༄༅། །གངས་ལྗོངས་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་ཐེངས་དང་པོའི་སྐབས་ཀྱི་དབུ་མའི་དྲི་བ་བཅུ་གཅིག་པའི་དྲིས་ལན་དགག་བྱ་ངོས་འཛིན་དོལ་པོའི་དགོངས་གསལ་ཞེས་བྱ་བ་བཞུགས་སོ།།
མཁན་ཚུལ་ཁོ།
ཨོཾ་སྭ་སྟི།
སྐུ་ལ་མཚན་དཔེའི་ཡོན་ཏན་འོད་སྟོང་འབར། །
གསུང་ལ་ཡན་ལག་དྲུག་ཅུའི་གདངས་དབྱངས་སྒྲོག །
ཐུགས་ལ་མཁྱེན་བརྩེའི་ཡོན་ཏན་འོད་དཀར་འཕྲོ། །
གསང་གསུམ་ཡོན་ཏན་མཛོད་བརྙེས་གང་དེར་འདུད། །
རྒྱལ་བསྟན་རིན་ཆེན་མཆོག་གི་ཆུ་བོའི་རྒྱུན ། །
གང་འདུལ་གདུལ་བྱའི་རྒྱུད་ལ་དྲངས་མཛད་པ། །
དངོས་བརྒྱུད་དཔལ་ལྡན་བླ་མར་གུས་བཏུད་ནས། །
ཀུན་མཁྱེན་བཞེད་དགོངས་ཇི་བཞིན་འབྲི་བར་བརྩོན། །
དེ་ལ་འདིར་སྟོན་པ་ཐུབ་པའི་དབང་པོ་མཉམ་མེད་ཟས་གཙང་སྲས་པོ་གང་ཉིད་ཀྱིས་གསུངས་པའི་ཐེག་པ་ཆེ་ཆུང་གི་མདོ་སོ་སོའི་རྗེས་སུ་འབྲང་བའི་གྲུབ་མཐའ་མི་འདྲ་བ་བཞི་བྱུང་། དེའི་ནང་ནས་དབུ་མ་པ་ལའང་གཙོ་བོ་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་དང་། ཐ་མའི་རྗེས་འབྲང་གི་དབུ་མ་པའམ། ཡང་ན་དབུ་མ་རང་སྟོང་བ་དང་། དབུ་མ་གཞན་སྟོང་བ་གཉིས་སུ་བྱུང་། དབུ་མ་གཞན་སྟོང་བ་ལའང་རྒྱ་བོད་སོགས་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་མོད། འདིར་རང་ཉིད་སྔོན་བསགས་ལས་སྨོན་བཟང་བོའི་རྟེན་འབྲེལ་ལས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པའི་སྡེར་གཏོགས་པ་ཡིན་པས། རྗེ་ཇོ་ནང་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཡབ་སྲས་དང་། རྗེ་ཏཱ་ར་ནཱ་ཐ་སོགས་ཀྱི་དགོངས་དོན་གཙོ་བོར་བྱས་ཏེ་དྲིས་ལན་འབྲི་བར་བྱའོ།།
དེ་ལ་དྲི་གཞི་འགོད་པ། དྲིས་ལན་བརྗོད་པ་དང་གཉིས།
དང་པོ་ནི། དགག་བྱ་བདག་དང་། བདག་དང་། དགག་བྱ་བདེན་གྲུབ་དང་། སྤྱིར་བདེན་གྲུབ་དང་། ཆོས་བདག་སོགས་ཀྱི་གྲུབ་ཚད་ཅི་ཡིན་ཞེས་པའོ།།
གཉིས་པ་ལ། ལན་དངོས་སྒྲུབ་བྱེད་དང་བཅས་པ་དང་། འདོད་ཚུལ་ཅི་རིགས་བཀོད་དེ་ཁས་ལེན་འཛིན་མཚམས་ཁུངས་ལྡན་བརྗོད་པ་དང་གཉིས།
