སྔགས་དོན་ཆོས་སྒོ་སྣང་བའི་དཔལ།

སྔགས་དོན་ཆོས་སྒོ་སྣང་བའི་དཔལ།


ཇོ་ནང་དགེ་བཤེས་༧ངག་དབང་དངོས་གྲུབ་དཔལ་ལགས་ཀྱིས་མཛད།

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

གདོད་ནས་རྣམ་དག་རྒྱལ་ཀུན་ཤེས་རབ་ལྷ། །
རྒྱལ་སྲས་ཚུལ་བཟུང་སྤྲོས་བྲལ་འོད་གསལ་སྟོན། །
འགྲོ་ཀུན་སྨིན་བྱེད་བདེན་གཉིས་གཟིགས་པའི་བློ། །
ད་དུང་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །

དེ་ལ་འདིར་འཇམ་པའི་དབྱངས་ཀྱི་སྙིང་པོ་ཨོཾ་ཨ་ར་པ་ཙ་ན་དྷཱི། ཞེས་པའི་དོན་ཅུང་ཟད་བརྗོད་པ་ལ། བྱུང་བ་དང་། སྔགས་དོན་དང་། ཕན་ཡོན་བཤད་པ་དང་གསུམ་ལས།

དང་པོ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རང་གི་སྙིང་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་འདིར་སྩལ་བར་བགྱི་སྟེ། གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད་བརྗོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་སྨྲོས་ཤིག་ཅེས་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ཨ་ར་པ་ཙ་ན། དེ་ནས་འདི་བརྗོད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལས་ཡི་གེ་མཉམ་པ་ཉིད་སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲུབ་པ་ཐོབ་པར་འགྱུར་བ་བཤད་དོ། །ཞེས་གསུངས་པ་ལྟར་ཡིན་ནོ། །
གཉིས་པ་སྔགས་དོན་ནི། སྤྱིར་ཨོཾ་ནི་ཡི་གེ་ཐམས་ཅད་ཀྱི་མགོ་འདྲེན་ལྟ་བུ་ཡིན་ཏེ། སློབ་དཔོན་ཆེན་པོ་ཌྷཾ་ཀ་དཱ་ཤས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས། རྡོ་རྗེ་གསུམ་ཐ་དད་པ་མེད་པ། ཨོཾ་ཡིག་སྔགས་ཐམས་ཅད་ཀྱི་དང་པོར་བརྗོད་པར་བྱ་སྟེ། གང་གི་ཕྱིར་སྔགས་ཀྱི་ཚིག་ཐམས་ཅད་ཀྱི་དང་པོར་ཨོཾ་ཡིག ཅེས་གསུངས་ལ། ཨོཾ་ཡིག་གིས་སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་ཅན་ཡིན་པར་བསྟན་ཏེ། རྒྱུད་ལས། ཨ་ཡིག་གསུང་ཞེས་བརྗོད་པ་སྟེ། །ཨུ་ཡིག་སྐུ་རུ་བརྗོད་པར་བྱ། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་གསུམ་གྱི་ཚུལ་གཅིག་ཨོཾ། །ཞེས་གསུངས་སོ། ། ཨ་ཞེས་པས་འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ་ལས། ཨ་ཞེས་བྱ་བ་ནི་འདོད་པའོ་ཞེས་ཆོས་ཐམས་ཅད་མ་སྐྱེས་པར་བསྟན་ཏེ། གང་མ་སྐྱེས་པ་དེ་ནི་བྱང་ཆུབ་སྟེ་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་འདོད་པའོ། །ཞེས་པ་ལྟར་བསྟན་ནོ། །ར་ཞེས་པས་ནི། དེ་ལས། ར་ཞེས་བྱ་བ་ནི་ཆགས་པའོ་ཞེས་བྱ་བ་སེམས་ཅན་སྨིན་པ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །ཞེས་པ་ལྟར་བསྟན་ནོ། །པ་ཞེས་པས་ནི། དེ་ལས། པ་ཞེས་བྱ་བ་ནི་དོན་དམ་པའོ་ཞེས་བྱ་བ་གཟུང་བ་དང་འཛིན་པ་དང་བྲལ་བའི་དོན་སྟོང་པ་ཉིད་དུ་སྟོན་པའོ། །ཞེས་པ་ལྟར་བསྟན་ནོ། །ཙ་ཞེས་པས་ནི། དེ་ལས། ཙ་ཞེས་བྱ་བ་ནི་སྤྱོད་པའོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་དོན་སྟོན་པའོ། །ཞེས་པ་ལྟར་བསྟན་ནོ། །ན་ཞེས་པས་ནི། དེ་ལས། ན་ཞེས་བྱ་བ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་མེད་པ་སྟེ་ཆོས་དང་གང་ཟག་ལ་བདག་མེད་པའི་ཕྱིར་རོ། །ཞེས་པ་ལྟར་བསྟན་ནོ། །

