བརྡ་སྤྲོད་རིག་པའི་དཔྱད་གླིང་།

བརྡ་སྤྲོད་རིག་པའི་དཔྱད་གླེང་།


བསེ་ཀུན་དགའ་ཚོཊ་མཆོག

སྔོ་མེར་ཀློང་ཆེན་བྲི་བའི་གཤོང་ནས་མངོན་འཕགས་ནགས་གངས་ས་འཛིན་དུ།།
ཨ་ཕོ་སྤྲ་ཡི་མཇུག་མ་ཆད་པའི་དགའ་སྐྱོའི་ཀྱག་ཀྱོག་ལམ་བུའི་སྣེར། །
དབྱངས་གསལ་དབྱངས་ཀྱི་འགྱུར་བ་དྭངས་མོ་གདོང་དྲུག་སྙིང་ལ་འཛུལ་བ་ནས། །
ལུགས་གཉིས་གསེར་ཀྱི་ཤིང་རྟ་འདྲེན་པ་ཟླ་མེད་ཡི་གེའི་འདུ་བྱེད་ཉིད། །


དེ་ལ་འདིར་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་བློན། བོད་གངས་ཅན་པའི་བརྡ་སྤྲོད་རིག་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་སློབ་དཔོན་ཐོན་མི་སམ་བྷོ་ཊས་གསར་བཏོད་གནང་བའི་བརྡ་སྤྲོད་རིག་པའི་གཞུང་ལུགས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ལ་ཐོས་བསམ་བྱེད་པའི་གོ་སྐབས་བྱུང་བར་དགའ་བ་དང་སྤྲོ་བའི་སེམས་བྱུང་གིས་ཀུན་ནས་བསླངས་ཏེ། འདིར་བོད་གངས་ཅན་གྱི་བརྡ་སྤྲོད་རིག་པའི་ནང་ཚན་ལས་བདག་སྒྲའི་སྐོར་ནས་རང་གི་མྱོང་ཚོར་ཙམ་ཅུང་ཟད་ཞུ་ན།


དེ་ཡང་སུམ་ཅུ་བའི་སྐབས་སུ། བདག་སྒྲ་འཆད་པར།
རྩ་བ་ལས།
གང་མིང་གི་ནི་མ་མཐའ་ན། །
པུ་ལིངྒ་ཡི་སྒྲ་མེད་པར། །
དེ་ལ་པུ་ལིངྒ་སྦྱར་ན། །
བདག་པོའི་སར་ནི་ཤེས་པར་བྱ།།ཞེས་དང་།
བློ་གསལ་འཇུག་ངོགས་ལས།
པ་བ་པོ་བོ་ཅན་ལྡན་རྣམས། །
བདག་པོ་སྟོན་བྱེད་བདག་སྒྲ་ཡིན། །ཞེས་དང་།

