རྩོམ་པ་པོ། ཀུན་དགའ་ཚེ་དབང་རིག་འཛིན།
དང་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་ཐར་མདོར་བསྡུས་པ།
རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་འམ། ཡོངས་གྲགས་སུ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གང་ཉིད་ནི་༼དཔལ་ལྡན་ཇོ་ནང་བའི་མདོ་སྔགས་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་ལྡན་བླ་མ་ཉེར་བདུན་པ་དང་། ཇོ་ནང་གདན་རབས་ཉེར་ལྔ་བ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུའི་སྐྱེ་བ་བཅུ་གསུམ་པ།༽ མངའ་རིས་སྨད་ཀྱི་གློ་བོ་སྨན་ཐང་ཞེས་པར་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་རྒྱུད་དུ་ཡབ་དཔོན་དྲུང་ཚེ་དབང་བཟང་པོ་ལོ་ང་བརྒྱད་དང་། ཡུམ་བཙུན་མོ་སྔ་ཕྱི་གཉིས་ལས་ཕྱི་མ་ལོ་ཉེར་གཉིས་བཞེས་པ་གཉིས་ཀྱི་སྲས་སུ་མེ་ཡོས་ཕྱི་ལོ་༡༥༠༧ ལོར་འཁྲུངས། རྭ་སྟོན་ཆོས་རྗེར་མིང་ཞུས་པས་སྒྲོལ་མ་འབུམ་དུ་གསོལ། བཙུན་པའི་བག་ཆགས་བཟང་པོར་འདུག་པས་ཆོས་སྒོར་ཆུག་ཅེས་ལུང་བསྟན། དྲུང་བ་ཆོས་རྗེ་ལས་སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་རིམ་པར་ཞུས། དགུང་ལོ་བཅུ་བར་དྲུང་བ་ཆོས་རྗེ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་མཚན་ལ་ཀུན་དགའ་གྲོལ་མཆོག་ཏུ་མཚན་གསོལ། སྐུ་ཚེའི་ན་ཚོད་སྨིན་པའི་དུས་སུ་སྔ་འགྱུར་རྙིང་མ་དང་ས་སྐྱ་ཇོ་ནང་བཀའ་བརྒྱུད་དགེ་ལུགས་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དྲུག་ཅུ་རྩ་གཅིག་ལྷག་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཆེས་མང་བོ་གསན། བར་སྐབས་ཤིག་ནས་ཇོ་ནང་གི་གདན་ས་མཛད་ནས་སྒྲུབ་བརྒྱུད་ཀྱི་བསྟན་པར་མཛད་རྗེས་མང་བོ་བཞག སྐུ་ཚེའི་སྨད་དུ་ཆོས་ལུང་བྱང་རྩེ་བཏབ་ནས་སྒྲུབ་སྡེ་གཙོ་བོར་མཛད་ཅིང་། ཇོ་ནང་གི་སྒྲུབ་སྡེ་ཡང་ཐུགས་བརྩེ་ཆེན་པོས་བསྐྱངས་ནས། སློབ་མ་མཁས་པ་མང་དུ་བྱོན་མོད། གཙོ་བོ་རྡོ་རིང་བ་ཀུན་དགའ་རྒྱལ་མཚན། མཁས་དབང་བྱམས་པ་ལྷུན་གྲུབ། མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་དྲུང་ཀུན་དགའ་དཔལ་བཟང་། ཆོས་སྐུ་ལྷ་དབང་གྲགས་པ་རྣམས་ལ་ས་ཇོ་དྭགས་ཤངས་ཀྱི་ཆོས་སྐོར་མཐའ་ཡས་པའི་བཀའ་བབས་གཏད་དེ། དགུང་ལོ་དྲུག་ཅུ་མེ་སྟག་ལོའི་ཟླ་དང་པོའི་ཚེས་བརྒྱད་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས།
གཉིས་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཆོས་བརྒྱུད་རིས་མེད་གནང་སྟངས།
ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ནི་གངས་ཅན་གྱི་རིས་མེད་བསྟན་པའི་ཕྱོགས་ལ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན་ཏེ། གངས་ལྗོངས་ཀྱི་རིས་སུ་མ་མཆིས་པའི་བླ་མ་དྲུག་ཅུ་ལྷག་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ནས་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཞིག་ཡིན། དེ་ཡང་དམ་པ་འདི་རིས་མེད་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ནས་ཟབ་ཆོས་བདུད་རྩིའི་གཏེར་ལ་གང་འདོད་དུ་རོལ་བ་ཡིན་ལ། ཁོང་གིས་ རིས་མེད་གནང་སྟངས་སྐོར་དམ་པ་ཁོང་གི་རང་རྣམ་༼རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར༽ཤོག་གྲངས་༡༠བ་ལས། ད་ལྟ་འདི་ན་ཀུན་ཁྱབ་ཏུ་ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དབུ་མ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་མ་རེག་པའི་ལྟ་བ་ཞེས་བློས་བཏགས་པའི་དོན་ཞིག་ལ་རང་མཚན་མར་ཞེན་ནས། མདོ་རྒྱུད་རྣམས་དང་རྒྱ་བོད་ཀྱི་པཎ་གྲུབ་མཐའ་དག་གི་གཞུང་ལུགས་ཀྱི་ཚིག་སྒྲ་ཙམ་དང་བསྟུན་ཏེ། བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་དུ་ཁྱོད་ཀྱི་འདི་དང་ངའི་འདི་ཞེས་སོ་སོར་འཛིན་སྟངས་ཕྱེ་སྟེ། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་པ། དགེ་ལྡན་པ། བོ་དོང་པ་ཞེས་ཐ་དད་ཀྱི་ཞལ་བཞེས་དང་། བཤགས་འདེབས་རང་རང་གི་མོས་བློ་ཕྱོགས་རིས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་གླེང་བ་དག་མཐོང་མོད། བདག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཕྱིན་ཅི་ལོག་འབའ་ཞིག་ཏུ་འཆར་བའི་བློ་རིག་འདི་ལྟ་བུར་སྣང་སྟེ། དེ་ཡང་ཞིབ་ཏུ་སྙད་ན། གྲུབ་པའི་མཐའ་ཞེས་༼འདབ་པ་༽ གདགས་པ་འདི་ནི་ཡི་གེ་ཡིན་ཏེ། དབུ་ཅན་དུ་བྲིས་ན་དབུ་ཅན་དུ་འོང་ལ། དབུ་མེད་དུ་བྲིས་ན་དབུ་མེད་དུ་འོང་བ་ཡིན་ནོ།། ཡི་གེ་དེས་བརྗོད་པའི་ཚིག་གྲུབ་མཐའ་ཞེས་པ་དེ་ནི་ཉན་པར་བྱ་སྟེ་སྨྲའོ།། སྒྲ་དེས་དྲངས་པའི་རྣམ་པར་རྟོག་པ་ཞིག་སྐྱེས་པ་དེ་ལ་གོ་བ་༼ཅེས་རྟགས་པ་༽ཞེས་བཏགས་པ་ཡིན་ལ། གོ་བ་དེ་ནི་རྣམ་པར་རྟོག་པ་ཡིན་༼པའོ་༽པས་གནད་ཀས། རྣམ་པ་ཞིག་ཡིད་ལ་བྱས་པའི་ཚེ་རྣམ་པ་༼འགྲི་༽འདྲ་བ་དེའི་ཕྱིར་འདི་ཉིད་ཀྱིས་ཀྱང་དོན་ལ་རེག་པ་མ་ཡིན་ནོ།། ཞེས་ཡུལ་གངས་ཅན་གྱི་ཡུལ་ན་དར་བའི་ཕྱག་རྫོགས་དབུ་གསུམ་དང་། རྙིང་མ་བཀའ་བརྒྱུད། ཞི་བྱེད་ས་སྐྱ། བུ་སྟོན་ཇོ་ནང་། དགེ་ལྡན་བོ་དོང་སོགས་རིས་སུ་མ་མཆིས་པའི་བསྟན་པ་སྤྱི་ལ་མོས་བློ་ཕྱོགས་རིས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