ཡང་སྔགས་དོན་ཅུང་ཟད་རྒྱས་པར་ནི། ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གྱི་སྐབས་ནས་གསུངས་པ་དག་གནད་བསྡུས་ཏེ་བཤད་ཚུལ་ཀྱི་རྣམ་གྲངས་ཙམ་མ་ཡིན་པར་སྔགས་དོན་དངོས་ནི་འདི་ལྟ་སྟེ། འབུམ་པ་རྒྱ་ཆེར་འགྲེལ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པ་ལ་རྒྱ་གར་གྱི་སྐད་དུ་ཨ་ནུཏྤ་ན་ཞེས་བྱ་སྟེ། དེ་ལྟར་མ་སྐྱེས་པའི་དོན་ཡི་གེ་ཨའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པའི་སྒོ་ཡིན་ནོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་རྡུལ་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ར་ཛ་ཨ་པ་ག་ཏ་ཞེས་བྱ་སྟེ། ཡི་གེ་རའི་སྒོ་ནས་ཆོས་ཐམས་ཅད་རྡུལ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་སྟོན་པའི་སྒོ་ཡིན་ནོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དོན་དམ་པ་ལ། རྒྱ་གར་སྐད་དུ་པ་ར་མཱརྠ་ཞེས་བྱ་བ་སྟེ། ཡི་གེ་པའི་སྒོ་ནས་དོན་དམ་པ་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་པ་ནི་དོན་དམ་པར་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པར་བྱེད་པའི་སྒོ་ཡིན་ནོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཚེ་འཕོ་བ་དང་སྐྱེ་བ་ལ་རྒྱ་གར་གྱི་སྐད་དུ་ཙ་པ་ནོ་པ་པཏྟི་ཞེས་བྱ་སྟེ། ཡི་གེ་ཙའི་སྒོ་ནས་ཆོས་ཐམས་ཅད་ཚེ་འཕོ་བ་དང་། སྐྱེ་བ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཙ་ནི་ཆོས་ཐམས་ཅད་ཚེ་འཕོ་བ་དང་། སྐྱེ་བ་མེད་པར་སྟོན་པའི་སྒོ་ཡིན་ནོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་མིང་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ནཱ་མ་ཨ་པ་ག་ཏ་ཞེས་བྱ་སྟེ། ཆོས་ཐམས་ཅད་མིང་དང་བྲལ་ཞིང་མིང་གི་རང་བཞིན་མེད་པར་ཡི་གེ་ནའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ན་ནི་དོན་དམ་པར་ཆོས་ཐམས་ཅད་མིང་དང་བྲལ་བ་སྟོན་པའི་སྒོ་ཡིན་ནོ། །མིང་གི་རང་བཞིན་མ་ཐོབ་མ་སྟོར་ཞེས་བྱ་བ་ནི་མིང་དུ་གདགས་པར་བྱ་བའི་ཆོས་དང་། མིང་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། མིང་དུ་གདགས་སུ་ཡང་མེད་པས་མ་ཐོབ་ཅེས་བྱའོ། །མིང་དོར་དུ་ཡང་མེད་པས་མ་སྟོར་ཞེས་བྱའོ། །དེ་ལྟར་སྔགས་ཀྱི་ཚིག་ཡི་གེ་འབྲུ་ལྔའོ། །ཞེས་གསུངས་སོ། །


དོན་བསྡུ་ནི། ཨ་ར་པ་ཙ་ན་ཞེས་པས་སྤྲོས་པ་མེད་པའི་དོན་བསྟན་ཏེ། ཇི་སྐད་དུ། རྒྱ་གར་སྐད་དུ། །ཨ་ར་པ་ཙ་ན། ཞེས་པ་ནས། བོད་སྐད་དུ། སྤྲོས་པ་མེད་པའི། ཞེས་སོགས་གསུངས་པ་དང་། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ་ལས། སྤྲོས་པ་མེད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ཚིག་དང་དོན་སྣ་ཚོགས་སུ་སྤྲོས་པ་མེད་པའི་དོན་སྟོན་པའི་དཀྱིལ་འཁོར་བས་ན་སྤྲོས་པ་མེད་པའི་དཀྱིལ་འཁོར་ཞེས་བྱའོ། །ཞེས་གསུངས་སོ།། སྤྲོས་བྲལ་རྟོགས་པའི་གཟུངས་ཀྱི་སྒོ་དྲན་པ་དང་ཤེས་རབ་ཀྱི་ཡེ་ཤེས་སམ་བློ་ཞེས་པ་ཡིན་ཏེ། འབུམ་པ་རྒྱ་ཆེར་འགྲེལ་ལས། ཨ་ར་པ་ཙ་ན་ཞེས་བྱ་བ་ཡི་གེ་འབྲུ་རེ་རེའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་རྟོགས་པར་འགྱུར་བའི་ཤེས་རབ་དང་དྲན་པའི་གཟུངས་སྐྱེ་བར་འགྱུར་བའི་སྒོ་ཡིན་པར་བསྟན། ཞེས་གསུངས་པའི་ཕྱིར་རོ།། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཨོཾ། རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ། །ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག །འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །ཅེས་པའི་དོན་མཚན་བརྗོད་ཀྱི་སྐབས་སུ་བཤད་པ་ནི།འཇམ་དཔལ་གྱི་རྣམ་འཕྲུལ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་གྱི་མཚན་བརྗོད་ཀྱི་འགྲེལ་བ་དྲི་མེད་ཀྱི་འབྲས་བུ་ལས། ཨོཾ་བཛྲ་ཏིཀྵྞི་ནི། ཨོཾ་རྡོ་རྗེ་རྣོན་པོ་དང་། དུཿཁ་ཙྪེ་ད་ནི། སྡུག་བསྔལ་གཅོད་པ་དང་། པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ་ནི་ཤེས་རབ་ཡེ་ཤེས་ཀྱི་སྐུ་དང་། ཛྙཱ་ན་ཀཱ་ཡ་ནི། ཡེ་ཤེས་ཀྱི་ལུས་དང་། ཝཱ་གཱི་ཤྭ་ར་ནི། ངག་གི་དབང་ཕྱུག་དང་། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿནི། ཨ་ར་པ་ཙ་ན་ཁྱེད་ལ་མཆོད་དོ། །ཞེས་གསུངས་ལ། དེས་ན་ཨ་ར་པ་ཙ་ན་དྷཱིའི་དོན་ནི་འགྲོ་བ་སྨིན་པར་བྱེད་པའི་བློ་ཞེས་པ་ལ་བཤད་ཚུལ་ཡོད་དོ། ། དེ་ཡང་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྒྲིབ་གཉིས་སྦྱངས་ནས་སྤངས་རྟོགས་ཀྱི་ཡོན་ཏན་བསྐྱེད་པའི་སྨིན་པར་བྱེད་པའི་བློ་ཡིན་པའི་དོན་ནོ། །གཞན་ཡང་སྔགས་དོན་ཡེ་ཤེས་ལྔ་དང་འཇམ་དབྱངས་རིགས་ལྔ་སོགས་ལ་སྦྱར་དུ་ཡོད་དོ། །དྷཱི་ཞེས་པ་བློ་ལ་འཇུག་ལ་འཇམ་དབྱངས་ཀྱི་ས་བོན་ཡིན་ནོ། །དྷཱི་ཡིག་གིས་དེ་ཁོ་ན་ཉིད་དམ་སྤྲོས་བྲལ་རྟོགས་པའི་བློའམ་མཁྱེན་པའམ་གཟུངས་མཚོན་པའོ།། མཉྫུ་གྷོ་ཥཿའཇམ་དབྱངས། མཉྫུ་ཤྲཱི། འཇལ་དཔལ།ༀ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་ཞེས་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཞེས་པ་དང་། ཝཱ་གཱི་ཤྭ་རཿཞེས་པ་ནི། ངག་གི་དབང་ཕྱུག་གམ་གསུང་གི་དབང་ཕྱུག་ཅེས་པའོ། །དེ་ནི་འཇམ་པའི་དབྱངས་ཀྱི་མིང་གི་རྣམ་གྲངས། མུཾ་ཞེས་པ་གྲོལ་བའོ།།ཨོཾ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རི་མུཾ་སྭཱ་ཧཱ། ཞེས་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་གསུངས་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་སྔགས་ཡིན་ནོ།། རིགས་ལྡན་པདྨ་དཀར་པོའི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ལས། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བ་ལ་སོགས་པ་ནས། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན། ཞེས་གསུངས་པ་ལྟར་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ལ་སྦྱར་ཚུལ་དང་། ཡང་དེ་ལས། ཨ་དེས་སྤྲོས་པ་དང་གྲགས་པ་དང་བྲལ་བའི་ཆོས་ཉིད་མ་བཅོས་པ་མི་འགྱུར་བའི་ཡེ་ཤེས་སུ་གོ་བས་ཟབ་པའི་ལམ་བསྟན་པའོ། །དེ་ཡང་འོག་ན། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་འབྱུང་ངོ་། །ཞེས་གསུངས་པས་སྤྲོས་བྲལ་འོད་གསལ་བའི་ཆོས་ཉིད་མ་བཅོས་མི་འགྱུར་བའི་ཡེ་ཤེས་གཞན་སྟོང་ཟབ་མོ་སྦྱར་ཚུལ་དང་། ཡང་དེ་ལས། སྔགས་འདི་རྣམས་བརྡ་ཡིན་པས་དོན་རྣམས་མཚོན། ས་བོན་ཡིན་པས་ལྷ་རྣམས་བསྐྱེད། སྲོག་བསྐུལ་བ་ཡིན་པས་སྙིང་པོ་ཟློས། བསྒོམ་བྱ་ཡིན་པས་ཐུགས་ཀར་གནས་པའོ། །སྔགས་དེ་དག་དོན་མཚོན་བྱེད་དང་ས་བོན་དང་། སྙིང་པོ་དང་། བསྒོམ་བྱ་ཡིན་པར་གསུངས་སོ། །རྒྱས་པར་སྒྱུ་འཕྲུལ་དྲ་བའི་རྒྱུད་དང་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དག་ལས་ཤེས་པར་བྱའོ། །


