པའི་གོ་འཕང་ལ་གཤེགས་ཀྱང་ཆོག་གོ །འོན་ཀྱང་ང་རང་ཚོའི་འདོད་རྔམ་གྱིས། བསོད་ནམས་སྐད་ཅིག་ཉིད་ལ་ཟད་པར་བྱེད་དེ། སྡུག་བསྔལ་གྱི་འཚོ་བ་ལ་མི་རོལ་ཁ་མེད་བྱུང་བ་ཡིན་ནོ། །
རྒྱུ་འབྲས་མི་བསླུ་བ་ནི་ཤིན་ཏུ་མཆོག་ཏུ་གྱུར་པའི་ཆོས་སྒོ་ཞིག་ཡིན་ལ། གལ་ཏེ་ང་ཚོས་རྒྱུ་འབྲས་མི་བསླུ་བ་དངོས་སུ་རྟོགས་ཐུབ་ན། དེ་ལས་མཆོག་ཏུ་གྱུར་པའི་ཆོས་ཤིག་མེད། མིག་སྔར་ང་ཚོས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་པ་དང་། ཐ་ན་སློབ་སྦྱོང་བྱེད་འདོད་ཀྱང་མེད། དེའི་རྒྱུ་མཚན་ནི་རང་ཉིད་ཀྱིས་ལེགས་པོར་བརྩི་བཞིན་ཡོད་པའི་འཇིག་རྟེན་གྱི་བྱ་བ་དེ་ལག་ནས་ཤོར་བར་དོགས་པས་རེད། དེའི་དབང་གིས། བསམ་དོན་འགྲུབ་མི་ཐུབ་པ་དང་། གང་སར་འགལ་རྐྱེན་དང་འཕྲད་པ་ཡིན་ནོ། །

སེམས་ཉིད་རྣམ་པར་དག་པ་ན།
བདེ་སྐྱིད་ཉིད་ལ་རོལ་ཆོག
དྲིབ། རྒན་ལགས་ཁྱེད་བཟང་། ང་རང་ཚོས་མི་ཚེ་གང་བོར་བདེ་འཇགས་སུ་གནས་པ་དང་། བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རོལ་འདོད་པས། ག་འདྲ་བྱེད་ནས་སྒྲུབ་ཐུབ་བམ་ཞེ་ན།
ལན་ནི། ཁྱེད་བཟང་། མི་སུ་ཡིན་ཀྱང་མི་ཚེ་གང་བོར་བདེ་འཇགས་སུ་གནས་པ་དང། བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བར་འདོད་ལ། འོན་ཀྱང་། ཕལ་ཆེར་བསམ་པ་བཞིན་དུ་འགྲུབ་པའི་དུས་ཞིག་མེད་པ་ཡིན་ནོ། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ཁྱེད་ཀྱིས་དེ་ལ་དབྱེ་ཞིབ་བྱེད་མྱོང་ངམ། རྒྱུ་མཚན་ནི་ང་རང་ཚོས་སེམས་ནང་དུ་དེ་ལྟར་བསམ་པ་ལས། རྩ་བ་ནས་བྱེད་ཐུབ་ཀྱིན་མེད་པ་ཡིན་ནོ། །།མི་ཁ་ཤས་ཀྱིས་འགའ་རེ་བྱེད་ཁུར་བྱེད་ཀྱང་། རྒྱབ་འགལ་གྱི་ལམ་དུ་འགྲོ་བཞིན་ཡོད་དོ། །དེས་ན། རང་ཉིད་ཀྱི་བསམ་པ་བཞིན་འགྲུབ་ཐུབ་ཀྱིན་མེད་པ་ཡིན་ནོ། །
