སྐལ་བཟང་ལེགས་སྐྱེས།

ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་ལ་སྐལ་བཟང་ལེགས་སྐྱེས་ཕུལ་བ།


སྐལ་བཟང་ལེགས་སྐྱེས།
ཕྱི་ལོ་༢༠༢༢ལོའི་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་དགེ་བཤེས་༧ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་ལ་ཐུབ་བསྟན་སྤྱི་དང་ཡང་སྒོས་རྒྱལ་བ་ཇོ་ནང་བའི་དགོན་སྡེ་མང་པོའི་བཤད་སྒྲུབ་ཀྱི་སྡེ་གསར་འཛུགས་དང་ཉམས་པ་སླར་གསོ་སོགས་ཇོ་ནང་བའི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་དན་རྟགས་སུ་རྒྱལ་བ་རྫོགས་ཆེན་དགོན་ནས་གསེར་གྱི་རྟགས་མ་དང་ཕྱག་ཁྱེར། དམངས་སྒོར་ཁྲི་བཅུ་སོགས་དམིགས་གསལ་སྐལ་བཟང་ལེགས་སྐྱེས་འབུལ་འདུག
公元2022年怙主佐钦白玛格桑法王八十大寿寿宴时,觉囊教法再弘者·尊贵的格西阿旺俄智华应邀出席了寿宴。寿宴当天,佐钦寺为了表彰并感恩格西仁波切历年来对佛教尤其对觉囊教法的复兴付出的重大贡献,授予了格西仁波切金奖杯一尊、人民币10万,以示感恩。

2022年8月8日

གསུང་རྩོམ་སྐོར།
རི་ཆོས་ངེས་དོན་རྒྱ་མཚོའི་བསྡུས་དོན་དང་། བཀའ་བསྡུ་བཞི་བའི་འགྲེལ་བ། བློ་རྟགས་བསྡུས་གསུམ། གྲུབ་དོན་ས་གསུམ། ཕར་ཕྱིན་མཐའ་དཔྱོད་པོད་སྟོད་སྨད་གཉིས། ཆོས་མངོན་པ་མཛོད་ཀྱི་དོགས་གཅོད། དྲང་ངེས་ལེགས་པར་རྣམ་པར་ཕྱེ་བ་རྒྱལ་བའི་དགོངས་པ། འདུལ་བའི་སྤྱི་དོན་མཐའ་དཔྱོད་ལུང་རིགས་གཏེར་མཛོད་པོད་སྟོད་སྨད་གཉིས། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་མཐོང་དོན་གྱི་སྡོམ་ཚིག དབུ་མ་འཇུག་པའི་ཚིག་དོན་ཟླ་བའི་དགོངས་རྒྱན་སོགས་པོད་ཆེན་ཉི་ཤུ་ལྷག་ལྗགས་རྩོམ་གནང་ནས་ངེས་དོན་འཁོར་ལོ་ཐ་མའི་གསུང་སྒྲོས་དང་རང་ལུགས་དྲི་མ་མེད་པའི་འཛིན་མཚམས་དང་བཞེད་ཚུལ་ལུང་རིགས་མན་ངག་གསུམ་གྱིས་གསལ་བར་རྩལ་འདོན་བྱས་ཤིང་། ད་ལྟའི་ཆར་སྤྱིར་དམ་པ་གང་ཉིད་ཀྱི་ལྗགས་རྩོམ་ཡོངས་རྫོགས་དང་ཁྱད་པར་དེའི་ནང་ནས་ཀྱང་གྲུབ་དོན་ས་གསུམ་དང་། བློ་རྟགས་བསྡུས་གསུམ། དབུ་ཕར་མཛོད་འདུལ་སོགས་རྒྱལ་བ་ཇོ་ནང་བའི་དགོན་སྡེ་སློབ་གཉེར་རྐང་ཚུགས་པ་ཕལ་ཆེར་གྱི་ཐོས་བསམ་གྱི་སྦྱང་གཞིའི་བསླབ་དེབ་ཡིག་ཆ་གཙོ་བོར་ཆགས་ཡོད།

