རྩོམ་པ་པོ། འཇམ་དབྱངས་བསྟན་པ།
རྒྱལ་བ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པད་མོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། དེ་ཡང་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་འདིར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་སོགས་ལས་བརྩམས་ཏེ་ཆོས་ཀྱི་སྒོ་སྣ་ཚོགས་པ་ཞིག་གསུངས་པ་ནི་གདུལ་བྱའི་ཁམས་དབང་མོས་པ་སོགས་མཐའ་ཡས་པའི་དབང་གིས་ཡིན་ལ། དེ་ཡང་བཀའ་འཁོར་ལོ་ཐ་མའི་དགོངས་པ་མཐར་ཐུག་ནི་གཞན་སྟོང་དབུ་མ་ཆེན་མོ་ཉིད་ཡིན་ལ། འཕགས་བོད་ཀྱི་མཁས་པ་དུ་མའི་ཁྲོད་ན་སྟོང་ཉིད་མཐར་ཐུག་རང་སྟོང་དུ་འདོད་པ་དང་། གཞན་སྟོང་དུ་འདོད་པའི་ལུགས་གཉིས་བྱུང་བ་ནི་རྒྱ་བོད་གཉིས་ལ་འབྲུག་ལྟར་གྲགས་སོ། །བོད་གངས་རྒྱན་ལྗོངས་སུ་ཡང་དེ་བཞིན་དུ་ལུགས་མང་པོར་གྱེས་པའི་ནང་ནས་སྐབས་སུ་བབ་པ། རང་ལུགས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་སྟོང་ཉིད་མཐར་ཐུག་མ་ཡིན་དགག་ཏུ་འདོད་ལ་དེ་ལྟར་འདོད་པའི་ཡིག་ཆའི་ཁུངས་དང་། ཞར་བྱུང་དུ་གཞན་སྟོང་དབུ་མ་ཆེན་མོ་བདག་གཉིས་ཀྱི་སྟོང་པ་ཡིན་པར་ཁས་ལེན་པའི་ཡིག་ཆའི་སྐོར་འགའ་ཞིག་བརྗོད་པའི་ས་བཅད་གཉིས་ལས།
དང་པོ་ནི། རྒྱལ་བའི་ལུང་ཟིན་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་མཛད་པའི་ཆོས་ཀྱི་ཤན་འབྱེད་ལས། དེ་ལ་ཀུན་རྫོབ་གློ་བུར་བའི་དངོས་པོ་རྣམས་ནི་གནས་ལུགས་ལ་གཏན་ནས་མེད་པའི་ཕྱིར། རང་གི་ངོ་བོས་སྟོང་སྟེ་རང་སྟོང་ངོ་། །ཀུན་རྫོབ་དེ་རྣམས་ཀྱིས་སྟོང་པའི་གཞི་དོན་དམ་གཉུག་མ་ནི་ནམ་ཡང་མེད་པ་མ་ཡིན་པའི་ཆོས་ཉིད་ཡིན་པའི་ཕྱིར་གཞན་སྟོང་ངོ་། །དེ་བཞིན་དུ། ཆོས་དང་ཆོས་ཉིད་ལ་སོགས་པ་སྔར་སྨོས་པ་དེ་རྣམས་ཐམས་ཅད་ལ་གང་གིས་སྟོང་པ་དང་། སྟོང་པའི་གཞི་གང་ཡིན་པ་ཞེས་ཚུལ་གཉིས་གཉིས་སུ་རིག་པར་བྱ་སྟེ། བུམ་པ་མེད་པ་དང་མེད་པའི་གཞི་ས་ཕྱོགས་བུམ་པས་དག་པ་ལྟ་བུའོ། ། ཞེས་དང་། འཇམ་དཔལ་ལྟ་བ་མདོ་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པ་མིན། ། ཞེས་དང་། ཡང་ཆོས་ཀྱི་ཤན་འབྱེད་ལས། འདིར་གང་ཞིག་གང་ན་མེད་པ་ཞེས་པ་ནི་གློ་བུར་དྲི་མ་རྣམས་བདེ་གཤེགས་སྙིང་པོའི་ངོ་བོ་མེད་པ་སྟེ། དྲི་མ་དེས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་ངོ་། །གང་ཞིག་དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་ཞེས་པ་ནི་བདེ་གཤེགས་སྙིང་པོ་དང་དབྱེར་མེད་པའི་ཡོན་ཏན་དུ་མ་སྟེ། དེ་ནི་རྟག་ཏུ་ཡོད་ཅིང་དེས་ནི་མི་སྟོང་ངོ་། །ཞེས་དང་། མྱ་ལས་འདས་པའི་མདོ་ལས། གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །ཞེས་དང་། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་གསུང་ཐོར་བུ་ལས། ཀུན་རྫོབ་ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པའི་གཞི་ལ་དོན་དམ་ཆོས་སྐུ་བཞུགས། །ཀུན་རྫོབ་ཆོས་ཀུན་ངོ་བོ་ཉིད་ཀྱིས་དབེན། །དབེན་པའི་གཞི་ལ་དོན་དམ་ཆོས་སྐུ་བཞུགས། །དེ་ལྟར་རྟོགས་ན་གཞི་ཡི་གནས་ལུགས་དང་། །བདེན་པ་གཉིས་ཀྱི་སྟོང་ཚུལ་རྟོགས་པ་ཡིན། །བདེན་པ་གཉིས་ལ་རང་སྟོང་གཞན་སྟོང་དང་། །མེད་པ་ཙམ་དང་མེད་པའི་གཞི་དང་ནི། །མེད་དགག་མ་ཡིན་དགག་གི་ཁྱད་པར་སོགས། །ལེགས་པར་རྟོགས་ན་གནས་ལུགས་རྟོགས་པ་ཡིན། །ཞེས་དང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མཛད་པའི་སྟོན་པ་གྲུབ་བཟང་ལ་གདམས་པ་ལས། གཞོན་ནུ་མ་ལ་པྲ་ནི་ཕབ་པ་བཞིན། །མ་བསམ་པ་ཡི་སྣང་བ་ཆོས་ཀྱི་དབྱིངས། །མི་འགྱུར་བདེ་བ་ཆེན་པོས་འཁྱུད་པ་ལས། །ཕྱག་རྒྱ་ཆེ་ཞེས་ངེས་པའི་དོན་དུ་གསུངས། །ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ཉིད་རང་བཞིན་གྱིས་གྲུབ་པའི་སྤངས་(པ་དང་) རྟོགས་(པའི་ཁྱད་པར་) དང་མེད་དགག་(དང་) མ་ཡིན་དགག་གི་ཁྱད་པ་དང་། ཞེས་དང་། རི་ཆོས་ལས། མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར། ཞེས་དང་། རི་ཆོས་ས་བཅད་ལས། གནས་ལུགས་ལ་ཡོངས་གཅོད་དུ་གྲུབ་པའི་ཆོས་མེད་པར་འདོད་པ་སྤངས་པ། ཞེས་དང་། རི་ཆོས་ལས། གནས་ལུགས་ཟབ་མོ་ལ་སྐྱོན་ཐམས་ཅད་རང་བཞིན་གྱིས་མེད་ཅིང་མ་གྲུབ་པས་རྣམ་གཅོད་དང་དགག་པ་དང་སྤངས་པ་རང་བཞིན་པ་ཚང་ཞིང་། དེ་དག་གི་གཞི་ལ་ཆོས་ཉིད་ཀྱི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་ཚང་བས་ཡོངས་གཅོད་དང་། ཞེས་དང་། རྒྱ་གར་གྱི་སློབ་དཔོན་མ་ཊི་ཙེ་ཊས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པའི་འགྲེལ་བ་ལས། དེ་ཕྱིར་མི་མངའ་ཞེས་བྱ་བའི་དགག་པ་འདི་ནི་མ་ཡིན་པར་དགག་པ་སྟེ་རྣམ་པར་རྟོག་པའི་རིགས་དེ་དག་ནི་ཡོད་པ་མ་ཡིན་ལ། དེས་དབེན་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་ནི་མངའ་བས་སོ། །ཞེས་དང་། ཆོས་རྗེ་ཆེན་པོའི་མཛད་པའི་བཀའ་བསྡུ་བཞི་བ་ལས། སྟོང་གཞི་ཡིན་གྱི་སྟོང་ཙམ་གཏན་མ་ཡིན། །བྲལ་གཞི་ཡིན་གྱི་བྲལ་ཙམ་གཏན་མ་ཡིན། ། མེད་གཞི་ཡིན་གྱི་མེད་ཙམ་གཏན་མ་ཡིན། །སྒྲུབ་ཆོས་ཡིན་གྱི་མེད་དགག་གཏན་མ་ཡིན། །ཞེས་དང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མཛད་པའི་ཞུ་དོན་གནང་བ་ལས། རྣམ་ཤེས་ལས་འདས་པའི་དབྱིངས་དང་ཡེ་ཤེས་གཅིག་ཏུ་འདྲེས་པ། སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ། དོན་དམ་བདེ་གཤེགས་སྙིང་པོ་པྲ་ཕབ་བརྒྱད་དང་མཚུངས་པ། མཐར་ཐུག་གི་སངས་རྒྱས། ཞེས་དང་། ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་དབྱིངས་དེ་ནི་བདེ་གཤེགས་སྙིང་པོ་སྟེ། །རྟག་པ་ཀུན་ཁྱབ་རང་རིག་ཡེ་ཤེས་དང་། ། རྣམ་པ་ཐམས་ཅད་པ་སྟེ་ཡོངས་གཅོད་མཚན། །སྤྲོས་དང་བྲལ་ཞིང་མ་གོས་རྣམ་བཅད་དོན། །ཟུང་འཇུག་རང་བཞིན་རིགས་དང་དོན་དམ་ཁམས། །དེ་ལྟར་དེ་ཡི་མཚན་ཉིད་རྣམ་པ་དགུ །འདི་ལ་དོན་དམ་དབྱིངས་ཀྱི་གནས་ཚུལ། །ཞེས་སོགས་གསུངས་སོ། །
གཉིས་པ་ནི། གཞན་སྟོང་དབུ་མ་ཆེན་མོ་བདག་གཉིས་ཀྱིས་སྟོང་བ་ཡིན་ཚུལ་སྐོར་གླེང་བ། སྤྱིར་བཏང་ལྟ་བ་བཀའ་བཏག་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཡིན་ན་དགག་བྱའི་བདག་ཁས་མི་ལེན་པས་ཁྱབ་པོ། །རི་ཆོས་ངེས་དོན་རྒྱ་མཚོ་ལས། གང་ཞིག་< ཀུན་རྫོབ་ཀྱི་> ཆོས་རྣམས་ཀུན་གྱིས་དབེན་ཡང་ཟག་མེད་བགྲང་ཡས་< དོན་དམ་གྱི་>ཆོས་< རྣམས་>ཀྱི་སྐུ། །ཆོས་དང་གང་ཟག་< གི> བདག་དང་<གདོད་ནས་རང་བཞིན་གྱིས་> བྲལ་ཡང་དེ་བཞིན་ཉིད་བདག་དག་པའི་བདག །ཡོད་མེད་རྟག་ཆད་མཐའ་ལས་འདས་ཀྱང་།<དེ་དག་གི་དབུས་མའམ་བར་མ་སྐད་ཅིག་ལས་འདས་པ་དོན་དམ་གྱི་དབྱིངས་ཡིན་པས་> རྟག་བརྟན་གཡུང་དྲུང་ཉིད་དུ་བཞུགས། །དངོས་རྣམས་ཀུན་གྱི་རང་བཞིན་མེད་ཀྱང་ཞེས་སོགས་རྒྱ་ཆེར་གསུངས་སོ། ། ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་མོད་ཀྱི། །ངོ་བོའི་སྒོ་ནས་དབྱེ་བ་ཡིན་མིན་ཏེ། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པས་དབྱེ། །ཞེས་དང་། རི་ཆོས་ལས། བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་པའི་ཕྱིར། ཞེས་དང་། རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང་། རྒྱུད་བླ་ཉི་མའི་འོད་ཟེར་ལས། མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་ཏུ་འཛིན་པའི་སྤྲོས་པ་དང་། ཉན་ཐོས་ལ་སོགས་པས་བརྟགས་པའི་བདག་མེད་པར་འཛིན་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་ན། དམ་པའི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་སོགས་གསུངས་སོ། །
ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་བྱ་དྲུག་བརྒྱ་དང་དྲུག་ཅུ་འགོར་བའི་རྗེས་དྲན་ལ་བསེ་དགོན་པའི་དགེ་བཤེས་འཇམ་དབྱངས་བསྟན་པས་སྒྲིག་སྦྱོར་བྱས། ༢༠༢༡–བོད་ཟླ་དགུ་བའི་ཚེས། ༢༢ ཉིན།
ནང་དོན་ཡོངས་ཁུངས། བོད་ཡིག་འཕྲིན་སྟེགས་ཀ་ལཱ་པའི་གྲོང་།