དེ་ཡང་གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་པའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན་དེ་ལ་པུ་ལིངྒའི་སྒྲ་སྦྱར་བར་བྱས་པས། དེས་བདག་པོའི་དོན་གསལ་བར་ནུས་པའི་ཕྱིར་ན་བདག་པོའི་སར་ཤེས་པར་བྱ་ཞེས་སོགས་ཀྱིས་བདག་སྒྲ་བསྟན་པ་ཡིན་ཞིང་། གོང་གི་རྩ་ཚིག་དེས་བདག་སྒྲ་བསྟན་པ་ལ་འདོད་པ་མི་མཐུན་པ་མེད་ལ། བདག་སྒྲའི་གོ་དོན་ནི། མིང་གང་ཡང་རུང་བའི་མ་མཐའ་ན་པ་པོ་སོགས་ཕྲད་དགུ་བོ་གང་རུང་སྔར་མེད་གསར་དུ་སྦྱར་ཚེ་དངོས་པོའམ་བྱ་བ་དང་ཁྱད་ཆོས་སོགས་གང་ཟག་དེ་ལ་དབང་བའམ་ལྡན་པ་སྟོན་པ་དེ་ཡིན་ལ། སྤྱིར་བཏང་དབུ་ཚད་སོགས་གཞུང་ལུགས་གང་དང་གང་ཡིན་ཡང་མཁས་པ་སོ་སོས་བཞེད་ཕྱོགས་མི་འདྲ་བ་མང་དུ་ཡོད་པ་བཞིན། འདིར་ཡང་། བདག་སྒྲའི་ཕྲད་ལ་གང་གང་འདོད་པའི་ཚུལ་ལ་ནི་མཁས་པ་སོ་སོས་འདོད་ཕྱོགས་མི་འདྲ་བ་མང་བོ་འདུག་པས། ང་ཚོ་ལས་དང་པོ་པ་ཞིག་གིས་ནི་གང་ཞིག་ཡང་དག་པ་དང་། གང་ཞིག་ཡང་མ་དག་པ་ཡིན་པའི་ཁ་ཚོད་མི་ཆོད་ལ་གཏན་ཁེལ་གྱི་འཇུ་ས་བཟུང་ས་ཡང་དག་ཅིག་རྙེད་དཀའ་ཚོད་རེད། འོན་ཀྱང་། ལུང་དང་གླ་ལྤགས་གར་འཐེན་ཟེར་བ་ལྟར་ལུང་དོན་སྣ་ཚོགས་ཀྱིས་སླན་པ་བརྒྱབས་ནས་ཐམས་ཅད་ལ་འགལ་བ་མེད། དག་སྣང་སྦྱོང་དགོས་མང་བོ་བཤད་པས་ཅི་ཕན་ཟེར་ན་ནི་ཅི་ཆ།

སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས། བ་བོ་མ་མོ་ཅན་ལྡན་རྣམས་བདག་སྒྲར་མི་འདོད་པ་ལྟ་བུར་གསུངས་ཏེ། མུ་ཏིག་འཕྲེང་མཛེས་ས། ག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ། ཞེས་དང་།

ཁ་ཅིག་བ་ཅན་ལྡན་རྣམས་ཀྱང་པུ་ལིངྒའི་སྒྲར་འདོད་པར་སྣང་བ་འཐད་པར་མ་མཐོང་སྟེ། དེ་དག་ལ་བཤད་མ་ཐག་པ་ལྟར་གྱི་པུ་ལིངྒའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པ་སྟོན་པའི་ཆ་ནས་བདག་སྒྲ་དང་མཚུངས་བ་ཡོད་ཀྱང་དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང་། ཞེས་གསུངས།

པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས། ཀུན་བཟང་དགོངས་རྒྱན་ལས། གང་ཡང་རུང་བའི་མིང་གི་མ་མཐའ་ན། པུ་ལིངྒ་སྟེ་པུ་རུ་ཥ་སྐྱེས་པ་དང༌། ལིངྒ་རྟགས་ཡིན་པས། པུ་རུ་ཥའི་རུ་དང་ཥ་ཕྱིས་ནས། པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། །རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ། །པ་བ་པོ་ཅན་གྱི་སྒྲ་ཕོ་རྟགས་སུ་གྱུར་པ་དེ་རྣམས་མེད་པ་དཔེར་ན། རྟ། གསེར། སེ་ར། ལྷ་ས། སྨ་ར། བུམ་པ། ཀ་བ་ལ་སོགས་པའོ། །དེ་དག་ལ་པ་བ་པོ་ཅན་གང་ཡང་རུང་བ་སྦྱར་བས། རྟ་པ། གསེར་པ། སེ་ར་པ། ལྷ་ས་པ། སྨ་ར་ཅན། ཀ་བ་པ། བུམ་པ་བ། མྱོང་བ་པོ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ། །བུམ་པ་དང༌། ཀ་བ་ལྟ་བུའི་པ་དང་བ་ནི། རང་མིང་གི་ཆ་ཤས་སུ་ཐོག་མ་ནས་གྲུབ་པས་བདག་པོའི་སྒྲ་མིན་པ་ནི། པུ་ལིངྒ་ཡི་སྒྲ་མེད་པ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །དེ་ལྟར་པ་བ་པོ་ཅན་གྱི་སྒྲ་ནི་བདག་པོའམ་ལྡན་པའི་དོན་དུ་སྦྱར་ཞིང༌། དེའི་སར་ནི་ཤེས་པར་བྱའོ། །དེ་ལྟར་ཡང་སྨྲ་སྒོ་ལས། པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སོ། །ཞེས་པ་བ་པོ་ཅན་ལྡན་རྣམས་བདག་སྒྲར་འདོད་པ་ཡིན།

