བསེ་འཇམ་ཁོའམ་འཇམ་དབྱངས་ཤེས་རབ།
མཚན་དང་དཔེ་བྱད་བཟང་བོས་བརྒྱན་པའི་སྐུ།།
ཡན་ལག་དྲུག་ཅུའི་དབྱངས་སྙན་སྒྲོགཔའི་གསུང་།།
མཁྱེན་དང་བརྩེ་བའི་ཡོན་ཏན་མི་ཟད་ཐུགས།།
ལྷ་ཡི་ལྷར་གྱུར་ཞབས་ཀྱི་པདྨོར་འདུད།།
ཀུན་གཞི་འཁོར་འདས་ཀུན་གྱི་རྟེན་ཡིན་ལ།།
དེ་ཡོད་མྱ་ངན་འདས་པ་ཐོབ་འགྱུར་བས།།
ངེས་དོན་རྒྱལ་བའི་གསུང་རབ་ལ་བརྟེན་ནས།།
ཀུན་གཞི་ཁས་ལེན་རིགས་ཚུལ་མདོ་ཙམ་བཤད།།
ཅེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་དེས་རྗེས་འཇུག་གི་ཚད་མའི་སྐྱེས་བུ་རྣམས་ཀྱི་གསུང་རབ་ལ་བརྟེན་ནས་ཀུན་གཞི་ཁས་ལེན་རིགས་པར་བཤད་པ་ལ་དང་པོ་དམིགས་པ། རྣམ་པ། གྲོགས། ངོ་བོ་སྟེ་བཞིའི་སྒོ་ནས་བཤད་པར་བྱ་སྟེ།
དམིགས་པ་ཆོས་ཀུན་ལ་དམིགས་པ་ཡིན་ཏེ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་དབུ་མའི་མན་ངག་ཁྱད་འཕགས་ལས་དམིགས་པ་ཀུན་ལ་དམིགས།། ཞེས་གསུངས།
རྣམ་པ་སྣོད་བཅུད་དེ་དག་སྣང་ཡང་རང་གིས་ཀྱང་མི་ངེས་ལ་རྗེས་སུ་ངེས་པ་ཡང་འདྲེན་མི་ནུས་པས་རྣམ་པ་མི་གསལ་བ་ཡིན་ཏེ། དེ་ཉིད་ལས་རྣམ་པ་མི་གསལ་དམིགས་པ་ཀུན་ལ་དམིགས།། ཞེས་གསུངས།
གྲོགས་ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་སྟེ་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པ་ཡིན་ཏེ། སུམ་ཅུ་པར་རྟག་ཏུ་རེག་དང་ཡིད་བྱེད་པ།། རིག་དང་འདུ་ཤེས་སེམས་པར་ལྡན།། ཞེས་དང་།
ངོ་བོ་མ་སྒྲིབ་ལུང་མ་བསྟན་ཡིན་ཏེ། སུམ་ཅུ་པར་དེ་ནི་མ་སྒྲིབ་ལུང་མ་བསྟན་།། རེག་ལ་སོགས་པའང་དེ་བཞིན་ནོ།།
གཉིས་པ་ལུང་ཚད་མ་གང་ལ་བརྟེན་ནས་ཀུན་གཞི་ཁས་ལེན་རིགས་པར་བྱ་བ་ཡིན་ཞེ་ན། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང་། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རླབས་བདུན་རྣམས་དང་ལྷན་ཅིག་གནས། །ཞེས་དང་། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཅན་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་ནི། །དམ་པ་རྣམས་ལ་ངས་བཤད་དོ། །ཞེས་དང་། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང་། ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་། །ཞེས་དང་། འཕགས་པ་ཐོག་མེད་ཀྱིས་མཛད་པའི་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་ནི། རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་མེད་ན་གནས་ངན་ལེན་མི་སྲིད་པ་དང་། དང་པོ་འཇུག་པ་མི་སྲིད་པ་དང་། གསལ་བར་འཇུག་པ་མི་སྲིད་པ་དང་། ས་བོན་ཉིད་མི་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་ཚོར་བ་མི་སྲིད་པ་དང་། ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སུམ་ཅུ་བ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི།། རྣམ་སྨིན་ས་བོན་ཐམས་ཅད་པ།། ཞེས་དང་། དེ་བཞིན་དུ་བོད་ཡུལ་འདིར་དབུ་མ་གཞན་སྟོང་གི་ཤིང་རྟའི་སྲོལ་རྒྱ་ཆེར་འབྱེད་པ་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་མཛད་པའི་བཀའ་བསྡུ་བཞི་བ་ལས། ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང་།། ཡང་དེ་ཉིད་ལས། ཀུན་གཞི་རྣམ་ཤེས་མ་སྒྲུབ་ལུང་མ་བསྟན།། གློ་བུར་དྲི་མས་བསྡུས་པ་ཡིན་ཕྱིར་དང་།། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མ་ལས། འཁོར་བ་ཇི་སྲིད་འཇུག་པའི་ཤེས་པ་དང་།། འཁོར་དང་ལམ་གྱི་གཞིར་འགྱུར་ཀུན་གཞི་སྟེ།། ཇོ་ནང་ལོ་ཙཱ་བ་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྟེན་ཡིན་པས་འཁོར་བའི་གཞི་བྱེད་ཅིང་། ཐོས་སོགས་དགེ་བའི་བག་ཆགས་ཀྱི་རྟེན་ཡིན་པས་མྱ་ངན་ལས་འདས་པའི་གཞིའང་བྱེད་པའི་ཕྱིར་དང་། ཞེས་སོགས་ཀུན་གཞི་ཡོད་པའི་མདོ་དང་རྒྱ་གཞུང་ད་དུང་ཇོ་ནང་རང་གི་ཡིག་ཆ་ན་ཧ་ཅང་མང་བོ་ཡོད་པས། ཐམས་ཅད་དགོངས་པ་གཅིག་དབྱངས་གཅིག་ཡིན་པས་སོ།། ཀུན་གཞི་མེད་པར་འདོད་པ་ལ་རིགས་པའི་གནོད་བྱེད་ཡོད་པར་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མའི་རབ་བྱེད་བཞི་བའི་སྐབས་སུ་རིགས་པའི་གནོད་བྱེད་མང་དུ་གསུངས་ཡོད་པས་མོས་པ་ཅན་དག་གིས་དེ་ལ་གཟིགས་པར་འཚལ།
གསུམ་པ་ཕྱོགས་སྔ་འགོད་པ་ནི། ཕྱོགས་སྔ་དག་གིས་ཀུན་གཞི་ཁས་ལེན་རིགས་པར་བྱ་མ་ཡིན་ཏེ། རྣམ་བཤད་དགོངས་པ་རབ་གསལ་ལས། ཀུན་གཞི་ཁས་མི་ལེན་ཀྱང་བག་ཆགས་ཀྱི་གཞི་འཇོག་པ་ནི་ཞེས་ས་བཅད་དང་བཅས་དེ་བཞག་ནས་ཀུན་གཞི་ཁས་མི་ལེན་ཚུལ་མང་དུ་གསུངས་ཡོད་ལ། དེ་ནང་བཞིན་དུ་དེའི་རྗེས་འཇུག་གི་ཡིག་ཆ་ཡོངས་གྲགས་སུ་ཀུན་གཞི་ཁས་མི་ལེན་པ་ཡིན་ནོ།།
བཞི་བ་དོགས་པ་བརྗོད་པ་ནི། འོ་ན་ཕྱོགས་སྔ་དག་གི་ལུགས་ལ་གོང་ནས་དྲངས་པའི་ཆོས་མངོན་པའི་མདོ་དང་མདོ་སྡེ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། རྣམ་པར་གཏན་ལ་དབབ་པ་བསྡུ་བ། སུམ་ཅུ་བ་རྣམས་ནི་སེམས་ཙམ་པའི་གཞུང་ཡིན་པས་སྒྲ་ཇི་བཞིན་དུ་ཁས་ལེན་མི་རིགས་པ་དང་། མ་ཟད་དེ་དག་སེམས་ཙམ་པའི་གཞུང་ཡིན་པའི་རྒྱུ་མཚན་ནི། ངོ་བོ་ཉིད་གསུམ་དང་ཀུན་གཞི་བསྟན་པས་སེམས་ཙམ་པའི་གཞུང་ཡིན་ཟེར་ན། འོ་ན་ཐེག་དམན་གྱི་སྡེ་སྣོད་རྣམས་ཀྱང་སེམས་ཙམ་པའི་གཞུང་ཡིན་པའི་ཐལ་བ་ཡོད་དེ། ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་ཀུན་ལ་གྲགས་པའི་གཅིག་ལས་འཕྲོས་པའི་ལུང་། དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་ལས། སྐྱེས་བུ་ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་ཀུན་ཏུ་དགའ་བ། མངོན་པར་དགའ་བ། ཡང་དག་པར་དགའ་བ། དེ་སྤངས་པའི་ཕྱིར་ཆོས་བསྟན་ན་རྣ་བ་གཏོད་ཅིང་སེམས་འཇོག་ལ། ཆོས་སྒྲུབ་སྟེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་འབྱུང་ངོ༌། །ཞེས་དང་། དགེ་འདུན་ཕལ་ཆེན་པའི་སྡེ་བ་རྣམས་ཀྱི་ལུང་ལས་ཀུན་གཞི་ལས་རྩ་བའི་རྣམ་པར་ཤེས་པ་ཞེས་གསུངས་པས་ཐེག་དམན་སྡེ་སྣོད་ཀྱི་སྐབས་སུ་ཀུན་གཞི་མང་དུ་གསུང་ཡོད་པས་སེམས་ཙམ་པའི་གཞུང་དུ་འགྱུར་མིན་དང་། དེ་བཞིན་དུ་གོང་དུ་དྲངས་པའི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་གཞུང་དག་སེམས་ཙམ་པའི་གཞུང་ལ་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་འཕགས་པ་ཐོགས་མེད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པས་སེམས་ཙམ་པའི་གཞུང་ལ་ངོས་འཛིན་གནང་ཀི་ཡོད་ཟེར་ན། དེ་ཡང་མི་འཐད་དེ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་ཐོགས་མེད་བཞག་པ་ནི་རྣམ་པར་བརྟག་ན་ཧ་ཅང་མི་འཐད་དེ། སེམས་ཙམ་པའི་སློབ་དཔོན་ནི་འཕགས་པ་ཐོགས་མེད་མ་བྱོན་གོང་དུ་ནས་སློབ་དཔོན་ཨ་བི་ཏརྐ་སོགས་སློབ་དཔོན་ལྔ་བརྒྱ་བྱུང་བ་ཡིན་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྤྱོར་ལས། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གཱ་རྫུ་ནའི་སྔ་རོལ་བྱུང་བའི་ཕྱིར་རོ།། དེས་ན་བཙུན་པ་ཆེན་པོ་ཨ་བི་ཏ་རྐ་དང་། ཛྙ་ན་ཏ་ལ་སོགས་པ་རྣལ་འབྱོར་བའི་སློབ་དཔོན་ལྔ་བརྒྱ་བྱུང་བ་གྲགས་པ་ལྟར་ཡིན་པར་མངོན་ནོ།། ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས། འོ་ན་སེམས་ཙམ་པ་སྲོལ་འབྱེད་ཀྱི་སློབ་དཔོན་གང་ཡིན་ཞེ་ན། སྔོན་གྱི་བཙུན་པ་ཆེན་པོ་ཨ་བི་ཏརྐ་ལ་སོགས་པ་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་དང་། སོགས་ཁོངས་ནས། དེའི་རྗེས་འབྲང་འགའ་ཞིག་དང་། ཕྱིས་སུའང་རྣམ་རིག་ཙམ་དུ་སྨྲ་བ་འགའ་ཞིག་བྱུང་བའི་སྲོལ་ལོ།། ཞེས་བཞེད་དོ།། ཞེས་གསུང་བའི་ཕྱིར་རོ།། དེ་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དུས་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་དག་སྔར་ནས་བྱུང་ཟིན་པ་ཡིན་ཏེ། དགེ་བའི་བཤེས་གཉེན་རིན་པོ་ངག་དབང་དངོས་གྲུབ་དཔལ་གྱིས་མཛད་པའི་དྲང་ངེས་ལེགས་པར་ཕྱེ་བ་རྒྱལ་བའི་དགོངས་པ་ལས། སེམས་ཙམ་པའི་ཤིང་རྟའི་སྲོལ་འཕགས་པ་ཀླུ་སྒྲུབ་ཀྱི་དུས་སུ་སྔར་བྱུང་ཟིན་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཙམ་པའི་ལུགས་ལ་དགག་པ་མཛད་པའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། རྣམ་པར་ཤེས་པ་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པའི་བསྟན་པ་གང་མཛད་པ། །བྱིས་པ་རྣམས་ཀྱིས་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་དང་། ཞེས་གསུངས་བའི་ཕྱིར་རོ།། དེས་ན་འཕགས་པ་ཐོགས་མེད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་མ་ཡིན་པ་ཧ་ཅང་མངོན་ནོ།། དེ་བཞིན་དུ་གོང་དུ་དྲང་བའི་སུམ་ཅུ་བའི་ལུང་དེ་ཡང་སྒྲ་ཇི་བཞིན་དུ་ཁས་ལེན་རིགས་པར་བྱ་བ་མ་ཡིན་ཏེ། སུམ་ཅུ་བ་སེམས་ཙམ་པའི་གཞུང་ཡིན་པའི་ཕྱིར་ཟེར་ན་དེ་ཡང་ཧ་ཅང་མི་འཐད་དེ། སུམ་ཅུ་བ་སེམས་ཙམ་པའི་གཞུང་མ་ཡིན་ཏེ། སུམ་ཅུ་བའི་སྐབས་སུ་སེམས་ཙམ་པའི་འདོད་པ་མི་མཐུན་པ་མང་དུ་གསུངས་ཡོད་དེ།། ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་མེད། །གནས་ཀྱང་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པའོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་བརྟན། །དེ་ནི་བདེ་བ་རྣམ་གྲོལ་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། ། ཞེས་པའོ། །འདིར་སེམས་མེད་མི་དམིགས་པ་ཞེས་པ་ཡང་སེམས་ཙམ་པ་སེམས་རྣམ་ཤེས་དོན་དམ་དུ་ཡོད་པར་འདོད་པ་དང་འགལ་ཞིང་། ཟག་པ་མེད་པའི་དབྱིངས་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། དོན་དམ་པའི་དགེ་བ་དང༌། ཆོས་ཉིད་མི་འགྱུར་ཞིང་བརྟན་པ་དང༌། དོན་དམ་གནས་ལུགས་ལ་བདེན་པ་དང༌། གདོད་ནས་རྣམ་པར་གྲོལ་བའི་སྐུ་དང༌། ཐུབ་པ་ཆེན་པོ་ཆོས་སྐུ་དང་དབྱེར་མེད་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་ཀྱང་རྣམ་ཤེས་ཀྱི་ཆོས་ལས་ཤིན་ཏུ་འདས་པའི་ཕྱིར་སེམས་ཙམ་པ་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ། གྲུབ་ནི་དེ་ལ་སྔ་མ་བོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་པ་ལ་སོགས་པས་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་དུ་གསུངས་པ་ཡང་གཉིས་མེད་ཡེ་ཤེས་ཡིན་པའི་ཕྱིར། རྣམ་ཤེས་ཀྱི་ཆོས་ལས་ཡང་དག་པར་འདས་པ་ཡིན་ནོ། །དེ་ལྟ་བས་ན་གཞུང་འདིར་སེམས་ཙམ་སྟོན་མོད་ཀྱི་མཐར་ནི་དེ་ལས་ཤིན་ཏུ་འདས་པ་སྟོན་པའི་ཕྱིར། སེམས་ཙམ་གྱི་རང་གཞུང་ཉིད་དུ་ཕབ་ན་རྩོམ་པ་པོའི་དགོངས་པ་དང་མི་མཐུན་ནོ། །ཞེས་གསུངས་བའི་ཕྱིར་རོ།། དེས་ན་དོན་དམ་གནས་ལུགས་བདེན་པ་དང༌། གདོད་ནས་རྣམ་པར་གྲོལ་བའི་སྐུ་ལ་སོགས་པ་བསྟན་ན་རྣམ་པར་ཤེས་པའི་ཆོས་ལས་འདས་པ་ཡིན་ཏེ། མཇམ་དཔལ་མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་གསུངས་བའི་ཕྱིར་རོ།། དེ་ལས་གཞན་ཡང་ཕྱོགས་སྔ་དག་གི་ལུགས་ལ་ཀུན་གཞི་མི་འདོད་པའི་རྒྱུ་མཚན་ནི། གལ་ཏེ་ཀུན་གཞི་འདོད་ན་རང་མཚན་གྱིས་གྲུབ་པར་འདོད་པ་ལ་ཐུག་ཡོད་པར་སྣང་སྟེ། པཎ་ཆེན་བསོད་ནམས་གྲགས་པ་མཆོག་གི་དབུ་མའི་སྤྱི་དོན་ལས། དེ་ཡང་ཀུན་གཞི་རྣམ་ཤེས་མི་འདོད་པ་རང་མཚན་གྱིས་གྲུབ་པ་མེད་པ་ལ་ཐུག་སྟེ། རང་མཚན་གྱིས་གྲུབ་པ་ཁེགས་པས་གཏགས་པའི་ང་ཙམ་ལས་ཀྱི་བག་ཆགས་བསྒོ་བའི་གཞིར་འཇོག་ཐུབ། དེ་ཐུབ་ན་ཀུན་གཞི་ཁས་ལེན་དོན་མེད་པའི་ཕྱིར། ཞེས་གསུང་པས་ངེས་པར་དུ་ཀུན་གཞི་ཁས་ལེན་པ་ལ་རང་མཚན་གྱིས་གྲུབ་པ་ཁས་ལེན་དགོས་པའི་གནད་གང་ཡིན་སོགས་ལ་དཔྱད་པར་འཚལ་ལོ།།
སྨྲས་པ།
བདག་བློའི་ཤེས་རབ་ཁབ་མིག་ཙམ་ཡིན་པས།།
ལྷག་ཆད་སྐྱོན་དག་མང་བོ་མཆིས་ན་ཡང་།།
དགེ་སེམས་ལྷག་བསམ་གཙང་མའི་བྲིས་གྱུར་བས།།
འདིས་ཀྱང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་རྒྱ་དྲུག་ཅུ་ལོན་པའི་རྗེས་དྲན་དུ་བྲིས་པའོ།།
ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།