ང་རང་ཚོ་མི་ཕལ་ཆེ་བས་བསམ་པར། རང་ཉིད་ཀྱི་བདེ་འཇགས་དང་བདེ་སྐྱིད་ནི་རང་ཉིད་ཀྱིས་ཚོད་འཛིན་བྱས་ན་ཆོག་པར་འདོད་ལ། ན་གཞོན་གཟུགས་ཀྲོང་སྐབས་རྒྱུགས་པ་དང་། འགུལ་སྐྱོད་བྱེད་པ་སོགས་ལ་དུས་ཚོད་མང་པོ་གཏོང་བ་དང་། དེའི་སྟེང་དུ་འགྲོ་སོང་ཡང་མི་དམན་པ་རེ་གཏོང་བཞིན་ཡོད་དོ། །འོན་ཀྱང་། ཁྱེད་ཚེ་ལོ་བརྒྱད་ཅུའམ་དགུ་བཅུ་གང་རུང་རེ་འཚོ་ཐུབ་ན། ད་དུང་ཡང་རྒྱུགས་ཐུབ་བམ། དེའི་སྐབས་སུ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སྔོན་མ་དང་འདྲའམ། །བདེ་སྐྱིད་ཀྱི་ཚོར་བ་རེ་ཡོད་དམ། གལ་ཏེ་སེམས་ནང་དུ་བདེ་སྐྱིད་ཀྱི་ཚོར་བ་རེ་ཡོད་ན། གྲུབ་འབྲས་ཅུང་ཙམ་རེ་ཡོད་པར་བརྩི་དགོས་སོ། །
ཡིན་ན་ཡང་། སྐྱེ་རྒ་ན་འཆིའི་རང་བཞིན་ནི་འཇིག་རྟེན་གྱི་རང་བྱུང་གི་ཆོས་ཉིད་ཡིན་ལ། ང་རང་ཚོར་དེའི་ཆོས་ཉིད་ལ་འགོག་རྒོལ་བྱེད་པའི་ཐབས་ཀྱིས་དབེན་པ་ཡིན། དེས་ན་རང་ཉིད་ཀྱིས་ཉམས་སུ་མྱོང་བ་ནི། རང་ཉིད་ཀྱི་བསོད་ནམས་དེ་ཡིན་ལ། གལ་ཏེ་ནམ་ཞིག་བསོད་ནམས་ཟད་པའི་སྐབས་སུ། དཔེར་ན་སྣུམ་ཟད་པའི་རླངས་འཁོར་བཞིན། གོམ་གང་ལ་ཡང་བགྲོད་མི་ཐུབ་པ་ལྟ་བུ་ཡིན་ནོ། །དེས་ན་ད་དུང་བསོད་ནམས་མ་ཟད་པའི་སྔོན་དུ། རང་ཉིད་ཀྱི་མི་ཚེའི་ལམ་ཀ་ཡག་པོ་ཞིག་འདིང་དགོས་པ་ཡིན་ནོ། །

རང་སེམས་ཐུལ་ན་ལས་རྣམས་ཀུན་ཀྱང་ལེགས།
དེ་ལས་ཆོས་མཆོག་གཞན་ཡང་ཡོད་མ་ཡིན།
དྲི་བ། རྒན་ལགས་ཁྱེད་བཟང་། མི་ཕལ་བ་ཞིག་བྱེད་པ་ཤིན་ཏུ་དཀའ་ལ། ཇི་ལྟར་བྱེད་ཐུབ་བམ། ད་དུང་ཆེད་དུ་འབད་པ་བྱེད་མི་དགོས་པར་འགྲུབ་ཐུབ་བམ་ཞེ་ན།
ལན་ནི། ཁྱེད་བཟང་། སངས་རྒྱས་ཀྱིས་སེམས་ཅན་དགའ་ན། ང་ཡང་དགའ་འོ། །ཞེས་གསུངས་པས། ང་རང་ཚོས་ཀྱང་དུས་རྒྱུན་དུ་དགའ་སྤྲོ་དང་། བདེ་སྐྱིད་དང་ལྡན་པར་འདོད་པ་དང་། དེའི་ཆེད་དུ་འབད་པ་ཡང་རྒྱ་ཆེན་པོ་བསྐྱེད་ན་ཡང་། ཇི་ལྟར་འདོད་ན་དེ་ལྟར་གྱིས་དེའི་རྣམ་པ་ཞིག་རྙེད་མི་ཐུབ་པ་ཡིན་ལ། རྒྱུ་མཚན་ནི། དོན་དེ་ལ་བདག་འཛིན་སྐྱེས་ཡོད་པས་ཡིན་ལ། འདོད་རློམས་ཡང་སྐྱེས་ཡོད་པ་ཡིན་པས། སེམས་རང་བཞིན་གྱིས་རྣམ་པར་དག་པར་འགྱུར་མི་ཐུབ་ལ། དེ་ནི་རྒྱུན་ལྡན་གྱི་སེམས་ཞིག་མ་ཡིན་ནོ། །