དམུ་དགེ་བསམ་གཏན་མཆོག་གི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས། མཁན་སྒྲའང་བདག་སྒྲར་འགྱུར་བ་ཡོད་དེ། དཔེར་ན། ཡིག་མཁན། ཐགས་མཁན། སྒྱུ་མ་མཁན། སྲུང་མཁན། སློང་མཁན། སྦྱིན་མཁན། སྐྱོང་མཁན་ལྟ་བུའོ། །ཞེས་དང་།

དངུལ་ཆུ་ངྷརྨ་བྷ་དྲའི་སི་ཏུའི་ཞལ་ལུང་ལས། པུ་ལིངྒའི་སྒྲ་གསུམ་པོ་གང་རུང་སྦྱར་བ་ན་དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱ་སྟེ། དཔེར་ན། ཇ་པ། ཆང་མ། ཁ་ལོ་བ་ལྟ་བུ་དང་། གཞན་ཡང་གྱོས་པོ། སྒྱུག་པོ། ཟླ་བོ་ཞེས་པ་རྣམས་ཀྱང་རྟགས་གསུམ་སྟོན་པའི་བདག་སྒྲ་ཡིན་ལ། བློ་ལྡན་དང་། ཤེས་ལྡན་ལྟ་བུ་ནི་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་བར་སྣང་ཡང་། སྒྲ་དེ་གཉིས་བེམ་པོ་ལའང་འཇུག་པས་བདག་སྒྲ་དངོས་ནི་མ་ཡིན་ནོ། །ཞེས་སོགས་གསུངས་བས་ཅན་ལྡན་སོགས་བདག་སྒྲར་མི་བཞེད་ཀྱང་། པ་མ་བ་པོ་མོ་བོ་སོགས་བདག་སྒྲར་འདོད་པར་གསུངས་ལ།

དེ་དག་ལས་གཞན་དུ་མཁན་ཞེས་པ་དེ་ཡང་བདག་སྒྲའི་གྲས་སུ་བགྲང་བས་བདག་སྒྲའི་ཕྲད་ལ། པ་པོ་བ་བོ་མ་མོ་ཅན་ལྡན་མཁན་བཅས་ཕྲད་དགུ་འདོད་མཁན་ཡོད་པ་བཞིན། ཕྲན་ཀྱང་ཀྱིས་འདི་དག་ཚང་མ་བདག་སྒྲར་འདོད་པ་ཡིན་ལ། དེ་ལྟར་འདོད་པ་ལ་གནོད་པ་ཅི་ཡང་མ་མཐོང་ཞིང་རིགས་པ་དང་མི་འགལ་བས་ཡིན། དེ་དག་ལས་ཕྱོགས་རེ་བདག་སྒྲར་འདོད་ཀྱང་འགའ་རེ་བདག་སྒྲར་འདོད་ན་གནོད་བྱེད་ཡོད་ཚུལ་རེ་གསུངས་ཀྱང་རྒྱུ་མཚན་ཡང་དག་ཅིག་ཡིན་པར་མི་སེམས་སོ། །

