༄༅།།ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༠༡ དང་། བོད་རྒྱལ་ལོ། ༢༡༥༠ རབ་གནས་ཆུ་ཡོས་ལོའི་ཟླ་ ༥ ཚེས་ ༡༣ རེས་གཟའ་སྤེན་པ། འཕྲོད་སྦྱོར་ས་གཉིས་འཕྲད་པ་དངོས་གྲུབ་སྦྱོར། དངོས་གྲུབ་སྦྱོར་བའི་ཅི་བསམ་འགྲུབ་པའི་ཉིན་༧སྐྱབས་རྗེ་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་བྷེལ་ཟལ་དུ་ཕྱག་ཕེབས་ནས་༼ཇོ་ནང་ཆོས་ཚོགས་དུས་འཁོར་བདེ་ཆེན་གླིང་།༽ཞེས་པའི་ཆོས་ཚོགས་གསར་པ་ཞིག་སྒོ་འབྱེད་ཀྱི་བཀྲ་ཤིས་རྟེན་འབྲེལ་མཛད་སྒོ་གནང་ཡོད་འདུག
དེ་ཡང་དད་ལྡན་སློབ་མ་རྣམས་ཀྱིས་ཕེབས་བསུ་བཅས་དབུ་མཛད་ཀྱིས་གང་སེར་མ་སོགས་ཀྱི་དབུ་བསྐུལ་ཏེ་བཀྲ་ཤིས་པའི་ཤིས་བརྗོད་གསུང་བཞིན་སྒོ་འབྱེད་ཚོན་ཐག་བཅད་དེ་སྒོ་འབྱེད་སོགས་ཆོས་ཚོགས་ཀྱི་ཞལ་བྱང་དབུ་འབྱེད་ཀྱིས་བཀའ་དྲིན་བསྩལ་གནང་འདུག
དེ་བཞིན་༧སྐྱབས་རྗེ་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་སྤྱིར་ཆོས་ཚོགས་ཞེས་པའི་གོ་དོན་དང་ཆོས་ཚོགས་ཀྱི་དགོས་དམིགས་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་མཐར་ཆོས་ཚོགས་ཀྱི་རྟེན་རྣམས་ལ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རབ་གནས་འགྲོ་ཕན་རྒྱས་བྱེད་ལས་ཁོལ་དུ་ཕྱུང་བ་རབ་གནས་རྟ་ཐོག་མའི་ཆོ་གའི་ཐོག་ནས་རབ་གནས་མཛད་པ་དང་སློབ་ཚོགས་ནས་བཀྲ་ཤིས་པའི་གླུ་གར་གྱི་མཐའ་བརྒྱན་པ་བཅས་མཇུག་ལེགས་པར་གྲུབ།