ང་རང་ཚོས་རང་ཉིད་ཀྱི་སྤྱོད་པ་ཐམས་ཅད་དང་། བསམ་ཚུལ་ཐམས་ཅད་ཀླད་ཀོར་དུ་བསྒྱུར་དགོས་ལ། ཀླད་ཀོར་གྱི་རྣམ་པའི་ངང་ནས་མི་ལུས་ཀྱི་རིན་ཐང་ལ་བསམ་པར་བྱེད་པ་དང་། བདག་ཏུ་མི་འཛིན་པ་དང་། སེམས་སྡུག་ཡང་མི་བྱེད་པ་དང་། འདོད་རློམས་ཀྱི་སེམས་དེ་ལས་ཀྱང་སྐྱེ་མི་ཉེན་པ་ཡིན་ནོ། །དེ་མ་ཐག་པའམ་ད་ལྟ་ཉིད་དུ་ལས་ཐམས་ཅད་བྱེད་དགོས་པ་ཡིན་ལ། དེ་ལ་རྒྱུན་ལྡན་གྱི་བསམ་པ་ཞེས་བརྗོད་ལ། རྒྱུན་ལྡན་གྱི་བསམ་པ་རྒྱུན་སྐྱོང་ཐུབ་ན། རྒྱུན་ལྡན་ནམ་ཕལ་བའི་མི་ཞིག་བྱེད་ཐུབ་པ་ཡིན་ནོ། །
གལ་ཏེ་རང་ཉིད་ཀྱི་ལུས་ཐོག་ཏུའམ་འཚོ་བའི་ནང་དུ་བྱུང་བའི་ཆེ་མ་ཆུང་གསུམ་གྱི་བྱ་བ་ཐམས་ཅད་ལ། རྒྱུ་དང་འབྲས་བུ་རེ་ཡོད་པ་ཡིན་པ་མ་ཟད། དེ་དག་གི་ཆ་ཕྲ་མོ་ཙམ་ལ་ཡང་ནོར་འཁྲུལ་ཡོད་མི་སྲིད་དོ། ། དེས་ན་ང་རང་ཚོར་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་དང་། རྒྱུ་འབྲས་ལ་བརྩི་སྲུང་དང་། ད་ལྟ་ཉིད་ཀྱི་ལས་དེ་བྱེད་ཐུབ་ན། ལས་ཐམས་ཅད་བཀྲ་ཤིས་པར་འགྱུར་བ་ཡིན་ནོ། ། དཔེར་ན། །རང་ཉིད་ཀྱི་ལྷམ་མཐུལ་གསེར་གྱིས་གཡོག་ན། །ས་གཞི་ཐམས་ཅད་གསེར་གྱིས་གཡོག་པ་དང་འདྲ་བ་དང་མཚུངས་པ་ཡིན་ནོ། །
རང་ཉིད་ལ་བདེ་སྐྱིད་ཡོང་ཐབས་མི་བྱེད་པར། རང་སེམས་རྣམ་པར་དག་པའི་ཐབས་ལ་འབད་དགོས། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་སྐད་ཅིག་ཉིད་ལ་འགྱུར་ནས་འགྲོ་བཞིན་ཡོད་ལ། དེ་དག་འགྱུར་མེད་རྟག་པར་འདོད་པ་ནི། རང་ཉིད་ཀྱིས་རང་ཉིད་ཀྱི་སེམས་ལ་འགལ་རྐྱེན་བཟོས་པ་ཡིན་ལ། དེས་མི་ཚེ་གང་བོར་མི་བདེ་བ་སྟེར་བ་དང་། ད་དུང་ཡོད་ཚད་པོ་རང་ལ་ཡོད་ན་འདོད་པའི་ཚེ། དོན་དུ་ཡོད་ཚད་པོ་མེད་པར་བཟོས་ཚར་བ་ཡིན་ནོ། །
གལ་ཏེ་རང་ཉིད་ཀྱི་སེམས་ཁམས་འདུལ་བར་བྱེད་ཐུབ་ན། ། དེ་ལས་ཁྱད་དུ་འཕགས་པའི་ཆོས་ཤིག་མེད་ལ། ། དེའི་ཕྱིར་ཆོས་ལ་སློབ་སྦྱོང་དང་། ། རང་ཉིད་ཀྱི་སེམས་ཁམས་ལེགས་སྒྲིག རང་སེམས་རྣམ་དག་གི་སྒོ་ནས་བྱ་བ་སྒྲུབ་ན་གྲུབ་འབྲས་ཐོབ་སླ་ཞིང་། ། རང་ཉིད་ཀྱི་སུན་སྣང་ལས་བརྒལ་ཆོག་ཅིང་། བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་ཐུབ་བོ།།

འཇིག་རྟེན་བཟང་ངན་ཙམ་ལ་ཆགས་ནས་སུ།