གོང་གི་ཕྲད་དེ་དག་བདག་སྒྲར་འཇུག་པ་ནི་ཡོངས་གྲགས་ཀྱི་དཔེར་མཚོན་འགའ་རེ་དགོད་ན། འབྲོག་པ། གསོལ་ཐབ་པ། ཕྱུག་པོ། མེད་པོ། ཞིང་བ། ཨ་མདོ་བ། རྟུལ་བོ། མཛའ་བོ། ཆང་མ། ཇ་མ། ཤོར་མ། ཉུལ་མ། བཙོན་མ། སྲུན་མོ། དམར་མོ། འཇོན་མོ། གཡུང་མོ། སེམས་ཅན། ཤེས་རབ་ཅན། ཡོན་ཚད་ཅན། ལྷག་བསམ་ཅན། གདུག་རྩུབ་ཅན། ཕྲག་དོག་ཅན། སྙིང་རྗེ་ཅན། སྟོབས་ལྡན། འབྱོར་ལྡན། དཔལ་ལྡན། བརྩོན་ལྡན། རྩོམ་མཁན། འཆད་མཁན། གཏོར་བཤིག་མཁན། བཞེངས་མཁན། འབྲི་མཁན། སྐྱོང་མཁན། ལྟ་བུ། འདི་དག་ནི་བོད་གངས་ཅན་པའི་སྐད་ཆའི་གཞི་རྩའི་རྣམ་གཞག་དང་ཤིན་ཏུ་མཐུན་པར་མ་ཟད། སློབ་དཔོན་ཐོན་མི་སམ་བྷོ་ཊའི་རྩ་བ་སུམ་ཅུ་བའི་དགོངས་དོན་དང་མི་འགལ་བའི་ཕྱིར་ན། འདི་ལྟར་བཀོལ་ན་ཤིན་ཏུ་འགྲིག་པར་སྙམ་ལ། ཡུལ་སྐད་རེ་འགའ་དང་ཕལ་སྐད་རེ་འགའ་གཞིར་བྱས་ནས་དེ་མི་འགྲིག་འདི་ངེས་པར་ཡིན་དགོས་ཟེར་བ་ནི་མ་ངེས་པ་ཡིན་ལ། ཁ་ཅིག་གིས། ཅན་ལྡན་གཉིས་བདག་སྒྲར་མི་འདོད་པའི་རྒྱུ་མཚན་ལ། སྒྲ་དེ་བེམ་པོ་ལ་འཇུག་པའི་ཕྱིར་ཞེས་རྒྱུ་མཚན་བཀོད་འདུག་ལ། སྒྲ་དེ་བེམ་པོ་ལ་འཇུག་ན་བདག་སྒྲ་མིན་པར་འགྱུར་ན། མཁས་མཆོག་ཁོང་གིས་བདག་སྒྲར་བཞེད་པའི་པ་དང་པོ་གཉིས་ཀྱང་བདག་སྒྲ་མ་ཡིན་པར་འགྱུར་ཏེ། དེ་གཉིས་བེམ་པོ་ལ་འཇུག་པའི་ཕྱིར་ཏེ། མུན་པ། མེ་ཏོག་མཛེས་པ། ཐག་པ། སྐུད་པ། ནོམ་པ། ཁྲེས་པོ། སྐམ་པོ། འཐུག་པོ། རས་ཡུག་སྔོན་པོ།

དེ་དག་གི་པ་དང་པོ་དག་ནི་བེམ་པོ་ལ་འཇུག་པ་གང་ཞིག་བདག་སྒྲ་མ་ཡིན་པའི་ཕྱིར། གཞན་ཡང་བ་དང་བོ་མ་དང་མོ། ཅན་དང་ལྡན་སོགས་ཀྱང་བེམ་པོ་ལ་འཇུག་པ་ཡོད་དེ། རི་དེ་ཧ་ཅང་མཐོ་བ། གཤོང་དེ་རབ་ཏུ་དམའ་བ། མགོ་བོ། རྒྱུ་ནོར་མང་བོ། ཅ་ལག་རིལ་བོ། ཐག་པ་ཁྲ་བོ། ཟ་མ། རིལ་མ། ཟངས་མ། གཡེར་མ། མཁལ་མ། བ་མོ། ཕྲ་མོ། སོར་མོ། ནུབ་མོ། ཡལ་འདབ་ཅན། ཁང་བ་དར་ལྕོག་ཅན། ལྷ་ཁང་གསེར་ཏོག་ཅན། མེ་ཏོག་ཟེའུ་འབྲུ་ཅན། མེ་ཏོག་འདབ་ལྡན། འབྲུ་ལྡན་ཞིང་། མཛེས་སྡུག་ལྡན་པའི་རི་ལུང་། བསིལ་ལྡན་ལྗོངས། ལྟ་བུ་གོང་གསལ་བདག་སྒྲའི་ཕྲད་དེ་དག་ཚང་མ་བེམ་པོ་ལ་འཇུག་པའི་སྐབས་ཡོད་པ་འདྲ་མཚུངས་ཡིན་པས་ན། ཅན་ལྡན་སོགས་ཅིའི་ཕྱིར་དམིགས་གྱིས་བཀར་ནས་བདག་སྒྲ་མིན་ཟེར་བ་ཡིན། སྨྲ་སྒོ་ལས་གསུངས་བ་བཞིན་བདག་པོའམ་ལྡན་པའི་དོན་དུ་སྦྱར་ན་མི་འགྲིག་གམ། གང་ལྟར་བདག་སྒྲའི་ཕྲད་ལ་པ་པོ་བ་བོ་མ་མོ་ཅན་ལྡན་མཁན་དགུ་བོ་བཞག་ན་མི་མཐུན་པ་མེད་པའི་དབང་དུ་བཏང་ན་ཡང་། ཕྲད་སྦྱོར་ཚུལ་གྱི་ཐད་ལ་མི་མཐུན་པ་འགའ་ཞིག་འདུག་པ་ནི་ལག་ལེན་གྱི་ཚེ་ན་རྙོག་དྲ་ཅུང་ཆེ་བར་སྣང་སྟེ།

