དེ་ཡང་དཔལ་རྒྱལ་བ་ཇོ་ནང་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ ༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ལོ་ངོ་ཧྲིལ་བོ་གཉིས་ལྷག་གི་རིང་ཐའེ་ཝན་དུ་བཞུགས་ནས་ཆོས་ཕྱོགས་ཀྱི་མཛད་རིམ་རྒྱ་ཆེར་བསྐྱངས་གནང་རྗེས།
མི་འགྱང་བར་འཕགས་ཡུལ་དུ་འཚོགས་ལ་ཉེ་བའི་༼ ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ ༽ སོགས་མཛད་འཕྲིན་ཁག་གི་ཆེད་དུ། ཕྱི་ཟླ་དྲུག་པའི་ཚེས་དྲུག་གི་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུ་ང་ལྔའི་ཐོག ཕྱིར་བཞུགས་སྒར་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་ཞབས་སོར་བསྐྱངས་ཟིན་པ་དང་། སྐབས་དེར་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་བདུད་འདུལ་རྡོ་རྗེ་མཆོག་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་དགེ་བཤེས་གངས་རི་སོགས་དང་། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་དབུས་རྒྱུན་རྣམ་པ་དང་། ཇོ་ནང་དུས་འཁོར་གྲྭ་ཚང་གི་མཆོག་སྤྲུལ་རིན་པོ་ཆེས་གཙོས་དགེ་འདུན་པ་ཡོངས་དང་། དེ་བཞིན་འབྲེལ་ཡོད་ཀྱི་དགོན་ཁག་རྣམས་དང་། དད་ལྡན་མི་མང་བཅས་ཀྱིས་བཀྲ་ཤིས་ཆར་འབེབས་ཀྱི་རྟེན་འབྲེལ་ཕེབས་བསུའི་གཟབ་རྒྱས་ཀྱི་སྒོ་ནས་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དུ་ཞབས་སོར་འཁོད་ནས་དད་ལྡན་སློབ་འབངས་སེར་སྐྱ་ཡོངས་ཀྱིས་རིན་པོ་ཆེ་མཆོག་གི་སྐུ་ཚེ་མི་ཤིགས་རྟག་བརྟན་གཡུང་དྲུང་གི་ཚུལ་དུ་བཞུགས་སླད་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་ལམ་ནས་བརྟན་བཞུགས་ཕུལ་བ་དང་། ཞལ་མཇལ་བྱིན་རླབས་གནང་བ་སོགས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ད་ལྟའི་ཆར་ཉིད་ཀྱི་གཟིམ་ཤག་ཏུ་སྐུ་ངལ་གསོ་ཞོར་ལྷོད་བཞུགས་གནང་བཞིན་པ་རེད་འདུག
ཞེས་ཇོ་ནང་དུས་འཁོར་གྲྭ་ཚང་གི་ཡིག་ཚང་ནས།
ཕྱི་ལོ་ ༢༠༢༢ སྤྱི་ཟླ་ ༠༦ ཚེས་ ༠༦ ཉིན་གྱི་དགོང་དྲོར་ཕུལ།