དེ་ལ་ཁ་འཛིན་བྱེད་པ་འཇིག་རྟེན་ཆོས།
དྲི་བ། རྒན་ལགས་ཁྱེད་བཟང་། །འཚོ་བའི་ནང་དུ་ཇི་ལྟར་གཞན་ཕན་གྱི་བསམ་པའི་རྒྱུན་སྐྱོང་དགོས་སམ། །གཞན་ལ་ཕན་པ་བྱེད་པའི་སྐབས་སུ་ཤེས་རབ་ཀྱིས་ཇི་ལྟར་བླང་དོར་འབྱེད་དགོས་སམ། འཇིག་རྟེན་འདིར་མཐུན་སྒྲིལ་ནི་སྟོབས་ཤུགས་ཤིག་ཡིན་པས། དམ་ཆོས་སྒོམ་སྒྲུབ་བྱེད་ཚེ་འཇིག་རྟེན་ཆོས་བརྒྱད་ཀྱིས་མི་གནོད་པར། ཇི་ལྟར་ཁེར་རྐྱང་དུ་ཞིམ་མེད་མདུན་སྐྱོད་བྱེད་དགོས་སམ་ཞེ་ན།
ལན་ནི། ཁྱེད་བཟང་། །ངརང་ཚོ་ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་བཤད་ན། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ལ། དེ་ཕར་ལྟོས་ན་སླ་སླ་ལྟ་བུར་འདུག་ཀྱང་། །དོན་དུ་ཤིན་ཏུ་དཀའ་བ་ཡིན་ལ། ཧ་ཅང་གལ་ཆེན་གྱི་མདུན་དུ་སྐྱོད་བྱེད་ཀྱི་གོམ་པ་ཞིག་ཡིན་ནོ། ། གལ་ཏེ་སྐྱབས་འགྲོ་རྣམ་དག་ཞིག་མ་ཡོང་ན། དེ་ལས་གཞན་པའི་ཆོས་གང་ཡིན་ཀྱང་ཤིན་ཏུ་ལེགས་པ་ཞིག་ཡོང་མི་སྲིད་དེ། སྐྱབས་འགྲོ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། ། འདིའི་མ་གཞིའི་སྟེང་དུ་ཡང་བསྐྱལ་གཞན་ཕན་གྱི་བསམ་པ་གླེང་དགོས་པ་ཡིན་ལ། གལ་ཏེ་ང་རང་ཚོས་དུས་དང་གནས་སྐབས་ཐམས་ཅད་དུ་གཞན་ལ་ཕན་པ་བསྒྲུབ་བསམ་པ་དང་། ང་བདག་དེ་བློས་གཏོང་ཐུབ་ན། །དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་སྲིད་པ་ཡིན་ནོ།།
སྐད་ཅིག་མ་གཅིག་ལ་གཞན་ཕན་གྱི་བསམ་པ་རེ་སྐྱེ་བ་མི་དཀའ་མོད། འོན་ཀྱང་། །རྒྱུན་སྐྱོང་ཐུབ་པ་དང་། རྣམ་པར་དག་པ་དང་། བྱམས་སྙིང་རྗེ་དང་བཅས་པའི་གཞན་ཕན་གྱི་བསམ་པ་སྐྱེ་བ་དེ་ཧ་ཅང་དཀའ་བ་ཡིན་ལ། དེའི་ཕྱིར་ན་ང་རང་ཚོས་འདིའི་ཕྱོགས་ལ་ཤུགས་རྒྱག་དགོས་པ་ཡིན་ནོ། ། གཞན་ལ་ཕན་པ་བསྒྲུབ་པའི་སྐབས་སུ་ག་དུས་ཡིན་ན་ཡང་རང་འདོད་ཀྱི་བསམ་པ་དེ་ལྐོག་འཛུལ་བྱེད་སྲིད་ལ། འདིའི་སྐབས་སུ་ཡང་དག་པའི་དྲན་ཤེས་ལ་བརྟེན་ནས། །རང་འདོད་ཀྱི་བསམ་པའམ། ཡང་ན་བདག་འཛིན་དེ་སྤོང་བར་བྱེད་དགོས་པ་ཡིན་ནོ། ། གལ་ཏེ་དེ་ལྟར་བྱེད་ཐུབ་ན། །ཤེས་རབ་དེ་རང་བཞིན་གྱིས་སྐྱེ་བར་འགྱུར་བ་དང་། ཉོན་མོངས་ཐམས་ཅད་སྤོང་བར་བྱེད་ཐུབ་པ་ཡང་ཡིན་ནོ། །