དཔེ་ཁྲིད་མཛད་རིམ་གྱི་སྐོར།
དགེ་བཤེས་ཡིད་བཞིན་ནོར་བུས་ཇོ་ནང་དགོན་སྡེ་ཕལ་མོ་ཆེ་དང་གཞན་དགེ་ལྡན་པའི་གདན་ས་འབྲས་སྤུངས་སོགས་དང་སྔ་འགྱུར་རྙིང་མའི་ཀ་ཐོག་དགོན་དང་མི་ཉག་དགོན་ཆེན་སོགས་དང་། བཀའ་བརྒྱུད་པའི་ལྷོ་བྲག་གྲོ་བོ་ལུང་དང་ཁམས་གོ་ཆའི་དགོན་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་གང་མང་དུ་སྤྱིར་ལོ་སུམ་ཅུ་ཡས་མས་བར་ལ་དཔེ་ཁྲིད་མཛད་ཅིང་། འཕགས་ཡུལ་ནས་བོད་ལ་ཕེབས་ནས་ད་ལོའི་བར་ལོ་བཅུ་དགུའི་བར་ལ་དཔེ་ཁྲིད་མཛད། དེ་ཡང་ཕར་ཕྱིར་ཉ་ཊཱིཀ་ཚར་༨དང་། ཕར་ཕྱིན་མཐའ་དཔྱོད་ཚར་༥སོགས་ཕར་ཕྱིན་གྱི་གཞུང་ལུགས་ཆེ་ཆུང་དག་ཚར་༢༠ལྷག་དང་། ཐེག་མཆོག་དབུ་མའི་ཟིན་བྲིས་ཚར་༨དང་། དབུ་མ་ལུང་རིགས་སྒྲོན་མེ་ཚར་༧་དང་། རྒྱུད་བླ་མ་རྩ་འགྲེལ་ཚར་༤་དང་། དབུ་མ་ངེས་ཤེས་སྒྲོན་མེ་སོགས་དབུ་མའི་གཞུང་ལུགས་ཆེ་ཆུང་དག་ཚར་༣༠ལྷག་དང་། མཛོད་རྩ་འགྲེལ་གྱི་གཞུང་ལུགས་དག་ཚར་༧ལྷག་དང་། མཚོ་ཊཱིཀ་སོགས་འདུལ་བའི་གཞུང་ཆེན་དག་ཚར་༦དང་སྡོམ་གསུམ་སྐོར་གྱི་གཞུང་ལུགས་དག་ཚར་༡༣ ལྷག་དང་། བསྡུས་རྟགས་བློ་གསུམ་དང་། གྲུབ་དོན་ས་གསུམ་དག་ཚར་ཉི་ཤུ་ཉི་ཤུ་ལྷག་དང་། སྦྱོར་དྲུག་སྤྱི་དོན་ཚར་༩དང་། དུས་འཁོར་བསྐྱེད་རིམ་ཚར་༦སོགས་གསང་བ་སྔགས་ཀྱི་གཞུང་ལུགས་ཆེ་ཆུང་དག་ཚར་༢༠ལྷག་དང་། ཆོས་བརྒྱུད་རིས་མེད་ཀྱི་ལམ་རིམ་བློ་སྦྱོང་སྐོར་གྱི་གཞུང་ལུགས་ཆེ་ཆུང་དག་ཚར་༡༠༠ལྷག་དང་། དེང་སྐབས་རིས་མེད་མཐོ་སློབ་ནས་ཉིན་གཉིས་ཀྱི་ཡུན་ལ་འཛིན་གྲྭ་བཅུ་བཞིའི་དཔེ་ཁྲིད་མཛད་ནས་ལོ་རྟག་པར་བཀའ་པོད་ལྔ་སྔགས་དང་བཅས་པའི་དཔེ་ཁྲིད་དང་། ཞར་བྱུང་དུ་སུམ་རྟགས་དག་གསུམ། དཀར་ནག་རྩིས་ཀྱི་གཞུང་དང་། སྒྲ་དང་། དུས་ཀྱི་འཁོར་ལོའི་ཐིག་ཡིག་སོགས་ཀྱི་དཔེ་ཁྲིད་མཛད་པས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱས་པའི་མཛད་རྗེས་བླ་ན་མེད་པའོ། །