དང་པོ་ནི། དྲི་ཟུར་དང་པོའི་ལན། ཀུན་མཁྱེན་དོལ་པོ་པའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་མོད་ཀྱི། ། དགག་བྱ་ལྡོག་ཚུལ་ཕྱོགས་ནས་ལྡོག་པས་དབྱེ། །ཞེས་དང་། རྗེ་ཏཱ་ར་ནཱ་ཐས་ཀྱང་ཐེག་མཆོག་དབུ་མ་ལས། དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པས་དབྱེ། ། ཞེས་གསུངས་པ་ལྟར། རང་ལུགས་ལ་བདག་མེད་གཉིས་དགག་བྱའི་སྒོ་ནས་འབྱེད་ཀྱི་སྟོང་གཞིའི་སྒོ་ནས་འབྱེད་པ་མ་ཡིན་པས། དགག་བྱ་བདག་ལའང་རྣམ་པ་གཉིས་སུ་ཕྱེ་ནས་གྲུབ་ཚད་བཞག་ན་གནད་ཆེན་པོ་འདུག་སྙམ། དེས་ན་དགག་བྱ་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ཀྱི་གྲུབ་ཚད་རིམ་བཞིན། སྤྱིར་གང་ཟག་གི་བདག་གི་གྲུབ་ཚད་མེད་ཀྱང་། བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ནས་བཞག་ན་གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་དེ་ཡིན་ཏེ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན་ལ།ཞེས་དང་། ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ལས། ཀུན་བཏགས་ནི་དོན་ལ་མེད་བཞིན་དུ་རྟག་གཅིག་རང་དབང་ཅན་ལ་སོགས་པ་གང་ཟག་གི་བདག་དང་། ཞེས་སོ། ། དེ་བཞིན་དུ་སྔགས་དང་དབུ་མའི་གཞུང་གཞན་ནའང་དེ་ལྟར་གསུངས་པ་ཡོད་ཀྱང་མངས་དོགས་ནས་མ་བྲིས་སོ།། སྤྱིར་ཆོས་ཀྱི་བདག་གི་གྲུབ་ཚད་མེད་ཀྱང་། བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ནས་བཞག་ན། ཕུང་སོགས་ཀྱི་ཆོས་རྣམས་བདེན་དངོས་ཚུགས་ཐུབ་ཀྱི་ངོར་རང་བཞིན་གྱིས་གྲུབ་པ་དང་། ཡང་ན་སྣང་གྲཊ་ཀྱི་ཆོས་ཀུན་གནས་ལུགས་སུ་གྲུབ་པ་དེ་ཡིན་ཏེ། ཐེག་མཆོག་དབུ་མ་རྩ་འགྲེལ་ལས། འདུས་བྱས་ངོ་བོས་ཡོད་ན་ཆོས་བདག་བརྗོད།། ཅེས་དང་། འདུས་བྱས་ཀྱི་དངོས་པོ་ཚུགས་ཐུབ་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན། དེ་ལ་ཆོས་ཀྱི་བདག་ཅེས་བརྗོད་པ་ཡིན་ནོ། ། ཞེས་དང་། མདོར་ན་དོན་དམ་དངོས་པོའི་གནས་ཚུལ་ལ་ཀུན་རྫོབ་འདུས་བྱས་ཀྱི་ཆོས་ཡོད་པར་འཛིན་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པ་ཉིད་ཡིན་ཞིང་།ཞེས་དང་། སྔོན་མེད་ལེགས་བཤད་ལས། མདོར་ན་སྣང་གྲགས་ཀྱི་ཆོས་རྣམས་ལ་འཁྲུལ་སྣང་ཙམ་མ་ཡིན་བློས་བཏགས་པ་ཙམ་མ་ཡིན་པར་གནས་ཚུལ་ལ་གྲུབ་རྒྱུའམ། ཚུགས་ཐུབ་ཞིག་ཡོད་ན་ཆོས་ཀྱི་བདག་ཡིན་པར་འགྱུར་བ་ལས། དེ་ལྟ་བུ་ཡེ་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