་གླེང་བ་ནི་གྲུབ་མཐའ་བྱེ་བྲག་པ་ཞིག་ལ་མཚན་མར་ཞེན་ཅིང་རིས་སུ་གཅོད་པ་སྟེ། མདོ་རྒྱུད་རྣམས་དང་རྒྱ་བོད་ཀྱི་པཎ་གྲུབ་མཐའ་དག་གི་གཞུང་ལུགས་ཀྱི་ཚིག་སྒྲ་ཙམ་ལ་བསྟུན་ཏེ། བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་ཡིན་ཞེས་གསལ་བར་གསུངས་ལ། གོང་གི་གསུང་ཚིག་དུམ་བུ་འདིས་ཀྱང་རྗེ་བཙུན་བླ་མ་ཁོང་ཉིད་ཀྱི་རླབས་ཆེ་བའི་ཐུགས་དགོངས་དང་ཡང་དག་པའི་ལྟ་སྤྱོད་ལ་རགས་ཙམ་མཇལ་ཐུབ།
ཡང་ཁོང་གི་རང་རྣམ་ལས། མདོར་ན་རྟོགས་ལྡན་དུ་ཁས་བླངས། རྣམ་རྟོག་གི་རང་བཞིན་ཆོས་སྐུར་ཤེས། སྣང་བ་རང་གི་སེམས་སུ་ཐག་བཅད། དུ་མ་རོ་གཅིག་ཏུ་ཤར་བའི་རྣལ་འབྱོར་པ་ལ། འདི་ནི་བཀའ་བརྒྱུད་ཀྱི་གྲུབ་མཐའ་འོ།། འདི་ནི་བཀའ་བརྒྱུད་ཀྱི་གྲུབ་མཐའ་མ་ཡིན་ནོ།། ཞེས་འཁོར་བ་པ་གཞུང་མའི་བདག་གི་གནས་སུ་བཀའ་བརྒྱུད་རིན་པོ་ཆེ་བཞུགས་སུ་གསོལ། གཞན་གྱི་གནས་སུ་བཀའ་བརྒྱུད་དང་མི་མཐུན་པའི་ཆོས་དང་གང་ཟག་རྣམས་བཞུགས་སུ་གསོལ་ཏེ། བདག་ཉིད་ལ་ཆགས། གཞན་ལ་སྡང་བའི་ཆགས་སྡང་གི་འཁྲུལ་སྣང་འདི་ནི། ངོ་བོ་མཐོང་བ་རྣམས་ལ་འོང་བར་རིགས་པ་མ་ཡིན་པས་རང་བཞིན་གྱིས་དག་པར་གྱིས་ཤིག་གོ རང་བཞིན་གྱིས་དག་ན་མ་གཏོགས་ཆགས་སྡང་འགགས་ཤིང་མེད་པར་སྒྲུབ་ན་འགག་སྒྲུབ་ཏུ་སོང་ནས། འགག་སྒྲུབ་དེ། ངོ་བོ་དང་ཕྱིན་ཅི་ལོག་གི་བློ་རིགས་ཡིན་པས་དེ་ལྟ་བུར་མི་བྱ་བར། འཛིན་པ་མེད་པའི་རང་གཞལ་དུ་ཆགས་སྡང་གི་སྤྲིན་དེངས་པར་བྱས་ལ། ཟབ་པ་དང་རྒྱ་ཆེ་བའི་དོན་ལ་ངང་གིས་གནས་པར་བྱའོ།། ཞེས་གསུངས་ཤིང་། ད་དུང་རིས་མེད་སྐྱེས་བུ་དམ་པའི་རྣམ་ཐར་འདི་འདྲ་ལོས་ཡིན་སྙམ་པའི་དང་བ་འདྲེན་པའི་སྙན་འཇེབས་ཟབ་དོན་གྱིས་ཕྱུག་པའི་གསུང་ཚིག་འདི་འདྲ་ཡོད་དེ། རང་རྣམ་ལས། གང་ཡང་རྣམ་མང་ཆོས་ཚུལ་ཡོངས་ལ་སྡང་སེམས་མེད་པའི་ལྷག་བསམ་ཅན།། གང་ཡང་བསྟན་འཛིན་སྐྱེས་བུ་ཀུན་ལ་ཕྱོགས་ཆ་མེད་པའི་མོས་གདུངས་ཅན།། གང་ཡང་མཁའ་ཁྱབ་བསྟན་པ་ཀུན་ལ་ཉེ་རིང་མེད་པའི་ཕན་སེམས་ཅན།། གང་ཡང་སྔོན་བསགས་སྨོན་ལམ་གྱིས་གྲུབ་འབད་པ་མེད་པའི་ཕྲིན་ལས་ཅན།། ཞེས་དང་། ཨེ་མ་དུས་ཀྱི་མཐར་ལྷུང་བས།། ཕྱོགས་འཛིན་ཚུབ་མས་ཀུན་ཏུ་བསྐྱོད།། བཟོ་གནས་ཡིད་བདེའི་དཔལ་འཛིན་པ། ། ཨུ་དམ་མེ་ཏོག་ལྟ་བུར་སྣང་།། བསྟན་ལ་ཕྱོགས་རིས་མ་མཆིས་ཤིང་།། བསྟན་པ་འཛིན་ལའང་ཉེ་རིང་ཅི།། རང་གཞན་ཕྱོགས་སུ་འཛིན་པའི་ཆ།། རྡུལ་ཙམ་ཡིད་ལ་འཆང་མ་ལགས།། ཕ་ནི་ཡོངས་སུ་གསོ་བའི་ཕྱིར།། མ་དག་བཀུམ་པ་སྲིད་མིན་ལྟར།། རང་གི་བསྟན་པ་སྤེལ་བའི་ཕྱིར།། གཞན་གྱི་བསྟན་པ་ཇི་ལྟར་བཤིག ཅེས་དང་། ཆོས་ཚུལ་ཀུན་སྣང་དྭངས་པའི་ཡིད་ཀྱི་མཚོ།། མ་འདྲེས་གསལ་བའི་གཟུགས་བརྙན་བྱེ་བ་བརྒྱ།། འགལ་མེད་དད་མོས་སྣང་བའི་རང་བབས་ནི།། དཔྱོད་ལྡན་མིག་གི་གཟིགས་མོར་རྣམ་པར་བཀྲ།། ཞེས་རྣམ་མང་ཆོས་ཚུལ་ཀུན་ལ་དག་སྣང་དགོས་པ་དང་བསྟན་པ་ཡོངས་ལ་ཉེ་རིང་མེད་དགོས་པ། ལྷག་པར་དུ་ཡང་རང་གི་བསྟན་པ་སྤེལ་བའི་ཆེད་དུ་གཞན་གྱི་བསྟན་པ་བཤིག་པ་ནི་ཕ་གསོ་བའི་ཕྱིར་དུ་མ་བསད་པའི་དཔེ་རུ་གསུངས་པ་འདི་ལས། སྐྱེས་བུ་དམ་པ་ཁོང་གིས་རིས་མེད་བསྟན་པ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱས་ཡོད་པ་གསལ་བོ་རྟོགས་ཐུབ་པ་ཞིག་རེད། ད་དུང་ཡང་། རང་རྣམ་འདིའི་ཐོག་མཐའ་ཀུན་ཏུ། རྣམ་ཐར་འདིའི་སྤྱི་ཆིངས་ལྟ་བུ་དང་ཁོང་རང་ཉིད་ལ་དྲན་སྐུལ་བྱས་པའི་གསུང་ཚིག་འདི་ལྟ་བུ་ཡོད་དེ། རང་གཞན་གྱི་གྲུབ་མཐའ་ལ་མངོན་པར་ཞེན་པའི་བློ་འགོག་པའི་ཡི་གེ་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ཡིད་སྤྱོད་དང་བྲལ་བའི་མ་བཅོས་ཐ་མལ་པ། ཞེས་དང་། རང་རྒྱུད་གྲུབ་མཐའ་འཛིན་པ་གང་གིས་ཀྱང་མ་སླད་པའི་ཐ་མལ་པ་བྱ་བཏང་ཡན་པ་ཞེས་ཡང་དང་ཡང་དུ་གསུངས་པ་འདིས། རྗེ་བཙུན་ཆེན་པོ་འདིའི་སྐུ་ཚེའི་རྣམ་ཐར་ནང་རིས་མེད་གནང་སྟངས་གསལ་བོར་མཇལ་ཐུབ་པ་ཞིག་རེད། སྤྱིར་རིས་མེད་སྐྱེས་བུ་དམ་པ་ཞིག་གིས་ངེས་དོན་གྱི་རིས་མེད་གནང་སྟངས་དེ་དམ་པ་གང་དེས་རིས་སུ་མ་མཆིས་པའི་བླ་མ་སུ་སུ་བསྟེན་པ་དང་། ཟབ་ཆོས་གང་གང་ཞུས་ཡོད་པ་དེས་གསལ་བོར་ཤེས་ཐུབ་པ་ཞིག་རེད། དེ་ཡང་དམ་པ་འདིས་དུས་འཁོར་སྦྱོར་དྲུག་ཞུ་ཡུལ་ནི། རང་རྣམ་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་ལས། རྒྱུད་མ་ལུས་པའི་བླ་མ་དང་པོའི་སངས་རྒྱས་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དང་བཅས་པ་ཞུ་བའི་ཡུལ། དབུས་ནས་ལོ་པཎ་ཆེན་རྡོར་རྒྱལ་བ། བླ་མ་རིན་པོ་ཆེ་ཕྲ་རི་བ། ཆོས་རྗེ་མཁས་པའི་དབང་པོའི་དབོན། གཙང་ནས་ཇོ་ནང་མཁན་ཆེན་པ་ཀུན་དགའ་ལེགས་པ། ཏི་ཤྲཱི་རིན་པོ་ཆེ་ཤེས་རབ་བཀྲ་ཤིས། ལོ་ཆེན་རིན་ཆེན་བཟང་པོ་བདུན་ལ་ཟན་རིལ་ཇོ་བོའི་ཕྱག་ཏུ་ཕུལ་བས། ལན་གསུམ་བཏུད་མར་ལོ་ཆེན་ཉིད་བདག་གི་དངོས་གྲུབ་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་ཆེན་པོར་བསྙེམས་བྲལ་ཡིད་ཆེས་པར་ལུང་བསྟན་པ་ཅི་ནས་ཀྱང་མ་བརྗེད་པར་སྙིང་ལ་བཞག