བགྲོ་གླེང་གསར་འཛུགས་གནང་བ།
དེ་ནས་ཁོང་རིན་པོ་ཆེས་རྒྱལ་བ་ཇོ་ནང་པའི་བསྟན་པའི་འཕེལ་འགྲིབ་ལ་དམིགས་ཏེ་གཞན་སྟོང་བགྲོ་གླེང་ཆེན་མོ་གསར་འཛུགས་གནང་སྟེ། བགྲོ་གླེང་དེའི་ཚོགས་གཙོའི་འགན་ལོ་དྲུག་ལ་བཞེས་ནས་ཇོ་ནང་པའི་སློབ་གཉེར་བ་ཡོངས་ལ་སློབ་སྦྱོང་གི་ཐད་ཕན་འབྲས་རྒྱ་ཆེན་བྱུང་། དེ་རྗེས་བགྲང་བྱ་དུ་མར་ཚད་མའི་བགྲོ་གླེང་བཙུགས་ཏེ་ཇོ་ནང་གི་དགོན་སྡེ་སོ་སོའི་སློབ་གཉེར་བ་བརྒྱ་ཕྲག་མང་པོ་འདུས་པ་ལ་བསྡུས་རྟགས་བློ་གསུམ་དང་རྣམ་འགྲེལ་སོགས་ཀྱིས་མཚོན་པའི་ཚད་མ་དང་དབུ་ཕར་སོགས་གཞུང་ཆེན་ཁག་གི་འཆད་ཁྲིད་གནང་། ༢༠༡༩ལོ་ནས་འཛིན་གྲྭ་སོ་སོས་སྦྱང་བྱའི་གཞུང་རང་ལ་ངེས་ཆ་གཏོང་ཆེད་བརྒྱད་པའི་དམ་བཅའ་ཆེན་མོ་གསར་འཛུགས་གནང་། ༢༠༢༡ལོ་ནས་རིས་མེད་ཀྱི་དགེ་བཤེས་དང་མཁན་པོ་རྣམས་ལ་ཆེད་དུ་དམིགས་ཏེ་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་གི་དབུ་བཙུགས་ནས་ལོ་རེ་བཞིན་ཆོས་བརྒྱུད་རིས་མེད་ཀྱི་དགེ་བཤེས་དང་མཁན་པོ་བརྒྱ་ཕྲག་ལ་ཉེ་བ་འདུས་ཏེ་འདུལ་བ་དང་དབུ་མ་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་དཔྱད་རྩོམ་དམ་བཅའ་ཕུལ་ནས་བགྲོ་གླེང་ཟབ་རྒྱས་འཚོག་གིན་ཡོད།

བཤད་གྲྭ་གསར་འཛུགས།
ཁོང་གདན་ས་འབྲས་སྤུངས་ནས་ཕྱིར་རྩ་བའི་གདན་ས་ཨ་སྐྱོང་དགོན་སོགས་སུ་ཕེབས་ཏེ། མགོ་ལོག་ཕྱོགས་ནས་ཨ་སྐྱོང་དགོན་དང་ལྕམ་མདའ་དགོན། མདོ་ལིའི་རྡོ་ཁ་དགོན་དང་། ལུང་སྐྱ་དགོན་སོགས་ལ་རྩོད་གྲྭ་གསར་འཛུགས་གནང་། དེའི་ཕྱིས་སུ་ཛམ་ཐང་གཙང་བ་དགོན་དུ་ཕེབས་ཏེ་མདོ་སྔགས་སློབ་གླིང་གི་མཁན་རབས་དང་པོའི་འགན་བཞེས་ཏེ་གཙང་བ་དགོན་དང་ཆོས་རྗེ་དགོན་གཉིས་ཀར་རྩོད་གྲྭ་གསར་འཛུགས་གནང་། དེའི་རྗེས་སུ་ཛ་འགོའི་རི་ཁྲོད་དུ་ཕེབས་ནས་རྒྱལ་རོང་གི་སློབ་གཉེར་བས་གཙོས་པའི་ཆོལ་ཁ་གསུམ་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་སྟེ། དགོན་པ་དེར་རྩོད་གྲྭ་གསར་འཛུགས་གནང་། དེའི་རྗེས་སུ་བཀྲ་ཤིས་ཆོས་ཐང་དགོན་དུ་ཕེབས་ནས་རྩོད་གྲྭ་གསར་འཛུགས་གནང་། དེའི་རྗེས་ནས་ཉིན་ཡུལ་ཇོ་ནང་དགོན་དུ་ཕེབས་ནས་རྩོད་གྲྭ་གསར་འཛུགས་གནང་། དེའི་རྗེས་སུ་རྔ་བ་བསེ་དགོན་པར་བྱོན་ནས་རྩོད་གྲྭའི་རྨང་བཙུགས་ཏེ་ད་ལྟ་དགོན་པ་དེ་དག་གིས་མཚོན་པའི་ཇོ་ནང་བའི་དགོན་སྡེ་ཁག་གི་བཤད་གྲྭ་རྣམས་སུ་ཁོང་རིན་པོ་ཆེའི་སློབ་མ་རྣམས་ཀྱིས་འཆད་ཉན་རྒྱུན་བསྐྱངས་ནས་དམ་པ་ཁོང་གི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བཞིན་པ་ལགས།

མཁན་པོ་དང་རབ་འབྱམས་པ་དང་སྐྱོར་དཔོན་སོགས་ཤེས་ཡོན་པའི་སྡེ་གསོ་སྐྱོང་གནང་བའི་མཛད་རྗེས་བསྐོར།
དེ་ཡང་རྩ་བའི་ཆ་རྐྱེན་གཙོ་བོ་མི་གཞིའི་ཀུན་སྤྱོད་ལེགས་པ་དང་ནང་ཆོས་ལ་ཁ་ཕྱོགས་བརྟན་པོ་ཡོད་པ་བཀའ་པོད་ལྔ་རྫོགས་པའམ་རྫོགས་ལ་ཉེ་བའི་སྟེང་ནས་གཞན་ལ་སྣེ་ཁྲིད་དང་འཆད་ཁྲིད་བྱེད་ནུས་པའི་ཤེས་ཡོན་གྱི་ཚད་གཞི་ལོན་དགོས་པ་སོགས་གཞིར་བཟུང་ནས་ད་སྔ་ཡན་ཆད་ལ་ཚད་ལྡན་གྱི་མཁན་པོ་ལྔ་བཅུ་ཡས་མས་ལ་མཁན་པོའི་ཡོན་གནས་སམ་མཁན་པོའི་མཚན་རྟགས་གསོལ། དེར་ཇོ་ནང་རྙིང་མ་ས་སྐྱ་སྟེ་ཆོས་བརྒྱུད་གསུམ་དང་དགོན་སྡེ་བཅུ་དགུ་དང་ཛམ་ཐང་རྔ་བ་མགོ་ལོག་རྒྱལ་རོང་ཁམས་པ་སོགས་ཕྱོགས་སོ་སོའི་མཁན་པོ་ཡོད། ད་སྐབས་མཁན་པོ་རྣམ་པས་ཀྱང་ཁོང་གི་ཐུགས་དགོངས་ལྟར་སོ་སོ་མཚར་ལོངས་བྱུང་སའི་མ་ཡུམ་སློབ་གླིང་དང་དགོན་སྡེ་སོ་སོར་དཔེ་ཁྲིད་ཀྱི་འགན་གཙོ་བོར་བཞེས་ནས་བསྟན་འགྲོར་ཕན་པའི་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་མཆིས་སོ།། དེ་བཞིན་དུ་མ་འོངས་པར་བསྟན་འགྲོར་ཕན་པའི་རེ་བ་ཅན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་གཉེར་བ་རྩེ་གྲས་ཀྱི་རིགས་རབ་འབྱམས་པ་དང་སྐྱོར་དཔོན་བརྒྱ་ཕྲག་གཉིས་ལ་ཉེ་བ་ལ་རབ་འབྱམས་པ་དང་སྐྱོར་དཔོན་གྱི་ཡོན་གནས་སྤྲད་དེ་སྐྱེད་སྲིང་བྱས་ཡོད། མ་ཟད་རང་རེའི་ཆོས་བརྒྱུད་དུ་སྔར་བྱུང་མ་མྱོང་བའི་དམ་བཅའ་ཆེ་ཁག་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་དང་སྔགས་ཀྱི་དམ་བཅའ་དང་པོད་ལྔའི་མཐར་ཕྱིན་དམ་བཅའ་དང་ཕར་ཕྱིན་དམ་བཅའ་ཆེན་མོ་སོགས་གསར་དུ་བཙུགས་ནས་འཛིན་གྲྭ་སོ་སོས་དམ་བཅའ་ཁག་གྲུབ་པ་ན་གཟེངས་རྟགས་དང་ཕྱག་ཁྱེར་བཅས་སྤྲད་པའི་ལམ་སྲོལ་བཟང་བོ་བཏོད་དེ་སློབ་སྦྱོང་ཡར་སྐུལ་དང་སློབ་གཉེར་མཐར་ཕྱིན་པ་ཡོང་ཐབས་སུ་མཛད་རྗེས་བླ་མེད་བཞག དེ་ཡང་མདོ་སྔགས་རབ་འབྱམས་པའི་དམ་བཅའ་ཐེངས་གསུམ། པོད་ལྔའི་དམ་བཅའ་ཐེངས་གསུམ། སྔགས་ཀྱི་དམ་བཅའ་ཐེངས་གསུམ། ཕར་ཕྱིན་དམ་བཅའ་ཐེངས་དགུ་བཅས་སྔར་གྲུབ་ཟིན་པ་ལགས་སོ།།

སྐད་ཡིག་སོགས་ལ་ཕྱག་ལས་གནང་བའི་སྐོར།
སྐད་ཡིག་ཕྱོགས་ལ་མཛད་རྗེས་རླབས་ཆེན་གྱི་ཕྱག་ལས། ཨ་སྐྱོང་ཡར་ཐང་དགོན་དུ་བསྟན་དགོན་གྱི་རྩ་བ་གྲྭ་རྒྱུན་སློབ་གྲྭ་གསར་འཛུགས་དང་། དེ་བཞིན་དུ་གདོང་སྐོར་དགོན་པ། མགོ་ལོག་ལྕམ་མདའ་དགོན། མདོ་ལིའི་རྡོ་ཁ་དགོན། མདོ་སྨད་ཇོ་ནང་གི་མ་དགོན་ཛཾ་ཐང་ཆོས་རྗེ་དགོན་རྣམས་སུ་མི་རིགས་སྐད་ཡིག་དང་གྲྭ་རྒྱུན་སློབ་གྲྭ་གསར་འཛུགས་གནང་བར་མ་ཟད། ལྷག་པར་དུ་བོད་མི་རིགས་ཀྱི་སྐད་ཡིག་དང་གོམས་གཤིས་སོགས་ཉམ་རྒུད་དུ་འགྲོ་བཞིན་པའི་རྒྱལ་རོང་གི་ཡུལ་ལ་མཚོན་ན་དཔལ་འབྱོར་དང་ནུས་པ་སོགས་གང་ཐད་ནས་ཞན་པ་མང་བོ་ཞིག་ཡོད་སྟབས་དེང་གི་བསམ་བློ་བ་དང་ཤེས་ཡོན་པ་མང་བོ་ཞིག་གིས་གཟིགས་རྟོག་གནང་བའི་ཡུལ་ལས་འདས་པའི་གནས་སྟངས་ཤིག་ཆགས་འདུག ཡིན་ན་ཡང་ཁ་ཙམ་མིན་པར་དུས་རྟག་ཏུ་མི་རིགས་དང་ཆོས་ལུགས་ཀྱི་གནས་སྟངས་ལ་ཐུགས་ཁུར་རླབས་ཆེན་བཞེས་ཏེ། སྤྱི་ལོ། ༢༠༠༣ ལོར་རྒྱལ་རོང་ལྷ་ཡག་དགོན། ཙག་དགེ་བ་དགོན། རྒྱལ་རོང་ཁང་སར་དགོན། ཡོམ་འདུས་དགོན། ཡོང་འདུ་དགོན། པ་ལཱ་དགོན། ཡབ་བློ་དགོན། མཛོ་གུ། ས་ར་དགོན་དག་དགོན་སྡེ་སོ་སོ་ལ་སློབ་ཆུང་གསར་འཛུག་གནང་ནས་ད་ལྟའི་བར་དུ་དངོས་ཤུགས་བརྒྱུད་གསུམ་ནས་བདག་སྐྱོང་གནང་བས། ད་ལྟ་སྔོན་ཆད་དང་བསྡུར་ན་གྲྭ་བའི་གྲངས་ཀ་བོད་ཀྱི་སྐད་ཡིག་ཕྱོགས་གང་ཐད་ནས་ལྡབ་འགྱུར་གྱིས་གྲུབ་འབྲས་འབུར་ཐོན་ཡོང་ཡོད་པར་མ་ཟད། ༢༠༡༠ ལོར་ཛ་འགོ་རི་ཁྲོད་དུ་བྱོན་ཏེ་རྩོད་གྲྭ་གསར་འཛུག་གནང་ནས། རྒྱལ་རོང་ས་གནས་སོ་སོའི་གྲྭ་བ་ལྔ་བརྒྱ་ཙམ་ལ་ལོ་གསུམ་གྱི་བར་དུ་ཟླ་ཕོག་དང་ཟས་གོས། ཆོས་ཁྲིད་མཐའ་དག་གི་འགན་བཞེས་ནས་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་མང་པོ་གནང་སྟེ། རྒྱལ་རོང་བའི་གྲྭ་བ་དག་གི་ཀུན་སྤྱོད་དང་། བསམ་བློ་སོགས་སྔར་ལས་བདུན་འགྱུར་དུ་ཡར་རྒྱས་སུ་བཏང་བ་ཡིན། རྒྱལ་རོང་པཱ་ལ། ཡུལ་མགོ མཁོ་ཡག རྩེ་ལེ་སྒང་། གུར་སམ། ཅུང་ཟེ། ཁང་སར། བཙག སྣར་འདུ། བཙན་ལྷ། ཆུ་ཆེན་སོགས་ས་གནས་སོ་སོའི་མང་ཚོགས་ནང་དུ་སྐུ་དངོས་སུ་བྱོན་ནས་བདེ་ཆེན་ཞིང་སྒྲུབ་གསར་འཛུགས་དང་། ཡུལ་ཚོ་སོ་སོ་དང་། རི་ཁག་དང་ས་གནས་སོ་སོའི་མང་ཚོགས་རྣམས་ལ་ལོ་རེ་བཞིན་ཟླ་བ་གཉིས་ལྷག་རིང་སྐད་ཡིག་གི་གསབ་སྦྱོང་སློབ་གྲྭ་བཙུགས་ནས་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་ཡང་ནས་ཡང་དུ་གནང་བས། བོད་ཀྱི་སྐད་ཡིག་དང་། བོད་རིག་པ། བོད་བརྒྱུད་ནང་བསྟན། ཆོས་དང་རིག་གནས་གང་གི་ཕྱོགས་ནས་རྒྱལ་རོང་བ་དག་གི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

མི་སྣ་བསྐྱེད་བསྲིངས།
སྤྱིར་ནི་གཞི་བྱེས་ཀྱི་གདན་ས་མང་པོར་ཁོང་གིས་བསྐྱེད་བསྲིངས་བྱས་པའི་སློབ་མ་ཧ་ཅང་མང་བར་མ་ཟད། ཁོང་གི་མདུན་ནས་སློབ་ཐོན་བྱུང་ནས་མཁན་པོར་མཚན་གནས་བསྩལ་བ་དྲུག་ཅུ་ཡས་མས་དང་། རབ་འབྱམས་པ་དང་དགེ་རྒན་བརྒྱ་ཕྲག་གཉིས་ལ་ཉེ་བ། མདོ་སྔགས་རིག་གནས་དང་བཅས་པ་མཐའ་དག་མཐར་ཕྱིན་གྱི་བཀའ་བཅུའི་དགེ་བཤེས་སུམ་ཅུ་ཙམ། སྐྱོར་དཔོན་ནས་བཟུང་སྟེ་མཁན་པོ་དང་དགེ་བཤེས་ཀྱི་བར་ད་ལྟའི་ཆར་གཞན་ལ་སློབ་ཁྲིད་དངོས་སུ་བྱེད་བཞིན་པའི་མི་སྣ་ཉིས་བརྒྱ་ལས་བརྒལ་བ་སོགས་སློབ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བཀྲམ་པ་ལགས་སོ། །