པྲ་སྟི་རིན་ཆེན་གྲུབ་མཆོག་གིས། རྟ་པ། གསེར་པ། སེ་ར་པ། ལྷ་ས་པ། ཀ་བ་པ། བུམ་པ་བ། མྱོང་བ་པོ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོ་འམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ། །ཞེས་མཐའ་མེད་མཐར་པ་དང་བ་པོ་རྣམས་ཁྱད་མེད་དུ་སྦྱར་བ་དང་།

བློ་གསལ་འཇུག་ངོགས་སུ། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱོར་བ་འོ། །ཅན་ལྡན་ངེས་མེད་སྐབས་བསྟུན་སྦྱོར། །ཞེས་དང་། བཟོ་བ། སློབ་གྲྭ་བ། ལྟ་བུ་དང་། བྱེད་པ་བོ། གཏོང་བ་བོ། ཞེས་སྦྱར་བ་དང་། ལྷ་ས་བ། སེ་ར་བ། ཡིག་བསྒྱུར་བ། ལྟ་བུ་ཡང་དོན་གྱིས་སྦྱར་དགོས་པར་འདོད་པ་ཡིན་པས་མཐའ་མེད་མཐར་བ་དང་བོ་སྦྱར་དགོས་གསུང་མཁན་སྐོར་ཅིག་ཡོད་ལ།

སི་ཏུ་པཎ་ཆེན་གྱིས། འཁོར་ལོས་བསྒྱུར་བ། ལྷ་ས་བ། སེ་ར་བ་ལྟ་བུ་དུ་མ་བཀོད་པ་རྣམས་ཀྱང་མི་འཐད་ཅིང་འཐད་ལྡན་གྱི་དཔེར་བརྗོད་གཞན་ཡང་དགོད་རྒྱུ་མེད་པའི་ཕྱིར་ཏེ། ཞེས་གསུངས་བ་དང་།

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས། སྐུ་མདུན་པ། གསེར་ཁ་བ། ལྟ་རྟོག་པ། བས་མཐའ་པ། རི་ཁྲོད་པ། གྲོང་ཆོག་པ། ཚོགས་ལངས་པ། ཞེས་པ་ལྟ་བུའི་པ་ཡིག་གི་ཕྲད་སྦྱར་བས་གང་ཟག་ཏུ་གོ་བ་དང་། དཔྱོད་པ་པོ། སྦྱིན་པ་པོ། ཤེས་པ་པོ། འཆད་པ་པོ། གཞུགས་པ་པོ། ཞེས་པ་ལྟ་བུ་པ་སྔོན་མ་མིང་མཐའ་དྲངས་བ་ཙམ་ལས་བདག་པོའི་དོན་སྟོན་མ་ནུས་པས་སླར་ཡང་པོ་ཡིག་ཕྲད་དུ་སྦྱར་བས་གང་ཟག་དུ་གོ་བ་དང་། རྒྱ་གར་པ། སེར་མོ་པ། རྟ་པ། གྲྭ་པ། ཆད་ལྟ་པ། ལྟ་བུ་པ་བཟེད་ཐོབ་པ་ནི། བ་ཡིག་བདག་སྒྲར་མི་བཞེད་པས་ཡིན་ནོ། །ཞེས་གསུངས་བ་དག་ནི་དངོས་གནས་མཁས་པ་སོ་སོའི་བཞེད་པ་མི་འདྲ་བས་དབང་གིས།

ཁ་ཅིག་གིས་ཁྱོད་ཀྱིས། དཔེར་ན་གྲྭ་པ་ཟེར་དགོས་སམ་གྲྭ་བ་ཞེས་བྲི་དགོས། གལ་ཏེ་གྲྭ་པ་ཞེས་མཐའ་གཅིག་ཏུ་བྲི་དགོས་གསུང་ན་ནི། ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱར་བ་འོ། །ཞེས་སོགས་མཁས་པ་མང་བོས་གསུངས་བ་དགོས་མེད་དུ་ཐལ་བ་དང་། དབུས་སྐད་ཆ་མ་འཚལ་ཡང་ཨ་མདོ་བ་བྱིང་གི་སྐད་ལ་གྲྭ་བ་ཟེར་བ་ལས་གྲྭ་པ། ཞིང་པ། ཤར་པ། རོང་པ། མཐའ་པ། འགྲུལ་པ། རྟ་པ། ཞེས་སྐད་གདངས་ལས་མི་ཐོན་པ་མངོན་སུམ་གྱིས་གྲུབ།

འོ་ན་གྲྭ་བ་ཞེས་བྲི་དགོས་རེད་ཟེར་ན་ནི། དབྱངས་ཅན་གྲུབ་པའི་རྡོ་རྗེས། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་མང་དུ་གསུངས་བ་དང་། འབྲོག་པ། ལྟ་བུ་ཡར་གྱུར་བ་ལ་པ་སྦྱར་ན་འགྲིག་ས་མང་བོ་ཡོད་ཀྱང་། མདའ་བ། ཤར་བ། མཐའ་བ། རོང་བ། འགྲུལ་བ། རྟ་བ། གྲྭ་བ། ལྷོ་བ། འགྲིག་འདེད་མཁན་ལ་འགྲིག་བ། འདི་དག་ལ་ནི་བ་ཡིག་ཐོན་པ་ལས་བོད་ཀྱི་སྐད་ཆ་དག་པ་རྣམས་ཀྱི་གདངས་ལ་པ་ཡིག་མི་ཐོན་པ་ཤིན་ཏུ་གསལ། འདི་དག་གི་སྐོར་ལ་མཁས་པ་དག་གིས་རང་རང་ས་ནས་རྒྱུ་མཚན་ཐོར་རེ་བ་རེ་ནི་གསུངས་ཡོད་ཀྱང་། རྒྱུ་མཚན་ཡང་དག་གིས་དེ་ཡིན་འདི་མིན་ཅིག་ལར་ནས་བསྙད་མ་བྱུང་ལ། རང་གིས་ཀྱང་སྟབས་བདེ་བོ་ཞིག་གི་གོ་བ་ལེན་ཐུབ་ཀྱིན་མི་འདག་པས།