ཅེས་གསུངས་པ་བཞིན་དཔལ་ལྡན་ཇོ་ནང་བའི་སྦྱོར་དྲུག་བརྒྱུད་པའི་བླ་མ་དམ་པ་ལོ་ཆེན་རཏྣ་བྷ་དྲའམ་ལོ་ཆེན་རིན་ཆེན་བཟང་པོ་ལས། ཇོ་ཞལ་ཆུ་བོ་གཉིས་འདུས་ལས་བརྒྱུད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཐོག་མཐའ་བར་དགེ་སོ་སོ། ངོ་སྤྲོད་གཅེར་མཐོང་ངོ་ཤེས་དང་གསང་དོན་རབ་གསལ། པཎ་ཆེན་ནགས་རིན་གསུང་རྒྱུན་ཆོས་རྗེ་ཆོས་གྲགས་པས་མཛད་པ་སོགས། དུས་ཀྱི་འཁོར་ལོའི་ཆོས་སྐོར་ཡོངས་རྫོགས་ཞུས་ཤིང་། ཕྱིས་སུ་དཔལ་ཇོ་ནང་གི་གདན་ས་མཛད་ཚུལ་ནི། རང་རྣམ་དུ། མཚམ་གྲོལ་རྗེས་རང་ཇོ་ནང་གི་གདན་ས་ལ་འབོད་མིར་སྐུ་ཞང་རབ་བརྟན་པ་རྣམས་བྱོན་བྱུང་པས་རྟེན་འབྲེལ་ལྷག་པར་འགྲིག་ཅིང་ཁ་གཙང་རིལ་བུ་དུས་འཁོར་ལུགས་སུ་བསྒྲུབས་ཟེར་བའི་ལུང་བསྟན་ཡང་དུས་ཀྱི་འཁོར་ལོའི་ངེས་དོན་བདུད་རྩིའི་གཞན་ཕན་རྒྱ་ཆེན་ཡོང་བའི་ལྟས་སུ་གནང་སྙམ་པ་བྱུང་ཞིང་། ཇོ་ནང་པ་རང་གི་ཞུ་ཡིག་དང་གཡས་རུ་བྱང་ཚོ་ནས་གནང་བའི་ཕྱག་དམ་གཉིས་ཀ་མཐུན་པར་འདིར་སྒྲུབ་སྡེ་ཆེན་པོའི་གདན་སའི་འོས། རྗེ་རིན་པོ་ཆེ་ཤེས་རབ་བཀྲ་ཤིས་པའི་ཞལ་སྔ་ནས་དང་། ཚོགས་མཁན་ཆེན་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་དང་། བདག་ཅག་གསུམ། ཀུན་མཁྱེན་ཆེན་པོའི་སྐུ་འདྲའི་དྲུང་བརྟག་པ་ཞུ་བ་ལ་ཆོས་རྗེ་རྣམ་རྒྱལ་བ་གནང་དུས། བརྟག་པའི་ཤོག་རིལ་བདག་པའི་མིང་ལན་གསུམ་བཏུད་མར་ཐོན་མཚམས། ས་གཡོས་པའི་དབང་ལས་སྐུ་འབུམ་མཐོང་གྲོལ་གྱི་དྲིལ་བུ་ཀུན་ཀྱང་སིལ་གྱི་སྒྲའི་སྐད་གསང་ཐོན་པ་བྱུང་ཚུལ་སོགས་སྣང་བས་སྐད་ཐོན་པའི་ངེས་དོན་གྱི་བསྟན་པའི་འཕེལ་རྒྱས་རང་ལ་བསམས་ནས་ཁས་ལེན་བྱས་པའི་ཞུ་ཡིག་ཞུ་ལན་སོགས་འགོར་མེད་རང་དུ་བགྱིས། ཞེས་གསུངས་འདུག ཡོལ་ཕུའི་མགོན་པོ་རང་བྱོན་ལ་བརྟགས་པ་ཞུས་པས། རྒྱལ་སྒོམ་ལེགས་རྒྱལ་བ་ལུང་བསྟན་པ་བཞིན་ཞབས་ལ་གཏུགས། མགོན་པོའི་སྤྲུལ་པས་ཆོས་བདག་པོའི་ལག་ཏུ་སྤྲོད་གསུངས་པའི་ལུང་བསྟན་ལྟར་ནཻ་གུའི་ལུགས་སྲོལ་བཅུ་གཉིས་ཀྱི་ཆོས་སྐོར་མ་ཚང་བ་མེད་པར་གསན། གཞན་ཡང་ཇོ་ནང་ཆོས་འབྱུང་དུ་དམ་པ་འདིས་དངོས་ཀྱི་བླ་མ་མཁས་གྲུབ་བཞི་བཅུ་ཙམ་བསྟེན་ནས་མདོ་སྔགས་མཐའ་ཡས་པ་གསན་ཞེས་གསུངས་ནའང་། བླ་མ་དྲུག་ཅུ་རྩ་གཅིག་གི་མཚན་རྣམ་ཐར་རང་ན་ཐོན་འདུག་པས། དམ་པ་འདིས་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཧ་ཅང་མང་བོ་ཞིག་བསྟེན་པ་ཤེས་ཐུབ་ལ། བླ་མ་དེ་རྣམས་རེ་རེ་ནས་ཆོས་བརྒྱུད་གང་དང་གང་ཡིན་པ་གསལ་བོར་མ་ངེས་ནའང་། ཇོ་ནང་དང་། ཤངས་པ་བཀའ་བརྒྱུད། ས་སྐྱ་གསུམ་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་བརྒྱུད་ཆ་ཚང་གི་བླ་མ་ཡོད་པར་གསལ་ཏེ། ཇོ་ནང་ཆོས་འབྱུང་དུ། དབང་བཀའ་མན་ངག་སྐོར་ཐུགས་ལ་བཞུགས་རིམ། སྒྲོལ་མ་མགོན་པོའི་སྐོར། སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཆོས་སྐོར། སྒོམ་རིམ་པ་ནས་བརྒྱུད་པའི་གྲོལ་མཆོག་ཁྲིད་བརྒྱའི་སྐོར། བློ་སྦྱོང་སྐོར། སྙིང་པོ་དོན་གསུམ། སེམས་ཉིད་ངལ་གསོ། ཐིག་ལེ་བཅུ་དྲུག ཤེར་ཕྱིན་བཀའ་བབས་དྲུག་པ། ཞི་བྱེད་ལམ་ལྔ། བྱམས་ཆོས་སྡེ་ལྔ། ཀྱཻ་རྡོར་འཁོར་ཆེན་བསྐྱེད་རྫོགས། དུས་འཁོར་མན་ངག སྦྱོར་དྲུག ལམ་འབྲས། གསང་འདུས་རིམ་ལྔ། བདེ་མཆོག རྡོ་རྗེ་གདན་བཞི། ནཱ་རོ་ཆོས་དྲུག ནཻ་གུ་ཕྱག་ཆེན་གའུ་མ་སོགས་དབང་ལུང་མན་ངག་བརྒྱ་རྩ་བརྒྱད་ཀྱིས་མཚོན། ཇོ་ནང་། ཤངས་པ། ས་སྐྱ་སོགས་ཀྱི་དབང་བཀའ་མང་པོ་དང་། ཚེ་དབང་འཆི་མེད་དཔལ་སྟེར་སོགས་རྙིང་ཕྱོགས་ཀྱི་ཆོས་སྐོར་དང་བཅས་ཟབ་ཆོས་ཀྱི་མཛོད་ཆེན་པོར་བཞུགས། ཁྱད་པར་དུ་ཡང་གངས་ཅན་རྒྱལ་པཎ་ཟུང་གི་ཡ་གྱལ་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་ལན་གཉིས་མཇལ་བས་དང་པོའི་སྐབས་འབེལ་གཏམ་དང་ཕན་ཚུན་ཐུགས་མཉེས་མཛད། རྗེས་མཇལ་དུས་ཆོས་འབྲེལ་བཀའ་གདམས་ནོར་ཕྲེང་གི་རྩ་བའི་ལུང་ཞུས་པ་དང་། བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་བསྟན་པས་ཀྱང་བསྙེན་བཀུར་ཚད་མེད་མཛད་པ་སོགས་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་བླ་མ་དམ་པ་རྣམས་ལས་དབང་ལུང་ཁྲིད་གསུམ་ཆེས་མང་བོ་གསན་ཅིང་གཞན་ལ་སྤེལ་བ་སོགས་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་དོན་གྱིས་བཞུགས་པ་ཡིན་ནོ།། དེ་བས་ན་དམ་པ་འདི་ལྟ་བུ་ནི་ངེས་དོན་གྱི་རིས་མེད་ཉམས་སུ་ལེན་མཁན་ཞིག་ཡིན་པས་ཕྱིར་ན། རང་ཅག་ཁོང་གི་རྗེས་འཇུག་ཏུ་ཁས་འཆེ་བ་ཚོས་ནི་རྗེ་བཙུན་ཁོང་ཉིད་ངའི་ཆོས་བརྒྱུད་དང་ཁོའི་ཆོས་བརྒྱུད་ཡིན་ཞེས་རིས་སུ་གཅོད་པའི་ཀུན་སློང་གིས་ཕན་ཚུན་ལ་དོན་མེད་དུ་ཆགས་སྡང་འདྲེན་པ་ནི་ནམ་ཡང་མི་འོས་སོ་ཞེས་ཡང་ཡང་ཞུས་པ་ལགས།
གསུམ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་ཚེའི་མཛད་པ་གཞན།
དེ་ལྟར་རྗེ་བཙུན་བླ་མ་ཀུན་དགའ་གྲོལ་མཆོག་ནི་སྐུ་ཚེ་སྟོད་དུ་ཐོས་བསམ་གནད་དུ་སྨིན་པ་མཛད་ནས་རྒྱལ་བསྟན་སྤྱི་ལ་མཛད་རྗེས་ཆེས་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ། དཔེར་ན་ཇོ་ནང་ཁྲིད་བརྒྱ་ཞེས་ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་དེ་ཡང་ད་ལྟའང་རང་ཅག་རིས་སུ་མ་མཆིས་པའི་བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད་པ་དེ་དང་། སྐུ་ཚེ་སྨད་དུ་ཇོ་ནང་གི་གདན་ས་མཛད་པ་དང་། ཆོས་ལུང་བྱང་རྩེ་བཏབ་ནས་སྒྲུབ་སྡེ་གཙོ་བོ་མཛད་ཅིང་། བར་སྐབས་ཤིག་ནས་མཛད་འཕྲིན་ཆེས་ཆེར་རྒྱས་ཏེ་དབུས་གཙང་མངའ་རིས་སོགས་སྟོད་སྨད་ཀྱི་ཆེ་རྒུ། བྱང་བདག་ངག་དབང་རྣམ་རྒྱལ་བཀྲ་ཤིས་སྟོབས་རྒྱས། རིན་སྤུངས་ཆོས་རྒྱལ་ངག་གི་དབང་ཕྱུག