འཆམ་མཐུན་མཉམ་གནས་ནི་དམ་ཆོས་སྒོམ་སྒྲུབ་བྱེད་པའི་གཞི་རྩ་ཞིག་ཡིན་ལ། །དེའི་སྟེང་དུ་ཕྲག་དོག་མི་བྱེད་པ་དང་། ཉོན་མོངས་མི་སྐྱེ་བ་དང་། །བྱམས་སྙིང་རྗེ་དང་ལྡན་པར་བྱེད་དགོས་པ་ཡིན་ནོ། ། གལ་ཏེ་དེ་ལྟར་ཡིན་ན། །འཇིག་རྟེན་ཆོས་བརྒྱད་ཀྱིས་ང་རང་ཚོའི་བསམ་པ་གཡོ་མི་ཐུབ་པ་ཡིན་ནོ། ། ཅི་ཞིག་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཡིན་ནམ། །དེ་ལ་འཇིག་རྟེན་གྱི་རླུང་བརྒྱད་ཞེས་ཀྱང་བྱ་ལ། །ཕན་གནོད་ཕྲན་ཚེགས་ཙམ་གྱིས་དགའ་བ་དང་མི་དགའ་བར་འགྱུར་བའི་ཆོས་བརྒྱད་དེ། རྙེད་པ་དང་། མ་རྙེ

རང་གི་འགན་འཁྲི་མ་བརླག་ན།
དེ་ནི་སེམས་ཅན་དོན་ཡིན་ནོ།
དྲི་བ། རྒན་ལགས་ཁྱེད་བཟང་། ང་རང་ཚོས་རང་ཉིད་ཀྱི་རང་འཁྲིའི་ལས་འགན་དེ་ཇི་ལྟར་ལེགས་པོ་ཞིག་བྱེད་ཐུབ་བམ། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་ཇི་ལྟར་འགྱུར་ཐུབ་བམ། ། ཇི་ལྟར་རང་ཉིད་ཀྱི་སེམས་པ་ལེགས་སྒྲིག་བཟང་བོ་ཞིག་བྱེད་དགོས་སམ་ཞེ་ན།
ལན་ནི། ཁྱེད་བཟང་། ང་རང་ཚོ་སོ་སོའི་སྐྱེས་བུ་ཞིག་ཡིན་པའི་ཆ་ནས་བཤད་ན། རང་ཉིད་ཀྱི་ཕན་པ་ལ་མི་བསམ་པར། ། རྩ་བ་ནས་སྤྱི་ཚོགས་དང་མིའི་རིགས་ལ་ཞབས་ཞུ་བྱེད་པ་ནི། །བཤད་ན་སླ་ཡང་། །དོན་དངོས་སུ་ལག་བསྟར་བྱེད་པའི་ཚེ། །ཡང་དེ་ལྟར་སླ་བ་ཞིག་མ་ཡིན་ནོ། ། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས། །ང་རང་ཚོས་མུ་མཐུད་ནས་སློབ་སྦྱོང་བྱེད་པ་དང་། །ཡར་ཐོན་དང་། །རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལེགས་པར་སྒྱུར་བར་བྱེད་དགོས་པ་ཡིན་ནོ། ། དོན་དུ་ང་རང་ཚོ་མི་ཡུལ་འདིར་ཚེ་གང་བོར་བྲེལ་བ་བྱེད་ཀྱང་། །མཐར་གཏུག་ན་ངེས་པར་ཐོབ་རྒྱུ་ཡོད་པ་ནི་འཆི་བ་དེ་ཡིན་ལ། དེ་ནས་སྐྱེ་བ་གཞན་གྱི་སེམས་ཅན་ཞིག་ཏུ་སྐྱེས་ཏེ་མུ་མཐུད་དུ་འཁོར་བར་འཁོར་དགོས་པ་ཡིན་ནོ།། །