གསུམ་པ་ཕན་ཡོན་ནི། དེ་ལྔའི་དོན་དང་འབྲེལ་བའི་ཕན་ཡོན་ནི། འདི་ལྟ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོའི་རྒྱུད་ལས། ཨ་ར་པ་ཙ་ན་ཞེས་བྱ་བ་སྟེ། འདོད་པ་ཐམས་ཅད་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་འདོད་པ་དང༌། ཆགས་པ་དང༌། དོན་དམ་པ་དང༌། སྤྱོད་པ་དང༌། རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམས་ཏེ་བསྒྲུབས་ན་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ། དེ་བས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་འཛིན་ཀྱང་མྱུར་དུ་ཐོབ། ཞེས་དང་། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ་ལས། དོན་དེ་ལྔ་བསྡུས་ཏེ་བསྟན་པ་འདོད་ཆགས་དམ་པ་ཞེས་བྱ་བ་དག་གོ། །དེ་དག་བསྒྲུབས་ན་བྱང་ཆུབ་ཀྱི་སེམས་དང་འཇིག་རྟེན་པའི་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། ། །འདོད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྣོད་ཡིན་ཏེ་ཞེས་པ་བྱང་ཆུབ་ཀྱི་སེམས་ས་བཅུའི་རིམ་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྣོད་དམ་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་ཀྱང་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་པ་འདིའི་སྐབས་སུ་འཇམ་དཔལ་ཉིད་ལ་བྱ་སྟེ། ཡེ་ཤེས་ཀྱི་མཚན་མ་རལ་གྲི་ལ་སོགས་པ་འཛིན་པའི་ཕྱིར་རོ། །དེ་ནས་ཕྱག་རྒྱ་འཛིན་པ་བསླབ་པོ་ཞེས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་བཞི་བསླབ་བོ། །སྤྲོས་པ་མེད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ཚིག་དང་དོན་སྣ་ཚོགས་སུ་སྤྲོས་པ་མེད་པའི་དོན་སྟོན་པའི་དཀྱིལ་འཁོར་བས་ན་སྤྲོས་པ་མེད་པའི་དཀྱིལ་འཁོར་ཞེས་བྱའོ། །ཞེས་གསུངས་སོ། །སྨྲས་པ།
སྤྲོས་བྲལ་གདོད་མའི་གཟུངས་ཀྱི་སྒོ། །
རྒྱལ་ཀུན་མཁྱེན་རབ་གཅིག་པའི་ལྷའི། །
སྙིང་པོ་ཅུང་ཟད་བཀྲལ་བ་དེས། །
འགྲོ་ཀུན་ཡིད་ཀྱི་མུན་སེལ་ཤོག །
ཅེས་པ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་འཇམ་པའི་དབྱངས་ཀྱི་སྙིང་པོའི་དོན་མདོ་བརྒྱུད་ལས་གསུངས་བའི་ལུང་འགའ་ཞིག་བསྡུས་ནས་བཀོད་པའོ།།