འཇིག་རྟེན་མགོན་པོ་གྲགས་པ་རྡོ་རྗེ། རྒྱལ་པོ་ལྷ་སྲས་ཉིན་བྱེད་དབང་བོ། རྡོ་རྗེ་གདན་གྱི་ཁུ་དབོན་རྣམས་དང་། ཡར་འབྲོག་ཁྲི་དཔོན་བསྟན་འཛིན། སྡེ་བ་ཀུན་སྤངས་དྲུང་། སྡེ་བ་འཕྱོང་རྒྱས་པ། རྣམ་སྲས་གླིང་བ། སྡེ་བ་རྣམ་རྒྱལ་རབ་བརྟན། རྒྱལ་རྩེའི་ཡུམ་མངའ་བདག་རྒྱལ་མོ་སོགས་ཆེ་རྒུ་ཀུན་ཀྱིས་དབུ་བླར་བཀུར་བར་བརྟེན། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། རྩེ་ཆེན། ངམ་རིང་སོགས་དགོན་སྡེ་མང་པོས་ཆོས་ཁྲིར་འཁོད་ཀྱང་བྱ་བཏང་ཡན་པ་བློ་བདེ་བྱས་ནས་དགོན་སྡེའི་ཞལ་འཛིན་ཆེར་མ་མཛད་དེ་རྣལ་འབྱོར་རང་ས་འཛིན་དུས་སེམས་ཀྱི་མདུད་གྲོལ་ཞེས་པའི་མཚན་ཐོགས་ལ། བྱ་བཏང་ཀུན་སྤངས་ཁོ་ནར་ཐུགས་ཤིན་ཏུ་དགྱེས་པར་གསལ་ཏེ། རང་རྣམ་དུ། གཞོན་ནུའི་རང་བཞིན་བྱིས་པའི་རང་ཉམས་ཀྱིས།། ཆོས་བརྒྱད་ཟོལ་ལ་བརྟེན་པའི་སྒེག་ཆོས་ལས།། རིང་དུ་སོན་པའི་མང་ཐོས་དྲང་སྲོང་བདག། ཆགས་མེད་བས་མཐའི་གནས་ལ་ཡིད་རབས་འཕྱོ།། ཞེས་གསུངས་པ་ལྟར་མི་ཆེན་གྱི་དབུ་བླ་དང་དགོན་སྡེའི་ཞལ་འཛིན་ཆེར་མ་མཛད་པར་བྱ་བཏང་ཀུན་སྤངས་རྣལ་འབྱོར་བའི་རྣམ་ཐར་བདག་གིར་བཞེས་ནས་རིས་མེད་རྒྱལ་བའི་བསྟན་པ་འབའ་ཞིག་ཉམས་བཞེས་གནང་བའི་སྐུ་ཚེའི་རྣམ་ཐར་འདིས། རང་ཅག་སྟེ་ཁོང་གི་རྗེས་འཇུག་ཇོ་ནང་པ་གཙོ་བོར་གྱུར་བའི་ཆོས་བརྒྱུད་སྤྱི་ཡི་གཟུར་གནས་བློ་ལྡན་ཡོངས་ཀྱིས་སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་རྒྱུ་གནད་ཀྱི་དམ་པ་ཡིན་ནོ།། ད་དུང་ཡང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནང་རང་ཅག་གདུལ་བྱའི་ཉམས་ལེན་ལ་འཁྱེར་དགོས་པའི་རྣམ་ཐར་ཞིག་ཡོད་པ་ནི། ཁོང་གིས་སྐུ་ཚེ་གང་བོར་ཤ་མི་བཞེས་པའི་དམ་བཅའ་མཛད་པ་དེ་རེད། དེའི་ཚུལ་ཡང་རང་རྣམ་ལས། གཤིན་རྗེའི་སྐྱེས་བུའི་གྲོང་ལྟར་རབ་འཇིགས་པའི།། རྔུལ་ཅན་བཞིན་རས་ཁྲོས་པའི་གདངས་མིག་བགྲད།། བརྩེ་མེད་ཤན་པའི་ཚོགས་ཀྱི་ཉེས་མེད་པའི།། ལུག་ཁྱུའི་ནང་ནས་བཟུང་སྟེ་གསོད་པར་བྱེད།། རིག་རིག་མིག་གིས་གདོང་ལ་ཆེར་ཅེར་ལྟ།། གུམ་པར་སྔོན་དུ་ཕྱོགས་ནས་སྨྲ་བ་ཡང་། །སྐད་ཅིག་དེ་ལ་སྙུང་བསྣུན་དེ་མ་ཐག། པགས་པ་བཤུས་ནས་ཤ་ཁྲག་ཚོམ་བུར་བཀོད།། གཅེས་པའི་དོན་སྙིང་ནང་རོལ་རྒྱུ་མ་སོགས།། མགོ་བོ་ཡན་ལག་ལྷུ་ཚིགས་སོ་སོར་ཕྱེ།། ཤ་ཁྲག་དྲོན་མོ་ཁ་རུ་འཇུག་བྱེད་པའི།། སྲིན་པོའི་གྲོང་གི་མཐའ་སྐོར་ཁོ་ནར་མཐོང་།། སྐྲག་དང་ངེས་འབྱུང་ཕན་ཚུན་འགྲན་ཚུལ་གྱིས། །རིང་པར་ཕྱིན་ནས་པུས་བཙུགས་ཐལ་སྦྱར་ཏེ། །བཞིན་རས་མཆི་མས་བརླན་ནས་དེ་མ་ཐག། ཤ་མི་ཟ་བའི་དམ་བཅའ་དྲག་པོ་བླངས།། ཞེས་དམ་པ་གང་ཉིད་ཀྱིས་སྐུ་ཚེ་གང་བོར་དཀར་ཟས་ཁོ་ན་གསོལ་བའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས་ཤིང་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པར་བསྟན་འགྲོའི་བསོད་ནམས་ཟད་མི་ཤེས་པའི་དཔལ་དུ་སྐུ་ཚེ་ཧྲིལ་བོར་གཞོལ་བ་ཡིན་ནོ།།
བཞི་བ། མཇུག་བསྡུ་བ།
མཇུག་མཐར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་རང་གི་ཞལ་ནས་གསུངས་པའི་བསྟན་པ་རིས་མེད་གནང་དགོས་པའི་བཀའ་སློབ་དང་སྡོམ་ཚིག་ཤིན་ཏུ་སྙན་པོ་ཞིག་གིས་རྩོམ་ཐུང་འདིའི་མཇུག་བསྡུ་བར་བྱའོ།།གང་ཡང་རྣམ་མང་ཆོས་ཚུལ་ཡོངས་ལ་སྡང་སེམས་མེད་པའི་ལྷག་བསམ་ཅན།།གང་ཡང་བསྟན་འཛིན་སྐྱེས་བུ་ཀུན་ལ་ཕྱོགས་ཆ་མེད་པའི་མོས་གདུངས་ཅན།།གང་ཡང་མཁའ་ཁྱབ་བསྟན་པ་ཀུན་ལ་ཉེ་རིང་མེད་པའི་ཕན་སེམས་ཅན།།གང་ཡང་སྔོན་བསགས་སྨོན་ལམ་གྱིས་གྲུབ་འབད་པ་མེད་པའི་ཕྲིན་ལས་ཅན།།
ཨེ་མ་དུས་ཀྱི་མཐར་ལྷུང་བས།།ཕྱོགས་འཛིན་ཚུབ་མས་ཀུན་ཏུ་བསྐྱོད།།བཟོ་གནས་ཡིད་བདེའི་དཔལ་འཛིན་པ། །ཨུ་དམ་མེ་ཏོག་ལྟ་བུར་སྣང་།།བསྟན་ལ་ཕྱོགས་རིས་མ་མཆིས་ཤིང་།།བསྟན་པ་འཛིན་ལའང་ཉེ་རིང་ཅི།།རང་གཞན་ཕྱོགས་སུ་འཛིན་པའི་ཆ།།རྡུལ་ཙམ་ཡིད་ལ་འཆང་མ་ལགས།།ཕ་ནི་ཡོངས་སུ་གསོ་བའི་ཕྱིར།།མ་དག་བཀུམ་པ་སྲིད་མིན་ལྟར། །རང་གི་བསྟན་པ་སྤེལ་བའི་ཕྱིར།།གཞན་གྱི་བསྟན་པ་ཇི་ལྟར་བཤིག།བདག་ནི་འདི་ནས་བྱང་ཆུབ་སྙིང་བོའི་བར།།ཕྱོགས་རེའི་མིག་ཅན་ཆོས་སྤོང་ཁུར་ལེན་པའི།།བསྟན་པའི་ཆོམ་རྐུན་ཉིད་དུ་མ་གྱུར་ཅེས། །དག་པའི་སྨོན་ལམ་སྙིང་ནས་འདེབས་པ་ལགས།།
ཞེས་དམ་པ་འདི་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པ་དཔལ་ལྡན་ཇོ་ནང་བའི་གསེར་བསྟན་རིན་པོ་ཆེ་འཛིན་ཅིང་སྤེལ་བའི་གྲལ་མཐར་སྐྱེས་པ་ཀུན་དགའ་ཚེ་དབང་རིག་འཛིན་དུ་འབོད་པས་དམ་པ་གང་གི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་དང་དེའི་ཟུར་འདེབས། རྣམ་ཐར་ཡང་རྒྱན་ནོར་བུའི་ཕྲ་བཀོད། རྣམ་ཐར་སྤེལ་རྒྱན་ནོར་བུའི་དོ་ཤལ། རྣམ་ཐར་མཚར་རྒྱན་སོགས་དང་། ཇོ་ནང་ཆོས་འབྱུང་། ཇོ་ནང་ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་སོགས་ལ་ཁུངས་བཅོལ་ནས་མདོ་སྨད་ཇོ་ནང་བའི་ཆོས་སྡེ་ཆེན་མོ་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་ངེས་དོན་དགའ་ཚལ་གླིང་དུ་མཇུག་གྲུབ་པར་བྱས།
ནང་དོན་ཡོངས་ཁུངས། ཀ་ལཱ་པའི་གྲོང་།