དཔྱོད་ལྡན་མཁས་པ་དག་གིས་ཕྱི་རབས་པ་དག་འཇུག་བདེ་བའི་མན་ངག་གམ་ཐབས་ལམ་བཟང་བོ་དང་ཟོར་ཡང་སྤུས་དག་གི་གསུང་གླེང་ཡོད་པའི་རེ་བ་ནན་ཆེར་ཞུ། འདི་ཙམ་ནི་གཞུང་ཆེན་པོ་དག་གི་དཀའ་གནད་ཀྱི་རིགས་གང་ཡང་མ་ཡིན་མོད། ང་ཚོ་ལ་ཧ་ཅང་དགོས་གལ་ཆེ་ཞིང་མེད་དུ་མི་རུང་བ་ནི་ཡི་གེའི་སྦྱོར་བ་ཤིན་ཏུ་དག་པ་འབྱུང་བ་འདི་ཡིན་ལ། དེ་ཡང་འཕྲིན་ཡིག་འབྲི་བྱེད་ཙམ་དང་། རྩོམ་ཡིག་གི་དགོས་མཁོ་ཙམ་ལས་འདི་ལ་གལ་ཆེན་དང་གཙིགས་མཐོང་དེ་ཙམ་མི་བྱེད་པ་ནི་རིག་གཞུང་ལ་དོ་ཁུར་གནང་མཁན་ཞིག་གི་ངོས་ནས་ཧ་ཅང་ནོར་བ་སྟེ། ཡི་གེ་འདི་ནི་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་རྩ་བ་ལྟ་བུ་དང་། དགོས་སུ་ནང་བའི་བསྟན་པ་རིན་པོ་ཆེའི་བླ་དང་སྲོག་ལྟ་བུ་ཡིན་ཏེ།

ཇི་སྐད་དུ།
བསླབ་པ་ཀུན་ཀྱི་གཞི་འཛིན་ཀྱང་། །
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།
མིང་ཚིག་བརྗོད་པ་ཀུན་གཞི།།
ཡི་གེའི་སྦྱོར་བ། ཞེས་དང་།

གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་འབྱུང་ཞིང་།
བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན། ཞེས་དང་།

དཔལ་ཁང་ལོ་ཙཱ་བས།
ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །
དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། །ཞེས་དང་།

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །
དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །
ཞེས་སོགས་འཕགས་བོད་མཁས་གྲུབ་དུ་མའི་ལེགས་བཤད་དང་གནས་ལུགས་ཀྱིས་ཕྱུག་པའི་གསུངས་རླབས་པོ་ཆེ་ཤིན་ཏུ་མང་བོ་བྱུང་བ་དག་ལས་ང་ཚོས་བརྡ་སྤྲོད་པའི་གཞུང་འདི་དག་ལ་འབད་ཅིང་འབུང་དགོས་པ་ནི་གཞར་ཡང་གཟུར་དུ་མེད་པའི་ལས་སུ་བྱ་བ་ཡིན་ནོ། །


སླར་སྨྲས་པ།
མཁྲེགས་པོར་འཛིན་པའི་རྙོག་མ་རབ་དྭངས་དྭངས་བསིལ་སྐད་དང་ཡི་གེའི་རྒྱུན། །
རང་བྱུང་རིག་པའི་བྲག་སྐྱིབས་ལས་འོངས་བརྒལ་བརྟག་རིགས་པའི་འགག་བརྒྱུད་དེ། །
ཁ་བའི་བརྡ་སྐད་རིག་པའི་ཞིང་སར་ལོ་ལེགས་སྙེ་མའི་གསོའི་གྱུར་བ། །
ཀུན་བཟང་དགོངས་ཟབ་མ་དྲོས་ཀློང་དང་དབྱེར་མེད་རོ་གཅིག་ཉིད་གྱུར་ཅིག།

ཕྱི་ལོ2016/4/8ཉིན། བཏགས་པའོ།།


དཔྱད་གཞིའི་ཡིག་ཆ།
སུམ་ཅུ་བ། མཛད་པ་པོ། སློབ་དཔོན་ཐོན་མི་སམ་བྷོ་ཊ།
ཀུན་བཟང་དགོངས་རྒྱན། མཛད་པ་པོ། པྲ་ཏི་རིན་ཆེན་དོན་གྲུབ།
མུ་ཏིག་འཕྲེང་མཛེས། མཛད་པ་པོ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།
གསེར་ཏོག་སུམ་རྟགས། མཛད་པ་པོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།
བློ་གསལ་འཇུག་ངོགས། མཛད་པ་པོ། རྗེ་དམུ་དགེ་བསམ་གཏན།
ལེགས་བཤད་ལྗོན་དབང་། མཛད་པ་པོ། དབྱངས་གྲུབ་པའི་རྡོ་རྗེ།
སི་ཏུའི་ཞལ་ལུང། མཛད་པ་པོ། དངུལ་ཆུ་ངྷརྨ་བྷ་དྲ།

ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།