ཨ་ར་པ་ཙ་ནའི་སྔགས་དོན་མདོར་བསྡུས། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས།༡ འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །ཅེས་པ་ལྟར་ཨ་ར་པ་ཙ་ན་དྷཱི་ནི། འགྲོ་བ་སྨིན་པར་བྱེད་པའི་བློ་ཞེས་པའོ། ། དེ་ཡང་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྒྲིབ་གཉིས་སྦྱངས་ནས་སྤངས་རྟོགས་ཀྱི་ཡོན་ཏན་བསྐྱེད་པར་བྱེད་པའི་བློ་ཡིན་པའི་དོན་ནོ། །དྷཱི་ཡིག་གིས་དེ་ཁོ་ན་ཉིད་དམ་སྤྲོས་བྲལ་རྟོགས་པའི་བློའམ་མཁྱེན་པའམ་གཟུངས་མཚོན་པའོ།།
༢ ཨ་ར་པ་ཙ་ན་ཞེས་པས་སྤྲོས་པ་མེད་པའི་དོན་བསྟན་ཏེ། ཇི་སྐད་དུ། རྒྱ་གར་སྐད་དུ། །ཨ་ར་པ་ཙ་ན། ཞེས་པ་ནས། བོད་སྐད་དུ། སྤྲོས་པ་མེད་པའི། ཞེས་སོགསདང་། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ་ལས། སྤྲོས་པ་མེད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ཚིག་དང་དོན་སྣ་ཚོགས་སུ་སྤྲོས་པ་མེད་པའི་དོན་སྟོན་པའི་དཀྱིལ་འཁོར་བས་ན་སྤྲོས་པ་མེད་པའི་དཀྱིལ་འཁོར་ཞེས་བྱའོ། །ཞེས་གསུངས་སོ།། སྤྲོས་བྲལ་རྟོགས་པའི་གཟུངས་ཀྱི་སྒོ་དྲན་པ་དང་ཤེས་རབ་ཀྱི་ཡེ་ཤེས་སམ་བློ་ཞེས་པ་ཡིན་ཏེ། འབུམ་པ་རྒྱ་ཆེར་འགྲེལ་ལས། ཨ་ར་པ་ཙ་ན་ཞེས་བྱ་བ་ཡི་གེ་འབྲུ་རེ་རེའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་རྟོགས་པར་འགྱུར་བའི་ཤེས་རབ་དང་དྲན་པའི་གཟུངས་སྐྱེ་བར་འགྱུར་བའི་སྒོ་ཡིན་པར་བསྟན། ཞེས་གསུངས་སོ།།
༣ སྤྱིར་ཨོཾ་ནི་ཡི་གེ་ཐམས་ཅད་ཀྱི་མགོ་འདྲེན་ལྟ་བུ་ཡིན་ཏེ། སློབ་དཔོན་ཆེན་པོ་ཌྷཾ་ཀ་དཱ་ཤས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས། རྡོ་རྗེ་གསུམ་ཐ་དད་པ་མེད་པ། ཨོཾ་ཡིག་སྔགས་ཐམས་ཅད་ཀྱི་དང་པོར་བརྗོད་པར་བྱ་སྟེ། གང་གི་ཕྱིར་སྔགས་ཀྱི་ཚིག་ཐམས་ཅད་ཀྱི་དང་པོར་ཨོཾ་ཡིག ཅེས་གསུངས་ལ། ཨོཾ་ཡིག་གིས་སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་ཅན་ཡིན་པར་བསྟན་ཏེ། རྒྱུད་ལས། ཨ་ཡིག་གསུང་ཞེས་བརྗོད་པ་སྟེ། །ཨུ་ཡིག་སྐུ་རུ་བརྗོད་པར་བྱ། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་གསུམ་གྱི་ཚུལ་གཅིག་ཨོཾ། །ཞེས་གསུངས་སོ། ། ཨ་ཞེས་པས་འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ་ལས།ཨ་ཞེས་བྱ་བ་ནི་འདོད་པའོ་ཞེས་ཆོས་ཐམས་ཅད་མ་སྐྱེས་པར་བསྟན་ཏེ། གོང་མ་སྐྱེས་པ་དེ་ནི་བྱང་ཆུབ་སྟེ་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་འདོད་པའོ། །ཞེས་པ་ལྟར་བསྟན་ནོ། །ར་ཞེས་པས་ནི། དེ་ལས། ར་ཞེས་བྱ་བ་ནི་ཆགས་པའོ་ཞེས་བྱ་བ་སེམས་ཅན་སྨིན་པ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །ཞེས་པ་ལྟར་བསྟན་ནོ། །པ་ཞེས་པས་ནི། དེ་ལས། པ་ཞེས་བྱ་བ་ནི་དོན་དམ་པའོ་ཞེས་བྱ་བ་གཟུང་བ་དང་འཛིན་པ་དང་བྲལ་བའི་དོན་སྟོང་པ་ཉིད་དུ་སྟོན་པའོ། །ཞེས་པ་ལྟར་བསྟན་ནོ། །ཙ་ཞེས་པས་ནི། དེ་ལས། ཙ་ཞེས་བྱ་བ་ནི་སྤྱོད་པའོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་དོན་སྟོན་པའོ། །ཞེས་པ་ལྟར་བསྟན་ནོ། །ན་ཞེས་པས་ནི། དེ་ལས། ན་ཞེས་བྱ་བ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་མེད་པ་སྟེ་ཆོས་དང་གང་ཟག་ལ་བདག་མེད་པའི་ཕྱིར་རོ། །ཞེས་པ་ལྟར་བསྟན་ནོ། །ཞེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་བཀོད་པའོ།།

ནང་དོན་ཡོངས་ཁུངས། ཡག་སྨོན་པའི་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།