དྲི་ཟུར་གཉིས་པའི་ལན། འདི་ལའང་རྣམ་པར་ཕྱེ་ནས་ལན་གདབ་པར་བྱ་སྟེ། དེ་ཡང་བདག་ཅེས་པ་ཞིག་གདགས་གཞི་ཕུང་བོའི་རྒྱུན་ལ་བཏགས་པ་ལ་མ་ལྟོས་པ་དང་དངོས་པོ་གཞན་གང་དང་ཡང་མ་འདྲེས་པར་ངོ་བོ་ཚུགས་ཐུབ་པའི་རྫས་སུ་གྲུབ་པ་ཞིག་ཡེ་ནས་མེད་ཀྱང་། ཕུང་པོའི་རྒྱུན་ཙམ་ཞིག་ལ་ང་བདག་ཏུ་བློས་བཏགས་པའི་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་ནི་ཡོད་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་དུ།། བརྗོད་བྱ་རྫས་སུ་མ་ཡིན་ནོ།། ཞེས་དང་། དེའི་རྣམ་བཤད་ལས། ཅི་གང་ཟག་ཡོད་པ་ཞེས་བརྗོད་དམ་མེད་པ་ཞེས་བརྗོད་ཅེ་ན། མགོ་གཅིག་དུ་མི་སྨྲའི་མཐའ་གཉིས་སྤང་བའི་ཕྱིར་རྣམ་པར་ཕྱེ་ནས་སྟོན་པ་སྟེ། གཞན་དབང་ལས་རྒྱུ་འབྲས་ཀུན་རྫོབ་ཏུ་བདེན་པར་ཡོད་པ་ལ་སྐུར་བ་འདེབས་པའི་མཐའ་སྤང་བའི་ཕྱིར། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། ། ཞེས་གསུངས་པ་ལྟར་ཕུང་པོའི་རྒྱུན་ལ་སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་ཅེས་པ་ལ་སོགས་པ་བཏགས་པ་བར་ཡོད་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་གྱི། ཀུན་བཏགས་ཀྱི་བདག་དོན་དམ་པར་མེད་པ་ལ་རྟག་གཅིག་རང་དབང་ཅན་ལ་སོགས་པར་སྒྲོ་འདོགས་པའི་མཐའ་སྤང་བའི་ཕྱིར་རྫས་སུ་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ།།ཞེས་དང་། ཐེག་མཆོག་དབུ་མ་ལས། དེས་ན་གང་ཟག་གི་བདག་ཡོད་དམ་མེད་ཅེས་འདྲི་ན། འགོ་གཅིག་ཏུ་ལན་མི་སྨྲ་བར་རྣམ་པར་ཕྱེས་ནས་ལན་གདབ་དགོས་ཏེ། གང་ཟག་གི་བདག་རྫས་སུ་མེད་ལ། བརྟགས་པར་ནི་ཡོད་དོ།། ཞེས་སྨྲ་དགོས་སོ།། ཞེས་གསུངས་པའི་ཕྱིར་རོ། །
དྲི་ཟུར་གསུམ་པའི་ལན་ནི། གོང་དུ་བཤད་པའི་ཆོས་ཀྱི་བདག་མེད་ཀྱི་དགག་བྱ་ཆོས་བདག་གི་གྲུབ་ཚད་དང་གནད་གཅིག་ཡིན་སྙམ་སྟེ། ཐེག་མཆོག་དབུ་མ་ལས། དགག་བྱ་བདེན་གྲུབ་ལོག་པའི་ལྡོག་ཆ་ནས་ཆོས་ཀྱི་བདག་མེད་དེ། ཞེས་སོ། ། ཡང་ན་རྟོག་བཅས་ཀྱིས་བདེན་གྲུབ་ཏུ་ཇི་ལྟར་བཟུང་བ་ལྟར་གྲུབ་པ་དེ་ཡིན་ཏེ། སྔོན་མེད་ལེགས་བཤད་ལས། དཔེར་ན་བ་ལང་རང་གི་མཚན་ཉིད་ཀྱིས་གྲུབ་ན། ནོག་ལྐོག་ཤལ་ཅན་ཡིན་དགོས་ཀྱང༌། མི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ། ནོག་ལྐོག་ཤལ་ཅན་ཡིན་མི་དགོས་པ་བཞིན། ཀུན་རྫོབ་རང་གི་མཚན་ཉིད་ཀྱིས་གྲུབ་ན། རྣམ་ཤེས་ལ་ཇི་ལྟར་སྣང་བ་ལྟར་དང༌། རྣམ་རྟོག་གིས་ཇི་ལྟར་བཟུང་བ་ལྟར་གྲུབ་དགོས་ཀྱང༌། དོན་དམ་རང་གི་ངོ་བོས་གྲུབ་པ་ལ། རྣམ་ཤེས་དང་རྣམ་རྟོག་ལ་སྣང་བ་ལྟར་གྲུབ་མི་དགོས་སོ། ཞེས་དང་། དྲིས་ལན་ལས། སྤྲོས་པའི་བདེན་གྲུབ་ནི། གལ་ཏེ་ཡོད་ན་རྟོག་བཅས་ཀྱིས་བདེན་གྲུབ་ཏུ་བཟུང་བ་ལྟར་གྲུབ་དགོས་ལ། དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཞེས་གསུངས་སོ།།
དྲི་ཟུར་བཞི་པའི་ལན་ནི། སྤྱིར་བདེན་པར་གྲུབ་ཚད་ནི། སྣང་གནས་མཐུན་པའི་བདེན་པ་སྟེ་མི་བསླུ་བར་གྲུབ་པའམ་འཕགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྲུབ་པ་དེ་ཡིན་ཏེ། དཔལ་ཕྲེང་གི་མདོ་ལས། སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ།། ཞེས་དང༌། རང་འགྲེལ་ག་ལས་འཇིགས་མེད་ལས། དགེ་སློང་དག་འདི་ལྟ་སྟེ་མི་སླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ ། ཞེས་དང༌། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོས་བདེན་གྲུབ་འཕགས་པ་ཡི། ། ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས། ། ཞེས་གསུངས་པའི་ཕྱིར།
དྲི་ཟུར་ལྔ་བའི་ལན་ནི། གོང་དུ་བཤད་ཟིན་པ་ལྟར་རོ། །
གཉིས་པ་ནི། དྲིས་ལན་དང་པོའི་སྐབས། མཁས་པ་རྣམས་བཞེད་དགོངས་མི་འདྲ་བའི་དབང་གིས་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འབྱེད་པ་དང་དགག་བྱའི་སྒོ་ནས་འབྱེད་པ་སྟེ་འདོད་ཚུལ་གཉིས་བྱུང་པ་ལས་རང་ལུགས་ཕྱི་མ་ལྟར་ཡིན་ཏེ། ཁུངས་སྔར་ལུང་བཀོད་པ་ལྟར་རོ།། གཞན་ཡང་མཁས་པ་མང་པོས་གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་གཉིས་ལ་དགག་བྱ་ཕྲ་རགས་ཕྱེ་ནས་སྔ་མ་ལྟར་འཛིན་པའི་བློ་སྤང་བྱ་ཀུན་བཏགས་དང་། ཕྱི་མ་ལྟར་འཛིན་པའི་བློ་སྤང་བྱ་ལྷན་སྐྱེས་ལ་སྦྱར་ནས་གསུངས་ཀྱང་། རང་ལུགས་དེ་གཉིས་ལ་ཕྲ་རགས་མེད་ཅིང་སྔ་མ་ལྟར་འཛིན་པའི་བློ་ལ་སྤང་བྱ་ཀུན་བཏགས་ཀྱིས་མ་ཁྱབ་པར་བཞེད་དེ། བདེ་མཆོག་བསྟོད་ཆེན་རང་འགྲེལ་ལས། རྟག་གཅིག་རང་དབང་གི་བདག་འཛིན་ཀུན་བརྟགས་ཁོ་ན་ཡིན་ཞེས་པའང་མི་འཐད་དོ། ། ཞེས་དང་། མ་ཟད་རང་གཞུང་རྣམས་ལས་གང་ཟག་བདག་མེད་གཏན་ལ་ཕབས་སྐབས་གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་བ་གསུངས་པ་ལས་གཞན་ལོགས་སུ་མ་གསུངས་པས་ཀྱང་གྲུབ་སྙམ་མོ། །
དྲིས་ལན་གཉིས་པའི་སྐབས། མཁས་པ་གཞན་འགས་བདག་དང་སྐྱེས་བུ་དང་གང་ཟག་གསུམ་དོན་གཅིག་ཏུ་བཞེད་མོད་སྤྱིར་བདག་ཡོད་མེད་ཀྱི་འཛིན་མཚམས་གསལ་བར་མ་མཐོང་། རང་ལུགས་ལ་སྤྱིར་བདག་མེད་ཅེས་ཁས་བླངས་ནས་བདག་གི་སྒྲ་སྦྱར་ས་སྣ་ཚོགས་པ་ཡོད་པ་དེ་ཐམས་ཅད་སྐབས་ཐོབ་ཀྱིས་གོ་དོན་སོ་སོར་སྦྱར་ཏེ་ཡོད་མེད་ཤན་ཕྱེ་ནས་ཁས་ལེན་བཟུང་ན་ལུང་རིགས་དང་མཐུན་སྙམ་སྟེ། ཐེག་མཆོག་དབུ་མ་ལས། དེའི་རྒྱུ་མཚན་ཡང་གང་ཟག་གི་བདག་ཤེས་བྱ་ལ་མི་སྲིད་པས་དེར་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱ་ཡང་མཚན་ཉིད་ཡོངས་སུ་ཆད་པ་ཡིན་ནོ།། ཞེས་དང་། མདོ་སྡེའི་རྒྱན་གྱི་རྣམ་བཤད་ལས། དེ་བས་ན་བདག་མེད་ལ་བདག་ཏུ་འཛིན་པ་དེ་ནི་ནོར་བར་སྐྱེས་པ་ལོག་པའི་ཤེས་པ་ཡིན་ཏེ་དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པ་བཞིན་ནོ།། ཞེས་དང་། གང་གི་ཕྱིར་ཡོད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་མི་མཐོང་བར་མེད་པ་བདག་དང་གཙོ་བོ་ལ་སོགས་པ་མཐོང་བ་འདི་འདྲའི་མུན་ནག་གི་རྣམ་པ་འདི་གང་ཞིག་ཡིན་ཏེ། ཞེས་དང། བདག་མེད་ན་ལམ་སྒོམ་པ་པོ་མེད་པས་ཐར་བ་ཐོབ་པ་མེད་དོ་ཞེ་ན། ཞེས་སོགས་གསུངས་པའི་ཕྱིར།
དྲིས་ལན་གསུམ་པ་དང་བཞི་པའི་སྐབས། མཁས་མཆོག་གཞན་མང་པོས་སྤྱིར་བདེན་པ་དང་བདེན་པར་གྲུབ་པ་གཉིས་ལ་ཁྱད་ཕྱེ་ནས་བདེན་གྲུབ་དང་དགག་བྱའམ་སྤྲོས་པའི་བདེན་གྲུབ་ལ་ཁྱད་མེད་པར་གྲུབ་ན་གྲུབ་མཉམ་དང་མ་གྲུབ་ན་མ་གྲུབ་མཉམ་དུ་བཞེད་མོད། རང་ལུགས་ལ་སྤྱིར་བདེན་པ་དང་བདེན་པར་གྲུབ་པ་གཉིས་ལ་ཁྱད་མེད་ཀྱང་བདེན་གྲུབ་དང་དགག་བྱའམ་སྤྲོས་པའི་བདེན་གྲུབ་ལ་ཁྱད་ཕྱེ་ནས་དོན་དམ་བདེན་པ་དེ་བདེན་པ་དང་བདེན་གྲུབ་ཡིན་གྱི་དགག་བྱའམ་སྤྲོས་པའི་བདེན་གྲུབ་མ་ཡིན་པར་ཁས་ལེན་དགོས་ཏེ། རང་འགྲེལ་ག་ལས་འཇིགས་མེད་ལས། དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། ཡོངས་གྲུབ་འདོད་ཕྱིར་དབུ་མ་མིན་ན་ནི། །སྤྲོས་བྲལ་འདོད་པའང་དབུ་མ་མིན་པར་འགྱུར། །བདེན་འདོད་མི་འདོད་ཁྱད་པར་ཡོད་ཅེ་ན། །མཚན་མ་སྤྲོས་པའི་བདེན་པར་ངེད་མི་འདོད། །སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ། །རང་སྟོང་སྨྲ་བས་ཕྱོགས་ཀྱང་མ་གོ་ན། །དེ་ལ་དགག་པ་ནམ་ཡང་བྱས་པ་མེད། །བདེན་གྲུབ་འགོག་ཚད་སྤྲོས་པའི་བདེན་འགོག་སྟེ། །ཀུན་རྫོབ་འགོག་པའི་རིགས་པ་འདིར་སྦྱར་ཕྱིར། །དེ་ནི་ངེད་ཀྱི་ལུགས་ལའང་འདོད་པ་སྟེ། །ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད། །སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབ་སྟེ། །དོན་དམ་ངོ་བོ་ཉིད་མེད་ཅེས་བཤད་དོ། །ཅེས་གསུངས་སོ། །
དྲིས་ལན་ལྔ་བའི་སྐབས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པས་དོན་དམ་ཡང་ཆོས་ཀྱི་བདག་མེད་དུ་ཁས་བླངས་པ་ལ། ཅི་འོ་ན་ནི་ཆོས་ཉིད་དོན་དམ་པ་དེ་ཆོས་ཀྱི་བདག་མེད་ཡིན་པའི་ཕྱིར། བདེན་པར་གྲུབ་པའམ་རང་གི་ངོ་བོས་ཡོད་པར་འདོད་པ་འགལ་ལོ་སྙམ་ན། མི་འགལ་ཏེ། སྔོན་མེད་ལེགས་བཤད་ལས། དེས་ན་ཀུན་རྫོབ་ཀྱི་ཆོས་གང་དང་གང་ལ་རང་གི་ངོ་བོས་གྲུབ་ན་ཆོས་ཀྱི་བདག་ཡོད་པར་འགྲོ་རྒྱུའི་ངོ་བོས་གྲུབ་ཚུལ་དང༌། དོན་དམ་རང་གི་ངོ་བོས་གྲུབ་ཚུལ་གཉིས། ངོ་བོས་གྲུབ་པའི་བློ་རྩེ་གཏད་མཚམས་མི་འདྲ་ཞིང༌། ངོ་བོས་གྲུབ་ཚུལ་མི་འདྲ་བས་ཆོས་ཀྱི་བདག་མེད་དང་རང་གི་ངོ་བོས་བདེན་པར་གྲུབ་པ་མི་འགལ་ལོ། ། ཞེས་གསུངས་པའི་ཕྱིར་རོ།།
སྨྲས་པ།
ཚུལ་འདིར་འབད་པའི་རྣམ་དཀར་གང་མཆིས་དང་།།
དུས་གསུམ་བསགས་པའི་དགེ་ཚོགས་ཇི་སྙེད་པས།།
རང་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ལ།།
ཡེ་བཞུགས་བདེ་གཤེགས་སྙིང་བོ་མངོན་འགྱུར་ཤོག །
སརྦ་མངྒ་ལཾ།
༢༠༢༡ ༢ ༤ ལ་རིས་མེད་མཐོ་སློབ་གླིང་ནས་རྫོགས་པར་བྲིས་སོ།།
ནང་དོན་ཡོང་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།