དེས་ན། འཁོར་བའི་ཆོས་ཐམས་ཅད་ལ་བདག་ཏུ་འཛིན་དྲག་མི་ཉེན་ཏེ། །ང་རང་ཚོའི་འཚོ་བའི་ནང་དུ་བྱུང་བའི་ཡོད་ཚད་པོ་ལ་རྒྱུ་རྐྱེན་དང་འབྲས་བུ་མེད་པ་ཞིག་ནི་མེད་པ་ཡིན་པའི་ཕྱིར་ཏེ། ཐམས་ཅད་པོ་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར་ན། ལས་དོན་གང་ཞིག་བྱེད་ན་ཡང་རང་ཉིད་ཀྱི་འགན་འཁྲི་ཡོད་པའི་ལས་དེ་ལེགས་པར་བྱེད་ཐུབ་པ་ནི། ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། དཔེར་བཞག་ན། ཁྱེད་ནི་ལས་མི་དཀྱུས་མ་ཞིག་ཡིན་པའི་དབང་དུ་བཏང་ན། །རང་ཉིད་ཀྱི་ལས་དོན་དེ་ལེགས་པར་བྱེད་ཐུབ་ན། །གཞན་གྱིས་གུས་བཀུར་ཐོབ་པ་ཡིན་ནོ། ། སྤྱི་ཚོགས་དང་མིའི་རིགས་ལ་རང་ཉིད་ཀྱིས་བྱས་རྗེས་ངེས་ཅན་ཞིག་ཀྱང་འཇོག་ཐུབ་པ་ཡིན་ནོ། །
ལས་གནས་གང་ཡང་རུང་བ་ཞིག་བྱེད་ཀྱིན་ཡོད་ན་ཡང་། །རང་ཉིད་ཀྱི་བསམ་པ་དེ་ལེགས་སྒྲིག་བྱེད་ཐུབ་པ་དེ་ཤིན་ཏུ་གལ་ཆེ་ལ། གལ་ཏེ་བསམ་པ་ལེགས་སྒྲིག་བྱེད་ཐུབ་ན། རང་ཉིད་དང་རང་ཉིད་ཀྱི་ལས་གནས་ཀྱིས་ཡིད་ཚིམ་པ་དང་། དེ་ལ་དགའ་སྤྲོ་འཕེལ་བ་དང་། འབད་པ་བྱེད་སྲིད་ལ། ། ངེས་པར་དུ་ཕུལ་དུ་བྱུང་བའི་ལས་བྱེད་པ་ཞིག་ཏུ་འགྱུར་ཐུབ་པ་ཡང་ཡིན་ནོ། ། གལ་ཏེ་ཐ་ན་རང་ཉིད་ཀྱི་ལས་དོན་ཡང་ལེགས་པར་བྱེད་མི་ཐུབ་ན། །ཇི་ལྟར་སྤྱི་ཚོགས་དང་མིའི་རིགས་ལ་ཕན་པ་བསྒྲུབ་ཐུབ་བམ། མདོར་ན། །དུས་རྟག་པར་དྲིན་དྲན་པ་དང་། འདོད་ཆུང་ཆོག་ཤེས་དང་། རང་ཉིད་ཀྱི་ཡོད་ཚད་པོ་སེམས་ཅན་གྱི་དོན་དུ་འབུལ་བར་བྱེད་དགོས་པ་ཡིན་ནོ། ། གལ་ཏེ་དེ་ལྟར་བྱེད་ཐུབ་ན། །ཁྱེད་ཀྱི་བསམ་པ་རང་བཞིན
གལ་ཏེ། རང་ཉིད་ཀྱི་འགན་འཁྲི་ཆུད་ཟོས་སུ་མ་བཏང་ན། དེ་ནི་འགྲོ་བ་སེམས་ཅན་གྱི་ཆེད་ཡིན་པར་རྩིས་ཆོག རྒྱུ་མཚན་ནི། ང་རང་ཚོ་ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དགེ་སྒྲུབ་སྡིག་སྤོང་དང་། འབད་བརྩོན་ཡར་སྐྱེད། འགྲོ་བ་སེམས་ཅན་ཀུན་ལ་ཞབས་འདེགས། རང་གཞན་ལ་ཕན་འདོགས་པ་བཅས་བྱ་དགོས་སོ། ། །

ནང་དོན་ཡོངས་ཁུངས། གཡེ་རུས་རྐང་གི་སྤྱི་སྟེགསཞ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།