ཕྱོགས་སོ་སོ་ནས་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གནང་བའི་མཛད་རྗེས་བསྐོར།
དབུས་གཙང་ཕྱོགས་ནས་ངམ་རིང་དང་ལྷ་རྩེ་རྫོང་སོགས་སུ་བྱོན་ནས་དད་ལྡན་སེར་སྐྱ་མང་པོ་ལ་ཆོས་འབྲེལ་གནང་སྟེ་དགེ་སྐུལ་རྒྱ་ཆེར་མཛད་པ་དང་། ཁམས་ཡུལ་ཤུལ་དང་རྫ་ཆུ་ཁའི་ཕྱོགས་ནས་ནང་ཆེན་དང་རྫ་སེར་ཤུལ་དང་འབྲོམ་བུ་སོགས་སུ་ཕེབས་ནས་དམ་པའི་ཆོས་ཀྱི་གྲུ་ཆར་སྩལ་བ་དང་། ཁམས་སྡེ་དགེའི་ཕྱོགས་ནས་གླིང་རྫ་རྒྱུད་རིས་མེད་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྟེང་ཆིབས་བསྒྱུར་གནང་ནས་དད་ལྡན་མང་པོར་དགེ་སྡིག་སྤང་བླང་སོགས་ཆོས་ཀྱི་ལམ་སྟོན་གསལ་བར་མཛད། མདོ་སྨད་མགོ་ལོག་ཕྱོགས་དང་ཛམ་ཐང་ཕྱོགས་རྔ་བ་ཕྱོགས་རྒྱལ་རོང་ཕྱོགས་སོགས་སུ་ཁོང་རང་གིས་གསར་འཛུགས་གནང་བའི་ཆོས་འཚོགས་ཁག་དང་གཞན་དུ་སྔོན་ནས་འཚོགས་སྲོལ་ཡོད་པའི་ཞིང་སྒྲུབ་དང་མ་ཎིའི་ཆོས་ཚོགས་སོགས་གང་མང་ཞིག་གི་སྟེང་དུ་ཞབས་སོར་འཁོད་ནས་ཆོས་ཀྱི་གདམས་པ་ཟད་མི་ཤེས་པ་བསྩལ། དེ་དག་ནི་མདོར་མཚོན་པ་ཙམ་མ་གཏོགས་ད་དུང་མདོ་དབུས་ཁམས་གསུམ་གྱི་ཡུལ་ཕྱོགས་སོ་སོར་འགྲོ་དོན་དུས་སུ་བབ་ཚེ་ཐུགས་བརྩེ་བ་ཆེན་པོས་དབང་གིས་ཕེབས་ལམ་རིང་ཐུང་དང་སྐུ་ཚེགས་སོགས་ལ་ལྟོས་པ་མེད་པར་གདུལ་བྱའི་རེ་བ་སྐོང་ཕྱིར་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེན་པོ་སྒྲུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་པ་དང་། རང་རེ་རིས་མེད་མཐོ་སློབ་གླིང་དུའང་ལོ་རྟག་པར་སློབ་གཉེར་བ་ཡོངས་ཀྱིས་སྔོན་འགྲོ་འབུམ་ལྔ་ཚོམས་བུ་གཅིག་སྒྲུབ་བྱེད་པའི་དབུ་བཙུགས་ཤིང་དེ་དང་འབྲེལ་ཕྱོགས་སོ་སོར་དངོས་བརྒྱུད་ཅི་རིགས་ཀྱིས་དགེ་སྐུལ་བྱས་ནས་ཕྱག་དང་ཡིག་བརྒྱ་དུང་སྒྲུབ་སོགས་ཀྱི་དགེ་རྩ་རླབས་ཆེན་བསགས་པའི་མཛད་རྗེས་ཆེན་པོ་བཞག་ཡོད།

ཕྱག་ཁྱེར་དང་བྱ་དགའ་བཞེས་པའི་སྐོར།
དཔལ་ལྡན་འབྲས་སྤུངས་ནས་ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བཞེས། པེ་ཅིན་ནང་བསྟན་སློབ་གླིང་གི་གནས་རིམ་དང་པོའི་དགེན་རྒན་ཆེན་མོའི་ཕྱག་ཁྱེར་བཞེས། བོད་བརྒྱུད་ནང་བསྟན་དགོན་སྡེའི་ཆེས་མཐོའི་དགེ་རྒན་དཔང་ཡིག་བཞེས། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཐོན་དཔང་ཡིག་བཞེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནང་བསྟན་གླེང་སྟེགས་སྐབས་བཞི་བའི་དཔྱད་རྩོམ་དཔྱད་འདེམས་ཁྲོད་ཨང་དང་པོའི་བྱ་དགའ་བཞེས། པདྨའི་རྫོང་ཡོངས་ཀྱི་དགོན་སྡེ་གསར་འཛུགས་ཀྱི་དཔེ་ལེགས་མི་སྣའི་དཔང་རྟགས་བཞེས། པདྨ་རྫོང་གི་ཆོས་ལུགས་པའི་གཟི་བརྗིད་དཔང་ཡིག་བཞེས། ༢༠༢༢ལོར་རྫོགས་ཆེན་དགོན་ནས་སྐལ་བཟང་ལེགས་སྐྱེས་དམིགས་བསལ་བྱ་དགར་དམངས་སྒོར་ཁྲི་བཅུ་དང་གསེར་གྱི་རྟགས་མ་སོགས་ཕུལ། འཕགས་ཡུལ་གདན་ས་སོགས་ནས་རྒྱུགས་སྤྲོད་ཀྱི་ཨང་དང་པོ་དྲུག་སོགས་ཀྱི་བྱ་དགའ་བཞེས། གདན་ས་ཆེན་པོའི་བཀའ་བཅུའི་མཚན་གནས་བཞེས་པ་ལགས་སོ། །

རྒྱུན་ལྡན་གྱི་འཚོ་བའི་རོལ་སྟངས།
བཤེས་གཉེན་ཆེན་པོ་ཁོང་ལ་མཚོན་ན་བླ་ཆེན་དང་ཐོབ་ཆེན་གྱི་རྣམ་པས་ཆེ་ཆེ་གཡེར་གཡེར་གྱི་རྣམ་པ་གཏན་ནས་སྐུ་ཚེ་འདིར་བཞེས་མ་མྱངས་ཤིང་། རླངས་འཁོར་དང་འཁོར་གཡོག་སོགས་སྒྲིག་པ་ལྟ་ཅི། ཐ་ན་བཞུགས་ཤག་དྲགས་ཤོས་ཤིག་ཀྱང་རྩོལ་སྒྲུབ་མ་མྱངས་བར། གྲྭ་བ་གྲྭ་རྐྱང་སློབ་གཉེར་བ་རྣམས་དང་འཚོ་བ་མཉམ་སྐྱེལ་ངང་བཞུགས་བཞིན་པ་ཞིག་ཡིན། ཉི་མ་རེ་རེ་ལ་ཁ་ཏོན་བཟླས་བརྗོད་ཀྱི་རིམ་པ་དང་། ཆོས་ཁྲིད། ཐུན་སྒྲུབ་སོགས་ཆགས་མེད་དང་། ད་དུང་རིས་མེད་སློབ་གླིང་གི་རྩ་བའི་འགན་ཁུར་ཡོངས་རྫོགས་ཕྲག་ཏུ་བཞེས་ཏེ་ཕྱག་ལས་ལྷོད་མེད་དུ་གནང་བཞིན་པར་མ་ཟད། བར་གསེང་རྣམས་སུ་གཞུང་ཆེན་བརྩམ་པ་སོགས། རང་གི་བདེ་སྐྱིད་གཞན་ཕན་ཕྱག་ལས་ལས་ཁ་མིན་དོན་གྱིས་རྙེད་པའི་སྲིད་ན་དཀོན་པའི་རིན་པོ་ཆེ་འགྲན་ཟླ་མེད་པ་ཞིག་ལགས་སོ། །

ནང་དོན་ཡོངས་ཁུངས།  ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།